སེམས་སེམས་བྱུང་ལ་དཔྱད་པ།

    རྩོམ་པ་པོ། ངག་དབང་བསྟན་འཛིན།


སེམས་སེམས་བྱུང་ལ་དཔྱད་པ་རིགས་པ་འཐད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།


                            ངག་དབང་བསྟན་འཛིན་བརྩམས།


རྒྱ་མཚོའི་རྡུལ་དང་རྒྱུ་སྐར་བགྲང་གྲངས་ཞིབ་མོའི་དོན་ལ་གཞལ་གྱིས་ལོང་འགྱུར་ཞིང་།།
ནམ་མཁའི་དབྱིངས་དང་བསྐལ་བའི་མཐའ་ཡང་རྣམ་པར་བརྟག་ན་དམིགས་སུ་ཡོང་མཆིས་མོད།།
གང་གི་ཡོན་ཏན་རྒྱ་མཚོ་མཐའ་ཡངས་མངོན་འཕགས་ཕྲིན་ལས་འོད་ཐིགས་ཟེགས་མ་རེར།།
གཞལ་དུ་མི་དཔོག་བརྗོད་པར་མི་ནུས་མཚུངས་མེད་འདྲེན་པ་ཉི་མའི་གཉེན་ལ་འདུད།།
 
དམར་སེར་ཐུན་མཚམས་མདངས་ལ་འཁྱུད་པ་ཡི།།
བཅུ་དྲུག་ལང་ཚོ་སྒེག་པའི་རྣམ་རོལ་བ།།
ཕྲིན་ལས་འོད་སྟོང་འབར་བའི་རྟ་ལྗང་ཅན།།
གཟུངས་སྤོབས་བློ་ཡི་སྣང་བ་བསྩལ་དུ་གསོལ།།
 
རྒྱལ་གསུང་བཀའ་ཡིས་ཚད་མར་རབ་བསྔགས་ཤིང་།།
དྲི་མེད་ལུང་དང་རིགས་པའི་ལུས་སྟོབས་རྒྱས།།
ཐུབ་བསྟན་གདུགས་འཛིན་ཐོགས་མེད་ཡབ་སྲས་ཞབས།།
བསོད་ནམས་དད་པའི་གཙུག་ཏུ་ཡང་ཡང་བསྙེན།།
 
ཆོས་ཁམས་རྒྱ་མཚོའི་འཇིངས་ལ་ཞུགས་ཏེ་སྙིང་བོ་དོན་གྱི་རིན་ཆེན་གཏེར།།།
ཡང་དག་ཚད་མ་རྟོན་པ་རྣམ་བཞིས་བཙོ་སྦྱངས་གསེར་གྱི་ཕུང་པོ་ལྟར།།
ཞུན་མར་འཐག་སྟེ་སྨྲ་བའི་མགྲིན་པ་འཁྲོལ་བ་དྲན་དབང་འདུས་པའི་དབུས།།
ལེགས་བཤད་གཏམ་གྱི་པད་ཚལ་བཞད་པ་མཁས་མང་མགུ་བའི་རིན་དུ་ཆེ།།།
 
ཡང་དག་གསུང་རབ་ཟབ་མོའི་གནད་ཀྱི་དོན།།
འཁྲུལ་མེད་དགོངས་པའི་མཐིལ་དུ་ལེགས་ཕབས་ནས།།
དཔྱད་གསུམ་ཚད་མའི་རྒྱན་དུ་བཏེགས་པ་ཡི།།
འདི་ན་ཤེས་རབ་བློ་ཡིས་སྤྲོས་པ་གཤམ།།


དེ་ཡང་འགྲོ་བ་ཡོངས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ།  སྤང་བྱ་ཉེས་སྐྱོན་གྱི་དྲི་མ་མཐའ་དག་བསལ་ཞིང་རྟོགས་བྱ་ཤེས་བྱའི་གནས་ཀུན་ལ་བྱང་ཆུབ་པ། བརྩེ་བ་དང་སྙིང་རྗེ་མཐར་སོན་པའི་ཐུགས་རྗེ་ཆེན་པོ་དང་།  མཁྱེན་རབ་དང་ཐུགས་སྟོབས་བླ་ན་མེད་པ་སོ་སོ་རྣམ་པར་མི་རྟོག་པའི་ཤེས་རབ་ཟུང་དུ་འབྲེལ་ཞིང་།  ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་སྟོན་པ་མཉམ་མེད་དཔལ་རྒྱལ་བ་ཤཀྱྰ་ཐུབ་པ་གང་གིས།  བསམ་ཡས་ཐེག་པའི་ཆོས་ཚུལ་བགྲང་གིས་མི་ལོང་བ་ཞིག  དབང་པོ་རྣོ་རྟུལ་བར་མའི་སྐྱེ་འགྲོ་ཀུན་ཐབས་ལ་བཀྲི་བའི་རིམ་པ་དང་འཚམས་པར་བསྩལད་ཅིང་།   ཇི་སྙེད་བསྩལ་བའི་ཆོས་ཀྱི་སྒོ་མཐའ་དག་ཕྱོགས་སུ་བསྡོམས་ན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་།  བར་པ་མཚན་ཉིད་མེད་པའི་ཆོས་འཁོར།  ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་རིམ་པ་གསུམ་དུ་ཕྱེ་བས་འདུས་ལ།  དེ་དག་ལས་སྤྱིར་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ལ་ལྟ་བའི་མིག་ལྟ་བུ།  ཆོས་རྣམས་ཀྱི་ཆོས་ཀྱི་སྒོ་ཇི་སྙེད་པ་བསྡུས་པའི་ཕུང་པོ་ཆེན་པོ།  བྱེ་བྲག་བཀའ་དང་པོ་དང་ཐ་མའི་དགོངས་དོན་མཐིལ་དུ་བཞེས་ཏེ་བཀྲལ་བའི་བསྟན་ཆོས་ཆེན་པོ་མངོན་པ་ཀུན་ལས་བཏུས་པ་འདི་ཡིན་ལ། བསྟན་བཅོས་ཁྱད་པར་ཅན་འདི་ནི་རྒྱལ་བས་བཀའ་ལུང་ཚད་མས་ཡང་ཡང་བསྔགས་ཞིང་།    རྒྱལ་བ་མ་ཕམ་པའི་སྐུ་གསུང་ཐུགས་ཀྱིས་རྗེས་སུ་བཟུང་ཞིང་མཆོག་དང་དམ་པའི་དངོས་གྲུབ་བརྙེས་པ།  