ལྷན་གཅིག་མི་གནས་འགལ་ལ་དཔྱད་པ།

    རྩོམ་པ་པོ། འཇམ་དབྱངས་མདོ་སྔགས།


ལྷན་གཅིག་མི་གནས་འགལ་ལ་དཔྱད་པ་དགག་སྒྲུབ་རིགས་པའི་འཕྲུལ་འཁོར་ཞེས་བྱ་བ།


                               འཇམ་དབྱངས་མདོ་སྔགས་ཀྱིས་བརྩམས། 


མཐོང་གྲོལ་སྐུ་ལ་རྣམ་གསུམ་གོས་ཀྱིས་མཛེས།།
དགྱེས་འཛུམ་ཞལ་གྱིས་འགྲོ་བའི་ཡིད་སེམས་འདྲེན།།
བྱམས་བརྩེའི་སྤྱན་རས་ཟུམ་མེད་གཟིགས་པ་དེས།།
ཐུགས་རྗེའི་ཕྱག་རིང་གངས་རིའི་ཁོངས་སུ་ཁྱོངས།།


དེ་ལྟར་མཆོད་པར་བརྗོད་པ་སྔོན་དུ་གཏང་ནས་གང་ཞིག་གླེང་བར་བྱ་བ་ནི། སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ཚད་མ་རིགས་གཏེར་ཞེས་བྱ་བ་དེ་ཉིད་ལ་ཡང་རབ་ཏུ་བྱེད་པ་བཅུ་གཅིག་ལས་རབ་བྱེད་དང་པོ་བརྒྱད་ཀྱིས་ཤེས་བྱ་གཞི་ཡི་རྣམ་བཞག་གཏན་ལ་ཕབ་ཅིང་བར་པ་གཉིས་ཀྱིས་ཡུལ་ཅན་ལམ་གྱི་རྣམ་བཞག་གཏན་ལ་ཕབ། ཐ་མས་གཞན་དོན་འཕྲིན་ལས་ཀྱི་ཆ་ལེགས་པར་གཏན་ལ་ཕབ་ནས་ཐར་བ་དོན་གཉེར་གྱི་སྐལ་ལྡན་ལ་དགག་སྒྲུབ་གཉིས་ཀྱི་སྒོ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བར་བསྟན་ཏོ།།

སྐབས་དོན་གང་ཞིག་གླེང་བར་བྱ་བ་ནི།
རྣམ་ངེས་ལས། དེའི་ཕྱིར་སྒྲུབ་པར་བྱེད་པ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ།། ཞེས་དང་། རིགས་གཏེར་ལས། ཆོས་གང་གང་ལ་གནོད་བྱེད་པ། ། དེ་ནི་དེ་ཡི་འགལ་ཟླ་ཡིན།། ཅེས་གསུང་པ་ལྟར་ཆོས་གང་ཞིག ། ཆོས་གཞན་ལ་གནོད་པར་བྱེད་པ་དེ་ཁྱོད་ཆོས་དེ་དང་འགལ་བའི་མཚན་ཉིད་དུ་བཞག་ནས་དེ་ལ་དབྱེ་ན་ལྷན་གཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་གཉིས་སུ་བཞེད་དོ།
འདིར་ཅུང་ཟད་དཔྱད་དུ་ཡོད་པ་ནི་
(༡)ལྷན་གཅིག་མི་གནས་འགལ་གྱི་མཚན་ཉིད་ཀྱི་ཟུར་དུ་ཆོས་གཞན་ཡོད་པ་ལ་གནོད་བྱེད་པ་ཞེས་གསུངས་ན་ཡོད་པ་ལ་གནོད་བྱེད་ཚུལ་ཇི་ལྟར་ཞེ་ན། འགལ་ཟླ་གཉིས་ཀ་དངོས་པོ་མ་ཡིན་ན་ལྷན་གཅིག་མི་འགལ་དུ་མི་འཐད་པས་གཉིས་ཀ་དངོས་པོར་གྲུབ་པ་གང་ཞིག འགལ་ཟླ་ཅིག་ཤོས་གྲུབ་སྟོབས་ཀྱིས་ཅིག་ཤོས་རྣམ་བཅད་དུ་ཁེགས་པ་ལ་ཆོས་གཞན་ཡོད་པ་ལ་གནོད་བྱེད་ཞེས་འཇོག་དགོས་ཏེ། དཔེར་ན་ཚ་རེག་གྲུབ་ན་གྲང་རེག་རྣམ་བཅད་དུ་ཁེགས་པ་དང་། ངེས་ཤེས་གྲུབ་སྟོབས་ཀྱིས་སྒྲོ་འདོགས་ཁེགས་པ་ལྟ་བུའོ།། འོ་ན་སྒྲོ་འདོགས་ངེས་ཤེས་དང་འགལ་བར་འགྱུར་ཏེ། སྒྲོ་འདོགས་གྲུབ་སྟོབས་ཀྱིས་ངེས་ཤེས་ཁེགས་པས་སོ་ཞེ་ན། མི་འགལ་ཏེ། སྒྲོ་འདོགས་ཅན་གྱི་གང་ཟག་ལ་སྔར་ཁེགས་བྱའི་ངེས་ཤེས་མེད་ལ། ངེས་ཤེས་ཅན་གྱི་གང་ཟག་ལ་སྔར་ཁེགས་བྱའི་སྒྲོ་འདོགས་ཡོད་པས་ངེས་ཤེས་ཀྱིས་སྒྲོ་འདོགས་ཁེགས་པའི་གོ་བ་ལྡན་གྱི་སྒྲོ་འདོགས་ཀྱིས་ངེས་ཤེས་ཁེགས་པའི་གོ་བ་མི་ལྡན་པས་མི་འགལ་ལོ།།