འཕགས་བོད་གཉིས་ན་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་འཕགས་པ་ཐོགས་མེད་ཞབས་ཀྱིས་མཛད་པའི་ཆོས་མ་མོའི་སྡེ་སྣོད་འདི་ཉིད་ལས།   དུ་དང་ཅི་ཕྱིར་ཉེར་ལེན་དང་།  ། མཚན་ཉིད་དེ་ཡི་རྣམ་གཞག་དང་། ། གོ་རིམ་དོན་དཔེ་དབྱེ་དང་། ། བསྡུས་ལ་སོགས་པར་རྣམ་པ་བཞི། ། བསྡུས་དང་མཚུངས་པར་ལྡན་པ་དང་། ། རྣམ་པར་ངེས་པ་བཞིར་དབྱེ་སྟེ། །  བདེན་དང་ཆོས་འཐོབ་འབེལ་གཏམ་ནི། །  རྣམ་པར་ངེས་པའི་དབྱེ་བ་ཡི། །  ཀུན་ལས་བཏུས་པའི་སྤྱི་སྡོམ་ཡིན། ། ཞེས་པ་ལྟར་ཀུན་བཏུས་རྣམ་པ་ལྔའི་སྒོ་ནས་གསུང་རབ་ཀྱི་རྣམ་གྲངས་རྒྱ་ཆེ་བ་དྲི་མ་མེད་པའི་ལུང་རིགས་རྣམ་པར་འཐག་སྟེ་བསྟན་པ་ལས། འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་གཞག་གཏན་ལ་ཕབས་པའི་སྐབས་འདུ་བྱེད་ཀྱི་ཕུང་པོའི་རྣམ་གཞག་ལས་འཕྲོས་ཏེ་སེམས་དང་སེམས་བྱུང་གི་རྣམ་པར་གཞག་པ་ཅུང་ཟད་སྤྲོ་བས་བརྟས་ཏེ་བཤད་པ་ལ་དོན་གསུམ་ཏེ།    སེམས་དང་སེམས་བྱུང་གི་ངོ་བོ་ངོས་གཟུང་བ་དང་།   དེ་
དག་མཚུངས་པ་ལྔ་མཚུངས་བའི་དོན་བཤད་པ་དང་།   གྲུབ་པའི་དོན་ཚིགས་སུ་བཅད་པའི་མཇུག་བསྡུ་བའོ། དང་པོ་ལ་གཞན་གྱིས་བཏགས་པ་རྣམ་པར་སུན་འབྱིན་པ་དང་།   རང་གི་གྲུབ་མཐའ་དགོངས་པའི་མཐིལ་དུ་བཤད་པ།  རྩོད་སྤོང་གི་འཁྲུལ་བ་སེལ་བའི་དོན་བསྟན་པའོ།   དང་པོ།    ཁ་ཅིག སེམས་དང་སེམས་བྱུང་གི་ཁྱད་པར་གཙོ་བོ་ཁྱབ་ཆེ་ཆུང་གིས་འབྱེད་པ་སྟེ།   སེམས་དོན་གྱི་རྣམ་པ་འཛིན་ཡང་ཁྱད་པར་འཛིན་པས་མི་ཁྱབ།  སེམས་བྱུང་དོན་གྱི་ཁྱད་པར་འཛིན་པ་ལ་དོན་ཙམ་འཛིན་པའི་ཁྱབ་པས་མི་མཚུངས་པར་བཤད་པའང་དོན་དུ་མི་གནས་ཏེ།   སེམས་ཀུན་ཀྱང་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པ་བཤད་པས།  དེ་ཙམ་གྱིས་དོན་གྱི་ཁྱད་པར་འཛིན་པར་བཤད་དགོས་ལ།  གལ་ཏེ་དེ་ལས་དོན་གྱི་ཁྱད་པར་འཛིན་པའི་དོན་བཤད་མ་ཐུབ་ན།   དོན་གྱི་ཁྱད་པར་མཐོང་བའི་གཙོ་སེམས་མེད་པར་ཐལ་ལོ། དེ་ཡང་འདོད་ན་རང་གི་འདོད་པ་འཇིག་གོ། །  ཡང་ཁ་ཅིག་སེམས་སེམས་བྱུང་གཉིས་ཀར་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་བས་རྣམ་པ་མཚུངས་པར་བསྟན་ཅིང་། ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་ལུགས་ཐ་དད་པས་མི་མཚུངས་པར་བསྟན་པའོ་ཞེས་པ་ཡང་མི་རིགས་ཏེ།   རྣམ་གཞག་དེ་འདྲ་བྱེད་པ་ནི་ཉི་ཚེ་བའི་རྣམ་གཞག་ཅིག་སྟེ།  རྟོག་མེད་ཀྱི་ངོ་བོར་གྱུར་བའི་སེམས་དང་སེམས་བྱུང་རྣམས་ལ་མ་ཞུགས་པའི་ཕྱིར་རོ།  ཡང་ཁ་ཅིག   དོན་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་པ་དང་།  དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་འཛིན་པ་རིམ་བཞིན་སེམས་དང་སེམས་བྱུང་གི་མཚན་ཉིད་དུ་བཞག་ཅིང་།  དེ་ཡང་རང་སྟོབས་དང་གཞན་སྟོབས་ཀྱི་དོན་འདི་ལྟར།    བློ་དེ་ཡིན་པའི་སྟོབས་ཀྱིས་ཡུལ་གྱི་ལྡོག་པ་དེ་འཛིན་པ་རང་སྟོབས་དང་།   ཤེས་རིག་གཞན་དང་འགྲོག་སྟོབས་ཀྱིས་ཡུལ་གྱི་ལྡོག་པ་འཛིན་པ་གཞན་སྟོབས་ཞེས་གསུངས་པ་སྟེ་དེ་ཡང་མཐར་དེད་ན།  གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་མཐོང་བར་བཤད་པས།  ཤིན་ཏུ་མི་འཐད་དེ་དེ་ལྟར་ན་སེམས་ཀྱིས་དོན་ཙམ་འཛིན་པ་དེ་ཡང་གཞན་སྟོབས་སུ་ཐལ།   ཤེས་རིག་གཞན་དང་འགྲོག་ནས་འཛིན་པའི་ཕྱིར།  ཡང་སེམས་ཀྱིས་དོན་གྱི་ཁྱད་པར་རིག་ན།   ལུང་རིགས་གཉིས་ཀྱིས་གནོད་དེ།  དང་པོ་འགྲེལ་བཤད་ལས་ཙམ་སྨོས་པ་བྱེ་བྲག་སེལ་བའི་སྒྲ་སྟེ་དོན་གྱི་ངོ་བོ་ཙམ་དམིགས་པ་ཡིན་གྱི་ཁྱད་པར་མ་དམིགས་སོ་ཞེས་པ་དང་འགལ་ཞིང་།    རིགས་པ་ནི།    གཙོ་བོ་དབང་ཤེས་ཀྱི་འཁོར་སེམས་བྱུང་ཀུན་འགྲོ་ལྔ་ཕན་ཚུན་གཅིག་གཅིག་ཏུ་ཐལ་བའི་སྐྱོན་དུ་གནས་ཏེ།   དེ་དག་མཚུངས་པ་ལྔ་མཚུངས་ཡིན་པ་གང་ཞིག་ལ།   ཕན་ཚུན་རྣམ་པ་མཚུངས་པའི་དོན་འཛིན་སྟངས་མཚུངས་པ་ལ་བྱེད་པའི་ཕྱིར།  དེ་ཡང་ཞིབ་མོར་བརྟག་ན།   མིག་ཤེས་ཀྱི་འཁོར་གྱི་སེམས་བྱུང་ཀུན་ཀྱང་མིག་གི་རྣམ་ཤེས་སུ་ཐལ།   མིག་ལ་བརྟེན་ཞིང་གཟུགས་ལ་དམིགས་ནས་སོ་སོ་རྣམ་པར་རིག་པ་ཡིན་པའི་ཕྱིར་ཏེ། གཙོ་བོའི་སེམས་དེ་དང་མཚུངས་པ་ལྔ་མཚུངས་ལས་རྣམ་པ་འཛིན་སྟངས་མཚུངས་པའི་ཕྱིར།   ཁྱབ་བ་མངོན་པ་ཀུན་བཏུས་ལས་གྲུབ་སྟེ།   མིག་གི་རྣམ་པར་ཤེས་པ་ནི་མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་སོ་སོ་རྣམ་པར་རིག་པའོ་ཞེས་གསུངས་པའི་ཕྱིར་རོ།  །   གཞན་ཡང་དེའི་འཁོར་ཀྱི་སེམས་བྱུང་ཀུན་ཀྱང་ཕན་ཚུན་གཅིག་གཅིག་ཤོས་སུ་ཐལ་བའི་ཉེས་པ་སོ་ན་གནས་ཏེ།  དེ་དག་ཕན་ཚུན་འཛིན་སྟངས་གཅིག་པའི་མཚུངས་པ་ལྔ་མཚུངས་སུ་གསུངས་པས།  འགལ་འདུས་རྣམ་གཞག་འདིས་ཁྱེད་རང་ཤིན་ཏུ་མནར་རོ།    དེ་སྐད་དུ་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་ཞལ་ནས།  སེམས་བྱུང་ནི་གཙོ་བོ་སེམས་ལས་ལྷག་པའི་འཛིན་སྟངས་མི་འདྲ་བ་རེ་རེ་ཡོད་དེ།  ཚོར་བས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག  འདུ་ཤེས་ཀྱིས་མཚན་མར་འཛིན་པའི་ཚུལ་གྱིས་རིག་པས་དེ་ཡི་ཁྱད་པར་སེམས་བྱུང་བ་ཞེས་གསུངས་པ་འདི་མཁས་པ་ཆེན་པོའི་གསུང་རབ་ཀྱི་དཀྱུས་སུ་ཞུགས་པའི་ཤེས་རབ་ཀྱི་གསུང་དྲི་མ་མེད་པའོ།   གསུང་གི་སྣང་བ་ཤེས་རབ་ཀྱི་རྟ་ལ་དྲངས་པའི་རླིང་ཚིག་རེ་རེ་གཞུང་ལུགས་ཟབ་མོ་སྨྲ་བའི་གནད་དུ་མཁོ་གལ་ཆེ་བ་ལས།    གང་བྱུང་བབ་ཅོལ་དུ་སྨྲ་བའི་གཏམ་གྱི་དྲི་མ་དག་མགོ་བོའི་ནད་བཞིན་རྒྱང་རིང་དུ་སྤང་བར་རིགས་སོ། །
རང་བཟོས་ཚུལ་མིན་དྲི་མའི་ཕོན་པོ་དག།
དག་གཙང་ཤེས་རབ་ཆུ་ཡིས་རབ་བཀྲུས་ཏེ།།
གཞུང་དོན་དཀྱུས་སུ་ཕྱིན་པའི་ལེགས་བཤད་དག།
མཁས་པ་མགུ་བའི་གཏམ་དུ་རིན་ཐང་ལྕི།།

 
གཉིས་པ་རང་གི་གྲུབ་མཐའ་དགོངས་པའི་མཐིལ་དུ་བཤད་པ་ནི།   དབུས་མཐར།  དེ་ལ་དོན་མཐོང་རྣམ་པར་ཤེས།།  དེ་ཡི་ཁྱད་པར་སེམས་ལས་ཤེས།།  ཞེས་དང་།   དེའི་འགྲེལ་བཤད་དུ་སློབ་དཔོན་བློ་གྲོས་བརྟན་པས།  ཙམ་ཞེས་པའི་སྒྲ་ནི་བྱེ་བྲག་སེལ་བའི་དོན་ཏེ།  བྱེ་བྲག་མི་འཛིན་གྱི་དངོས་པོ་རང་གི་ངོ་བོ་ཙམ་དམིགས་པའི་ཕྱིར་རོ།  ཞེས་པ་ལྟར་སོ་སོའི་ངོ་བོ་ནི།   དོན་གྱི་ངོ་བོ་ཙམ་མཐོང་བ་དང་།  དོན་གྱི་ཁྱད་པར་མཐོང་བའི་རིགས་སུ་གནས་པའི་ཡུལ་ཅན་དེ་རིམ་བཞིན་སེམས་དང་སེམས་བྱུང་གི་མཚན་ཉིད་དོ། དེ་སྐད་དུ་ཡང་སློབ་དཔོན་གང་སྤེལ་གྱིས།  རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་གཅོད་ལ།   དམིགས་པ་དེ་ཉིད་ཚོར་བས་མྱོང་ངོ་།  