དེ་བཞིན་དུ་གྲང་རེག་ཚ་རེག་དང་འགལ་བར་འགྱུར་ཏེ། གྲང་རེག་གྲུབ་སྟོབས་ཀྱིས་ཚ་རེག་ཁེགས་པའི་ཕྱིར། ཞེས་དང་། མུན་པ་སྣང་བ་དང་འགལ་བར་འགྱུར་ཏེ། མུན་པ་གྲུབ་སྟོབས་ཀྱིས་སྣང་བ་ཁེགས་པའི་ཕྱིར་ཞེ་ན། ཀླན་ཀ་འདི་ལ་ཞིབ་ཆ་འདི་ལྟར་ཕྱེ་བར་བྱ་སྟེ། སྤྱིར་གྲང་རེག་ཚ་རེག་དང་འགལ་མི་འགལ་དང་། མུན་པ་སྣང་བ་དང་འགལ་མི་འགལ་སོགས་འདྲི་ན་མགོ་གཉིས་ཀྱི་ལན་འདེབ་པར་བྱ་སྟེ། གྲང་རེག་ཚ་རེག་དང་འགལ་བ་དང་། ཚ་རེག་གྲང་རེག་དང་འགལ་བ། མུན་པ་སྣང་བ་དང་འགལ་བ་དང་། སྣང་བ་མུན་པ་དང་འགལ་བ་ཅི་རིགས་པ་ཡོད་པས་སོ།། ཚ་རེག་སྟོབས་ལྡན་ཚད་མས་ངེས་པའི་གཞིར་ཚ་རེག་གྲང་རེག་དང་འགལ་ཡང་གྲང་རེག་ཚ་རེག་དང་མི་འགལ། སྣང་བ་ཚད་མའི་སྟོབས་ཀྱིས་ངེས་པའི་གཞིར་སྣང་བ་མུན་པ་དང་འགལ་ཡང་མུན་པ་སྣང་བ་དང་མི་འགལ་བའི་གནད་ཤེས་པར་བྱ་ཞིང་། ཚ་རེག་སྟོབས་ལྡན་དང་སྣང་བ་ཚད་མས་ངེས་པའི་གཞིར་ཚ་རེག་དང་སྣང་བའི་སྟོབས་ཀྱིས་གྲང་རེག་དང་མུན་པ་ཁེགས་པར་བྱས་པ་ཡང་ཤེས་སླའོ།།  