འདུ་ཤེས་ཀྱིས་ཡོངས་སུ་གཅད་དོ་ཞེས་གསུངས་པ་དང་།  གཞན་ཡང་རྒྱལ་པོའི་སྲས་ཀྱིས།  དམིགས་པའི་ས་དེ་ལ་རྣམ་པར་ཤེས་པས་སྤྱིའི་ངོ་བོ་དམིགས་པར་བྱ་བའི་ཚུལ་དུ་འཛིན་ལ། བྱེ་བྲག་གི་ངོ་བོར་ཚོར་བས་མྱང་བར་བྱ་བའི་ཚུལ་དུ་འཛིན་ལ།  འདུ་ཤེས་ཀྱིས་ཡོངས་སུ་གཅད་པའི་ཚུལ་དུ་འཛིན་ཏོ་སོགས་རྒྱས་པར་གསུངས་སོ།  ། དེ་ལ་དོན་གྱི་ངོ་བོ་ནི།  གང་དམིགས་པར་བྱ་བའི་ཡུལ་གྱི་ངོ་བོར་འཇོགས་ལ།   དོན་གྱི་ཁྱད་པར་ཞེས་པ།  དམིགས་བྱའི་ཡུལ་གྱི་ཁྱད་པར་ཙམ་ལ་གོ་རྒྱུ་མ་ཡིན་ཏེ།  གཞན་དུ་ན་བུམ་པའི་ཁྱད་པར་མཆུ་ལ་སོགས་པ་མཐོང་བ་ཡང་།  བུམ་འཛིན་མིག་ཤེས་ལ་ལྟོས་ནས་ཁྱད་པར་མཐོང་བའི་བློ་རུ་ཐལ་བས།  དེ་དག་གཏན་དུ་གཞུང་གི་དགོངས་པ་མ་ཡིན་ནོ།    དེས་ན་ཡུལ་ཅན་གྱི་ངོས་ནས་ཕར་འཛིན་སྟངས་ཁྱད་པར་བ་ཞིག་གིས་ཆོས་དེའི་ངོ་བོ་ལས་ལོག་པའི་ཁྱད་པར་འཛིན་པའི་ཚུལ་འཇོག་ཤེས་དགོས།    དེ་སྐད་དུ།  ས་ཡི་དངོས་གཞི་ལས།  སེམས་ཀྱིས་དོན་མཐའ་དག་གི་མཚན་ཉིད་ཀྱི་ངོ་བོ་རིག་ལ།   དེས་མ་རིག་པ་ནི་རྣམ་ཤེས་བྱེད་པའི་མཚན་ཉིད་དེ།  དེ་ཡིད་ལ་བྱེད་པས་རིག   དེ་ཉིད་ལ་སྡུག་མི་སྡུག་གཉིས་ཀ་ལས་བཟློག་པའི་མཚན་ཉིད་ནི་རེག་པས་རིག    དེ་ཉིད་ལ་ཕན་གནོད་གཉིས་ཀ་ལོག་པའི་མཚན་ཉིད་ནི་ཚོར་བས་རིག    དེ་ཉིད་ལ་སྐྱེས་པ་དང་་བུད་མེད་ལ་སོགས་པའི་ཐ་སྙད་ཀྱི་མཚན་མ་ནི་འདུ་ཤེས་ཀྱིས་རིག    དེ་ཉིད་ཡང་ལོག་གཉིས་མིན་དུ་བསྒྲུབ་པའི་མཚན་ཉིད་ནི་སེམས་པས་རིག་པར་བྱེད་དོ།   ཞེས་གསུངས་པ་འདི་ཡིས་ཤིན་ཏུ་གསལ།    དོན་འདི་ཐུགས་ལ་མ་གཏགས་པ་དག་གིས་ད་དུང་དོན་གྱི་ཁྱད་པར་མཐོང་ཞེས་པའི་དོན་གྱི་ཁྱད་པར་བློ་ཡུལ་དུ་མ་ཤར་བ་འདྲ། མངོན་པ་གོང་མའི་ལུགས་ལ་སྤྱིར་སེམས་སེམས་བྱུང་གི་གཙོ་འཁོར་ཡིན་ན།  དམིགས་རྣམ་གྱི་འཛིན་སྟངས་ཤིན་ཏུ་གསལ་བའི་རྣམ་པ་ལྔ་མཚུངས་ཡིན་དགོས་པས་ཁྱབ་པར་མ་མཐོང་སྟེ།   ས་བོན་ཀུན་གཞིའི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་ལྟ་བུར་མཚོན་ན།  ཀུན་འགྲོ་ལྔའི་ས་བོན་གྱི་དོན་ཚང་བ་ལས།  དོན་གྱི་ངོ་བོ་དང་ཁྱད་པར་གསལ་བའི་དམིགས་རྣམ་སོ་སོ་མེད་པའི་ཕྱིར། དེ་སྐད་དུ།   པཎ་ཆེན་ཤཀྱྰ་མཆོག་ལྡན་གྱིས།  ཀུན་གཞི་མཚུངས་ལྡན་དང་བཅས་པ་ལ་སྒྲ་དོན་འཛིན་པའི་རྟོག་པ་མི་སྲིད་པའི་ཕྱིར་དང་།  དེའི་འཁོར་བཅས་ཀྱིས་ཡུལ་ལོངས་སུ་མི་སྤྱོད་པའི་ཕྱིར་དང་།   དེའི་ཚོར་བའི་རྣམ་སྨིན་ལ་ལོངས་སྤྱོད་ཀྱང་།  དེས་དེ་མི་རིགས་པའི་ཕྱིར་རོ།  དེས་ན་ཀུན་གཞིའི་འཁོར་ན་ཡོད་པ་ནི།  ས་བོན་དང་།  རྣམ་སྨིན་གང་རུང་གི་ངོ་བོར་གྱུར་བའི་སེམས་བྱུང་ཡིན་ལ་ཞེས་གསུངས་སོ། གནད་འདི་དག་གཞུང་ལུགས་ཀྱི་རྟོགས་པ་དབུལ་བ་རྣམས་ཀྱི་དོག་པའི་བུ་ག་རུ་ཆུད་པར་དཀའ་ཡང་།   བློ་གྲོས་ཤིན་ཏུ་ཡངས་པ་དག་གིས་ལེགས་བཤད་དུ་མཐོང་བར་ངེས།  གཞན་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་བ་ལེགས་པར་བཤད་པ་རྒྱ་མཚོ་ལས།  ཀུན་གཞི་ནི་གཉིས་ཏེ་ཞེས་དང་། རྣམ་པར་སྨིན་པའི་རང་བཞིན་དང་ས་བོན་གྱི་རང་བཞིན་ནོ་ཞེས་དང་།    ས་བོན་གྱི་རང་བཞིན་གྱི་ཀུན་གཞི་ནི་ནུས་པ་ཅན་གྱི་ངོ་བོར་གནས་ཀྱི་ཤེས་རིག་གི་རྫས་སུ་མ་གྲུབ་པས་དམིགས་པ་དང་རྣམ་པ་མེད་པ་རྣམ་སྨིན་གྱི་ཆ་ལས་རྫས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ།   ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པའི་རང་བཞིན་ཅན་ནོ་ཞེས་ཀུན་གཞི་དང་དམིགས་རྣམ་མེད་པའི་གཞི་མཐུན་གྱི་ཆོས་ཁས་བླངས་པ་འདིས།   ཀུན་གཞི་ཡིན་ན་དམིགས་རྣམ་དང་མཚུངས་པ་ལྔ་མཚུངས་ཀྱི་དོན་འཆད་དུ་ཡོད་པར་འདོད་པའི་གྲུབ་མཐའ་སུན་འབྱིན་པའི་རིགས་པའི་ངར་སྐད་དོ། །  དོན་འདི་ཡང་།    རྒྱན་སྟུག་པོ་བཀོད་པ་ལས།     ཀུན་གཞི་མཚོ་ལས་བྱུང་བ་སྟེ།།  ཆོས་ལྔའི་རང་བཞིན་རྣམ་ཤེས་ཀྱིས།།  རབ་ཏུ་སྐྱོད་ཅིང་ཤིན་ཏུ་རྒྱུ།།  གནས་ངན་ལེན་པའི་སྤྲོས་པ་ཡིས།།   ཞེས་དང་།   ཀུན་གཞི་ཐམས་ཅད་ས་བོན་འདི།།  བག་ཆགས་རྣམས་ཀྱིས་ཡོངས་སུ་དཀྲིས།།   ཞེས་དང་།   སུམ་བཅུ་པར།   དེ་ལ་ཀུན་གཞི་རྣམ་ཤེས་ནི།།  རྣམ་སྨིན་ས་བོན་ཐམས་ཅད་པ། །  ཞེས་དང་། ཐེག་བསྡུས་ལས།     མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ།།  ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ལས་ས་བོན་གྱི་ཀུན་གཞིའི་ཆ་ནས་བཤད་པ་རབ་ཏུ་རྒྱས་སོ།། འོ་ན། ཁ་ཅིག་ན་རེ།   ཀུན་མཁྱེན་བླ་མའི་སྙོམས་འཇུག་རབ་གསལ་ལས།   མདོར་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པས་མི་གསལ་ཞིང་སྣང་བར་ནུས་པ་ཙམ་ཞེས་ཀུན་གཞིར་དམིགས་རྣམ་ཡོད་པར་གསུངས་པས་དེ་ལྟར་ན།  ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔ་ཡང་ས་བོན་དང་རྣམ་སྨིན་གང་རུང་གི་ངོ་བོར་གྱུར་པ་ཞེས་པར་མི་འཐད་དོ་ཞེས།   གྱ་ཚོམ་དུ་སྨྲ་བར་སྣང་ཡང་།  འདི་ནི་ཤིན་ཏུ་རགས་པར་འཇུག་པའི་བློ་གྲོས་ཏེ། གཞུང་དེ་ཉིད་དུ།   མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་གཉིས་ཀྱིས་འཇུག་སྟེ།  ནང་གི་ལེན་པ་རྣམ་པར་རིག་པ་དང་།  ཕྱི་རོལ་གྱི་སྣོད་རྣམས་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའོ།  །  དེ་ལ་ནང་གི་ལེན་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་།  རྟེན་གཞི་དང་བཅས་པའི་དབང་པོའི་གཟུགས་སོ།  །དེ་ཡང་གཟུགས་ཀྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ན་ནི་བག་ཆགས་ལེན་པ་ཁོ་ནའོ་ཞེས་དང་།   འདིར་སྣོད་ཀྱི་འཇིག་རྟེན་དང་དབང་པོ་ལ་དམིགས་པར་གསུངས་པའི་དོན་ཡང་།  ལས་ཀྱི་བག་ཆགས་ཀུན་གཞི་ལ་གནས་པས་བསྐྱེད་ནས་ཀུན་གཞི་ཉིད་སྣོད་དུ་སྣང་བ་སྟེ་ཞེས་སོགས་གསུངས་པར་གཞིག་ན།    ཀུན་གཞི་ས་བོན་གྱི་ཆ་ཤེས་རིག་གི་རྫས་སུ་མེད་པ་བག་ཆགས་ཙམ་དང་།  ཀུན་གཞི་རྣམ་སྨིན་གྱི་ཆ་སྣང་བ་སྣ་ཚོགས་པ་སྣང་བའི་ནུས་པ་སྨིན་པ་གཉིས་ཀའི་དབང་དུ་བྱས་ནས་འཆད་ཀྱིན་པ་ཤིན་ཏུ་་གསལ་བས། ཀུན་གཞི་ཡིན་ན་དམིགས་རྣམ་དང་མཚུངས་ལྡན་གྱི་དོན་འཆད་དུ་ཡོད་པ་ཀུན་མཁྱེན་བླ་མའི་གཞུང་གི་དགོངས་པར་བརློམ་པ་ཤེས་བྱེད་མ་མཐོང་བའི་དམ་བཅའ་ཙམ་མོ། གཞན་ཡང་ཀུན་གཞི་སྒྲུབ་པའི་རིགས་པ་བཅུ་བདུན་བཀོད་པའི་སྐབས་སུ་ཀུན་གཞི་འཐད་གྲུབ་གཙོ་བོ་ཀུན་གཞི་ས་བོན་གྱི་ཐོག་ནས་འཆད་ཀྱིན་ཡོད་པ།  གཞུང་ལུགས་ཟབ་མོ་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཀྱི་དཀྱུལ་སྙིང་དུ་ཞུགས་དང་།  