གང་གིས་གནོད་བྱ་ནུས་མེད་དུ།། བསྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར།། ཞེས་དང་། དེ་ཡང་རྒྱུན་ཡིན་སྐད་ཅིག་མིན།། སྐྱེད་བྱ་སྐྱེད་བྱེད་ཡིན་ཕྱིར་རོ།། སྐད་ཅིག་མི་འགལ་་་་་་ཞེས་པ་ལས་འཕྲོས་ཏེ། རྒྱུན་ལ་འགལ་བ་འཇོག་ཚུལ་དང་། ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་གནོད་བྱེད་གཉིས་རྒྱུ་འབྲས་ཡིན་ན་ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་གནོད་བྱེད་གཉིས་འགལ་བར་གྲུབ་པས་ཇི་ལྟར་ཞེ་ན། ཚ་རེག་སྟོབས་ལྡན་ཚད་མས་ངེས་པའི་གཞིར་ཚ་རེག་གྲང་རེག་དང་འགལ་ཞེས་རྒྱུན་ལ་ལྟོས་ཏེ་ལྷན་གཅིག་མི་གནས་འགལ་དུ་འཇོག་ལ། དེ་ཡང་ཚ་རེག་སྟོབས་ལྡན་ཚད་མས་ངེས་པའི་གཞིར་ཚ་རེག་གྲང་རེག་སྐད་ཅིག་དང་པོ་ལ་ཕྲད། ཚ་རེག་སྐད་ཅིག་དང་པོས་ལྷན་གཅིག་བྱེད་རྐྱེན་དང་ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་དང་པོས་ཉེར་ལེན་བྱས་པ་ལ་བརྟེན་ནས་སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ། གསུམ་པ་ལ་རྒྱུན་ལྡོག་པ་ཡིན་ནོ།། སྐད་ཅིག་ལ་ལྟོས་ན་རྒྱུ་འབྲས་ཡིན་པས་འགལ་བ་མ་གྲུབ་སྟེ། ཚ་རེག་སྐད་ཅིག་དང་པོ་རྒྱུ་དང་གྲང་རེག་སྐད་ཅིག་གཉིས་པ་འབྲས་བུ་ཡིན་པས་སོ།། གལ་ཏེ་ཚ་རེག་སྐད་ཅིག་དང་པོ་གྲང་རེག་སྐད་ཅིག་གཉིས་པ་དང་འགལ་ཏེ། དེ་ལ་གནོད་བྱེད་པའི་ཕྱིར་ཏེ། ཚ་རེག་སྐད་ཅིག་དང་པོས་གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་སྐྱེས་པའི་ཕྱིར། ཁྱབ་སྟེ། གང་གིས་གནོད་བྱ་ནུས་མེད་དུ།། བསྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར།། ཞེས་གསུངས་པའི་ཕྱིར་སྙམ་ན། ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་དང་པོ་ཡང་གྲང་རེག་སྐད་ཅིག་གཉིས་པ་དང་འགལ་བར་འགྱུར་ཏེ། དེ་ནུས་མེད་དུ་བསྐྱེད་པའི་ཕྱིར་ཏེ། ནུས་མེད་དུ་སྐྱེད་བྱེད་ཀྱི་ཉེར་ལེན་ཡིན་པའི་ཕྱིར་། ཞེས་མགོ་མཚུངས་ཀྱི་རིགས་པ་ཞིག་འབུལ་བར་བྱའོ།། རང་ལ་སྐྱོན་མེད་དེ། ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་ནུས་མེད་དུ་བསྐྱེད་པའི་རྒྱུ་ལ་ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་དུ་འཇོག་དགོས་ཞེས་པའི་དོན་ཡིན་གྱི། དེ་དང་གནོད་བྱེད་དུ་འཇོག་དགོས་ཞེས་པའི་དོན་མིན་པས་ཅི་ཡང་མི་འགལ་ལོ།། གལ་ཏེ་ཚ་རེག་སྐད་ཅིག་དང་པོ་ཆོས་ཅན། གྲང་རེག་སྐད་ཅིག་གཉིས་པ་ལ་གནོད་བྱེད་ཏེ། ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་ཡིན་པའི་ཕྱིར་སྙམ་ན། འགལ་ཁྱབ་བླ་ན་མེད་པའི་ལན་ཞིག་འབུལ་བར་བྱ་སྟེ། ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་ཡིན་ན་དེ་དང་གནོད་བྱེད་ཡིན་པར་འགལ་བའི་ཕྱིར་རོ།། དེས་ན་གནད་ཀྱི་དོན་ནི། ཚ་རེག་སྐད་ཅིག་དང་པོ་དང་གྲང་རེག་སྐད་ཅིག་གཉིས་པ་གཉིས་ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་གནོད་བྱེད་ཡིན་ཡང་གནོད་བྱ་གནོད་བྱེད་དང་འགལ་བ་གང་ཡང་མ་ཡིན་ལ། གནོད་བྱ་གནོད་བྱེད་ནི་བསྐྱེད་བྱ་བསྐྱེད་བྱེད་ཡིན་པས་ཞེས་པ་ལྟར་ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་གནོད་བྱེད་གཉིས་རྒྱུ་འབྲས་སུ་འཇོག་ཤེས་པར་བྱའོ།།