ཇི་བཞིན་མཐོང་བའི་བློ་གྲོས་གྱི་ཉི་མ་འཆར་བར་ངེས།  དོན་འདི་ལྟར་འཆད་མི་ཤེས་པ་དག་གིས་སྤྱིར་སེམས་ཙམ་པའི་གྲུབ་མཐའི་གནད་གྱི་སྙིང་བོ་ཀུན་གཞིའི་ངོ་བོ་དབྱེ་བ་དང་བྱེད་ལས་ཕྱོགས་རེ་བ་ཙམ་ལས་ཆ་ཚང་གི་རྣམ་གཞག་མི་རྟོགས་ཤིང་།  བྱེ་བྲག་ཀུན་མཁྱེན་བླ་མའི་གསུང་ཟབ་མོའི་དོན་ཇི་བཞིན་གོ་བའི་སྐལ་བ་ཕྲ་རུ་འགྱུར་ངེས་ཏེ།    ཀུན་གཞིའི་ངོ་བོ་མདོར་བསྡུས་ཏེ་བསྟན་པའི་སྐབས་སུ་སྣང་བར་ནུས་པ་ཙམ་ཞེས་གསུང་པས་དོན་ཡང་།  ས་བོན་གྱི་ཀུན་གཞི་ལ་དགོངས་ནས་ཡུལ་སྣང་བའི་ས་བོན་དང་རྣམ་སྨིན་གྱི་ནུས་པ་ཙམ་ཞིག་ཡོད་པ་ལས་ཁྱད་པར་གཞན་དག་ཙམ་སྒྲས་གཅད་བྱ་སོགས་ཀྱི་བསྟན་དོན་སྣང་མེད་བཞག་ཚེ།  གལ་ལ་ཐུག་ན་ཅི་ཡང་ཕོད་པའི་བླུན་པོ་མདུང་བཟུང་ཅན་དང་མཚུངས་པར་ངེས་སོ། ། དབུས་མཐའ་དང་།  སུམ་ཅུ་པ་དང་།  བསྡུ་བ་སོགས་ཀྱི་དགོངས་དོན་ཟབ་མོ་རྣམས་ཀྱང་ཀུན་མཁྱེན་བླ་མས་བཀྲལ་བ་ལྟར།   ཀུན་གཞི་ས་བོན་གྱི་ཆ་ནས་ནུས་པའམ་བག་ཆགས་སྣ་ཚོགས་པ་དང་། ཀུན་གཞི་རྣམ་སྨིན་གྱི་ཆ་ནས་སྣང་བ་སྣ་ཚོགས་སུ་མཆེད་དུ་ཡོད་པའི་ཁྱད་པར་ལ་དགོངས་ནས་བཤད་པ་ཤིན་ཏུ་གསལ་ལོ། ། འདི་དག་ནི་རྣམ་རིགས་པའི་གྲུབ་པའི་གནད་ལ་ཤིན་ཏུ་འབྱོར་བའི་གཏམ་ཡིན་ཏེ།   གཞན་དུ་ཁྱེད་ལྟར་ན་ཀུན་གཞི་ལ་དམིགས་རྣམ་གྱིས་ཁྱབ་ན།  ཀུན་གཞི་ལ་སྣང་བའི་ཡུལ་སྣང་དེ་ཀུན་གཞི་རང་དང་རྫས་གཅིག་པར་ཁས་ལན་དགོས་ཤིང་།  དེ་ལྟར་ན་རྣམ་ཤེས་གཞན་དག་གི་སྣང་ཡུལ་དེ་རང་དང་དུས་མཉམ་པའི་ཀུན་གཞི་ལ་སྣང་བའི་ཕྱིར་ཀུན་གཞི་རང་དང་རྫས་གཅིག་ཏུ་འགྲོ་བ་ལས།  དེ་དག་དངོས་སུ་སྣང་མཁན་གྱི་རྣམ་ཤེས་གཞན་དག་དང་རྫས་གཅིག་པར་མི་འགྲོ་བར་དགོས་པས།      འདི་ནི་རྣམ་རིག་པའི་གཞུང་བྱང་འགོག་པའི་གཏམ་ཤིན་ཏུ་འཇིགས་པོ་ཆེ་སྟེ།   རྣམ་རིག་པའི་སྣང་བ་ཐམས་ཅད་སེམས་སུ་སྒྲུབ་པར་རིགས་པའི་རྒྱལ་པོ་གསལ་དང་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་འདི་ཡིན་མོད།     ཁྱེད་རང་ལྟར་ན་རིགས་པའི་གནད་འདི་སྔ་མོ་ནས་སྣང་མེད་དུ་དོར་ཚར་བས་རྣམ་རིག་པའི་གྲུབ་མཐའ་ལས་རིང་དུ་རྣམ་པར་འཁྱམས་སོ།   དེས་ན་ཀུན་གཞི་ལ་དམིགས་རྣམ་གྱིས་ཁྱབ་ཅིང་སེམས་སེམས་བྱུང་གཙོ་འཁོར་ལ་མཚུངས་པ་ལྔ་མཚུངས་ཀྱིས་ཁྱབ་ཟེར་བའི་བཤད་སྟངས་འདི་ནི།   སེམས་ཙམ་པའི་གྲུབ་མཐའ་སྤྱིའི་དོན་དང་བྱེ་བྲག་ཀུན་གཞིའི་ངོ་བོ་ལ་ལྟ་བར་ཤེས་རབ་ཅུང་ན་ཕྲ་བའི་གཏམ་ཡིན་ཏེ། དེ་འདྲའི་རྣམ་གཞག་བྱེད་ན་རྣམ་རིག་པའི་གྲུབ་མཐའི་རྣམ་གཞག་བསྟན་པའི་གཞུང་མང་པོ་ཞིག་འདོར་དགོས་པས་གཞུང་སྤྱིའི་གནས་བབས་དག་ཐུགས་ལ་གཟུང་ནས་ཨུ་ཚུགས་དང་ཕྱོགས་སུ་ལྷུང་བའི་གཏམ་མི་སྨྲ་བར་མཁྱེན།  མངོན་པ་གོང་འོག་གཉིས་ཆར་ལ།  སེམས་དང་སེམས་བྱུང་གི་ངོ་བོ་འཇོག་སྟངས་ལ་རགས་རིམ་ཙམ་གྱི་ངོས་ནས་མི་འདྲ་ས་ཆེར་མེད་མོད།    དམིགས་པ་ཡུལ་ངོས་འཛིན་ཚུལ་སོགས་ཁྱད་པར་གྱི་ཟུར་མི་འདྲ་བ་ཅུང་ཙམ་ཡོད་དེ།   གསེར་མདོག་པཎ་ཆེན་གྱིས་ཞལ་ནས།   གོང་འོག་གཉིས་ཀྱི་དོན་ཡང་འདྲ་བ་མ་ཡིན་ཏེ།    འོག་མར་ནི་གཟུང་འཛིན་རྫས་གཞན་ཡང་།   རྣམ་མེད་རྗེན་ཆེར་དུ་ཁས་ལེན་ལ།   འདིར་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་སོགས་ལས་དཔོག་སྟེ་མི་འདྲ་ཁྱད་པར་ཟུར་ཙམ་ཡོད་པ་གོ་སླ་འོ། ། 