ཡང་གལ་ཏེ་ངེས་ཤེས་སྒྲོ་འདོགས་དང་རྒྱུན་ལ་ལྟོས་ཏེ་འགལ་བ་མ་ཡིན་པར་འགྱུར་ཏེ། ཕྲད་དང་ནུས་མེད་དུ་སྐྱེ་བའི་གོ་རིམ་གསུམ་མ་རྒྱུད་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། ངེས་ཤེས་ཀྱི་དངོས་རྒྱུ་ཡི་དངོས་རྒྱུ་དང་སྒྲོ་འདོགས་གཉིས་སྐད་ཅིག་དང་པོ་ལ་ཕྲད། དེས་ལྷན་གཅིག་བྱེད་རྐྱེན་དང་དེ་དང་ཕྲད་པའི་སྒྲོ་འདོགས་སྐད་ཅིག་དང་པོས་ཉེར་ལེན་ལས་སྐད་ཅིག་གཉིས་པ་ལ་ནུས་མེད་དུ་སྐྱེ། སྐད་ཅིག་གསུམ་པ་ལ་ངེས་ཤེས་སྐྱེས་པ་དང་། སྒྲོ་འདོགས་འགག་པ་དུས་མཉམ་མོ།། འདི་ཡང་སྐད་ཅིག་ལ་ལྟོས་ན་རྒྱུ་འབྲས་དང་། རྒྱུན་ལ་ལྟོས་ན་འགལ་བ་འཇོག་ཚུལ་སྔར་ལྟར་རོ།། འདི་ཉིད་ཀྱིས་རིགས་དགྲེས་ཏེ་ལྷན་གཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱ་གནོད་བྱེད་ཐམས་ཅད་རྒྱུ་འབྲས་དང་། ལྷན་གཅིག་མི་གནས་འགལ་གྱི་འགལ་བ་ཐམས་ཅད་རྒྱུན་ལ་འཇོག་ཚུལ་བློ་ལ་ཞིབ་མོར་ངེས་པར་བྱའོ།། ད་དུང་འགལ་བའི་སྐོར་ནས་རྣམ་བཅད་ཡོངས་གཅོད་ཡིན་ན་དངོས་འགལ་ཡིན་པས་ཁྱབ་མ་ཁྱབ་དང་། འགལ་བ་དེ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པའི་རྟགས་ཡང་དག་ཡོད་ན་དེ་འགལ་ཟླ་དང་རྒྱུད་འགལ་ཡིན་པས་ཁྱབ་མ་ཁྱབ་སོགས་ཀྱིས་མཚོན་ནས་ཚད་མ་རིགས་གཏེར་གྱི་ཕྱི་ནང་བར་གསུམ་ལ་དཔྱད་པ་ཧ་ཅང་བྱེད་དུ་འདུག་མོད་སྐབས་དོན་དེ་ཙམ་གྱིས་འཐུས་པར་བྱའོ།། ཡིད་ཚིམ་པར་བྱའོ།།

སླར་སྨྲས་པ།
བྱམས་དང་སྙིང་རྗེས་ཀུན་ནས་མ་བསླང་པས།།
བརྩམས་པའི་དགེ་བ་གཞན་ལ་སྦྱིན་རྒྱུ་མེད།།
རྫུན་དང་གཡོ་སྒྱུས་འཁྲབ་སྟོན་མ་བྱས་པས།།
བརྩམས་པའི་སྡིག་པ་ལྷ་ལ་འཆགས་དགོས་མེད།།

 (༡)འཇུག་གི་ཚིགས་བཅད་འདི་གཞན་ལས་དྲངས།  ཞེས་པ་འདི་བེའུ་རུ་འཇམ་མདོ་ནས་དབུས་རིགས་གསུམ་དུ་གླིང་དུ་ཟླ་དྲུག་པའི་ཚེས་དགུ་ཉིན་རྫོགས་པར་བྲིས་པའོ།།

                                རྩོམ་སྒྲིག་པ། མྱི་གསར་བ།