ཤེས་རབ་འོད་སྣང་བརྡལ་བའི་ཟེར་མདངས་ཀྱིས།།
ཀུན་རྟོག་ཕྱོགས་མཐའི་རབ་རིབ་མཐའ་བསལ་ནས།།
ཡང་དག་དོན་ལ་ལྟ་བའི་སྤྱན་ཟུང་ཐོབ།།
བདེན་པའི་གནད་ལ་ཟབ་མོའི་སྤོབས་པ་དགེ། །
ཞེས་པ་བར་སྐབས་ཀྱི་ཚིག་བཅད་དོ།

གསུམ་པ་རྩོད་སྤོང་གི་འཁྲུལ་བ་སེལ་བའི་དོན་བསྟན་པ་ནི། 
སེམས་དང་སེམས་བྱུང་རང་རང་གིས་དོན་གྱི་ངོ་བོ་ཙམ་དང་དོན་གྱི་ཁྱད་པར་ཁོ་ན་ལས་མི་འཛིན་ན།  མཚུངས་པ་ལྔ་མཚུངས་སུ་འཇོག་པ་འགལ་ལ།   གལ་ཏེ་གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀར་འཛིན་ན།  ཕན་ཚུན་གཅིག་གཅིག་ཤོས་སུ་ཐལ་བའི་སྐྱོན་སོ་ན་གནས་སོ་ཞེ་ན།   འདི་ལ་ཁ་ཅིག    ངོ་བོ་དང་ཁྱད་པར་དུ་སོ་སོར་ཞེན་པའམ།   ངོ་བོ་དང་ཁྱད་པར་ལ་སྒྲོ་འདོགས་ལུགས་ཐ་དད་པས་མི་མཚུངས་སོ་ཞེས་གསུངས།  མི་འཐད་དེ།  སྒྲ་དོན་གྱི་བློ་ལ་དེས་ཁྱབ་ཀྱང་།  རྟོག་མེད་སེམས་དང་སེམས་བྱུང་གི་རིགས་ལ་ཞེན་སྟངས་ཐ་དད་དང་སྒྲོ་འདོགས་ཀྱི་ཁྱད་པར་ཅི་ཡང་མེད་པས་ཁྱད་པར་འདིས་གནད་ཀྱི་ངོ་འཛིན་མི་འོང་ངོ་། །    ཁ་ཅིག   སེམས་དོན་གྱི་ངོ་བོ་འཛིན་པ་ལ་ཁྱབ་པར་འཛིན་པས་མ་ཁྱབ་ལ།   སེམས་བྱུང་དོན་གྱི་ཁྱད་པར་འཛིན་པ་ལ་ངོ་བོ་འཛིན་པས་སྐྱོན་དུ་མི་གནས་པར་གསུངས་ཀྱང་།   དེ་ལྟར་ཡང་།   སེམས་མཐའ་དག་སེམས་བྱུང་ཀུན་འགྲོ་ལྔ་དང་ངེས་པར་མཚུངས་པར་ལྡན་པས་ཁྱབ་ལ།    དེ་བས་སེམས་དང་སེམས་བྱུང་ཁྱབ་མཉམ་པས་འཐད་པར་མ་མཐོང་སོ། 
འོ་ན་རང་ལུགས་ཇི་ལྟར་ཞེ་ན།  སེམས་དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་འཛིན་པས་སེམས་བྱུང་དུ་མི་ཐལ་ཞིང་། སེམས་བྱུང་དོན་གྱི་ཁྱད་པར་ཡང་འཛིན་པས་སེམས་སུ་མི་ཐལ།    གཉིས་ཀར་དོན་གྱི་ངོ་བོ་ཙམ་འཛིན་པ་ཡོད་པས་མཚུངས་ལྡན་མ་ཡིན་པར་ཐལ་བའི་དོགས་གནས་འདི་རང་ཞིག་ཏུ་འགྱུར་རོ།  །   དེ་ལྟར་གསེར་མདོག་པཎ་ཆེན་ཤཀྱྰ་མཆོག་ལྡན་གྱི་ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ལས།   ངེས་པའི་དོན་ནི་ལྔ་མཚུངས་སུ་འཆད་པ་སེམས་བྱུང་གི་ངོས་ནས་ཕར་འཆད་པ་ཡིན་གྱི།   གཙོ་སེམས་གྱི་ངོས་ནས་ཚུར་མ་ཡིན་ཞེས་དང་།   ཀུན་མཁྱེན་མཁས་པའི་དབང་པོས་ཞལ་ནས།  གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དང་།  དེའི་འཁོར་གྱི་སེམས་བྱུང་རྣམས་གཟུགས་འཛིན་ཡིན་པའི་རྣམ་པ་མཚུངས་པར་བཤད་ཅིང་།   གཟུགས་ཀྱི་ངོ་བོ་དང་ཁྱད་པར་འཛིན་པའི་རྣམ་པ་མི་མཚུངས་པས་ཁྱད་མེད་དུ་མི་འགྱུར་རོ་ཞེས་སོ།  རིགས་པའི་གྲུབ་པའི་ལུང་འདི་དག་གིས་གཙོ་སེམས་དོན་གྱི་ཁྱད་པར་འཛིན་པའི་བློ་མ་ཡིན་པར་གྲུབ་པས། གསུང་རབ་ཀྱི་དོན་འཆད་པར་ལེགས་བཤད་དུ་སྣང་།     དོན་ཟབ་མོའི་རྣམ་གཞག་འདི་ལྟར་བཤད་པ་ནི་མཁས་མཆོག་དབྱུག་གཉེན་སྐུ་མཆེད་དགོངས་པ་དགྱེས་པའི་མཆོད་སྤྲིན་རྣམ་དག་གོ།   ། འོ་ན་ཡིད་རྟོག་བཅས་ཀྱི་འཁོར་དུ་ཚོར་བ་ལ་སོགས་པའི་སེམས་བྱུང་གི་རིགས་དེ་དག་ཀྱང་རྟོག་པ་ཡིན་པས། རྟོག་པ་རྫས་སོ་སོ་བ་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་མཉམ་དུ་སྐྱེ་ན། རྣམ་འགྲེལ་ལས།  རྟོག་གཉིས་ཅིག་ཆར་འཇུག་པ་མེད། །   འདི་ལྟར་རྣམ་པར་རྟོག་པ་རྣམས། །  རིམ་གྱིས་འབྱུང་བར་ཡང་དག་རྟོགས། ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན།       ཡིད་རྟོག་བཅས་ཀྱི་འཁོར་དུ་ཚོར་བ་ལ་སོགས་པའི་རྟོག་པ་དང་བཅས་པ་དུ་མ་བྱུང་ཡང་རིགས་པ་མཁྱེན་པའི་གཞུང་དང་འགལ་བའི་སྐྱོན་དུ་མི་གནས་ཏེ།  དུས་གཅིག་ཆར་དུ་རྟོག་པ་དུ་མར་དངོས་སུ་བྱུང་བར་འདོད་དགོས་ཀྱང་།   དེ་ནི་རྟོག་པའི་ངོ་བོར་གནས་པའི་གཙོ་སེམས་དུ་མ་ལྷན་ཅིག་ཏུ་ཡོད་མེད་ལ་བཤད་པས། སེམས་བྱུང་དུ་མ་དུས་གཅིག་པར་བྱུང་བས་མི་གནོད་དོ། །  དེ་སྐད་དུ་མཆིམས་འཇམ་པའི་དབྱངས་ཀྱིས།   མཛོས་འགྲེལ་མངོན་པའི་རྒྱན་ལས།   དེ་ནི་གཙོ་བོ་ཡིད་རྟོག་པ་གཉིས་ཅིག་ཆར་མི་འཇུག་པའི་དབང་དུ་བྱས་ནས་དེ་སྐད་གསུངས་པའི་ཕྱིར་ཏེ།  མདོ་ལས་བཅོམ་ལྡན་འདས་ཀྱི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུན་རེ་རེ་གསུངས་བའི་ཕྱིར་རོ་ཞེས་གསུངས་སོ། །   དོན་འདི་ཡང་ཐུགས་སུ་གཏགས་དགོས་པའི་གནད་ཟབ་མོ་འོ། །
 
གཉིས་པ་དེ་དང་མཚུངས་པ་ལྔ་མཚུངས་པའི་དོན་བཤད་པ་ལ།   དམིགས་པ་དང་།  རྫས་དང་།   རྣམ་པ་དང་།    དུས་དང་།  ཁམས་དང་ས་ཡི་ཁྱད་པར་རོ།  དེ་ཡང་དེ་ཉིད་ལས།   མཐུན་པར་རྟོགས་པའི་མཚུངས་པར་ལྡན་པ་གང་ཞེ་ན།   སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་ལ་མཐུན་པར་རྟོགས་པའོ།  མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང་གཞན་གྱི་དངོས་པོས་ཡིན་གྱི་བདག་གི་དངོས་པོ་མ་ཡིན་པའི་ཕྱིར་དང་།    མཐུན་པ་གཉིས་ཡིན་གྱི་མི་མཐུན་པ་གཉིས་ནི་མ་ཡིན་ནོ།   །དུས་འདྲ་བ་གཉིས་ཡིན་གྱི་མི་འདྲ་བ་གཉིས་མ་ཡིན་ནོ།  མཐུན་པའི་ཁམས་དང་ས་པ་གཉིས་ཡིན་གྱི་མི་མཐུན་པའི་ཁམས་དང་ས་མ་ཡིན་ནོ། ། ཞེས་གསུང་པ་ལྟར།   འདི་དག་གི་དོན་ལ།   དམིགས་པ་ཡུལ་གཅིག་ལ་དམིགས་པ་དང་།   རྫས་རེ་རེ་བ་དང་།   རྣམ་པ་དོན་གྱི་ངོ་བོ་ཤར་ཙམ་གྱི་ཆ་ནས་གཅིག་ཀྱང་ཁྱད་པར་མཐོང་མ་མཐོང་གི་ཆ་ནས་འཛིན་སྟངས་ཐ་དད་དོ།   དུས་ད་ལྟ་བ།   རྟེན་དང་ས་མཚུངས་པའོ། ། དེ་ཡང་རིམ་བཞིན་གོང་མའི་ལུང་གི་བསྟན་དོན་མཚུངས་པ་ལྔ་དང་ལྟོ་སྦྱར་ནས་བཤད་ན།  སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་ལ་མཐུན་པར་རྟོགས་པའོ་ཞེས་པ་དམིགས་པ་མཚུངས་པར་བསྟན།   མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང་གཞན་གྱི་དངོས་པོས་ཡིན་གྱི་བདག་གི་དངོས་པོ་མ་ཡིན་པའི་ཕྱིར་ཞེས་པས་རྫས་རེ་རེ་བ་མཚུངས་པར་བསྟན།  མཐུན་པ་གཉིས་ཡིན་གྱི་མི་མཐུན་པ་གཉིས་ནི་མ་ཡིན་ནོ་ཞེས་པས་རྣམ་པ་ཤར་ཙམ་མཚུངས་པར་བསྟན།  དུས་འདྲ་བ་གཉིས་ཡིན་གྱི་མི་འདྲ་བ་གཉིས་མ་ཡིན་ནོ་ཞེས་པས་དུས་ད་ལྟ་བ་མཚུངས་པར་བསྟན།   མཐུན་པའི་ཁམས་དང་ས་པ་གཉིས་ཡིན་གྱི་མི་མཐུན་པའི་ཁམས་དང་ས་མ་ཡིན་ནོ་ཞེས་པས་རྟེན་དང་ས་མཚུངས་པར་བསྟན་ནོ།   །
ཞར་ལ་དོགས་པའི་གནས་ཤེས་རབ་ཀྱིས་དཔྱོད་དགོས་པ་འདི་དག་ཡོད་དེ། སེམས་དང་སེམས་བྱུང་གཉིས་རྫས་གཅིག་གམ་ཐ་དད།  རྫས་གཅིག་ན་གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་མཐོང་ཚུལ་ལ་ཁྱད་པར་མེད་པར་ཐལ་བ་དང་།   རྫས་ཐ་དད་ན་དམིགས་པ་སོ་སོར་སོང་བས་མཚུངས་བའི་དོན་མེད་ཅེ་ན། རྫས་གཅིག་པར་སོང་ན་གོང་གི་སྐྱོན་ལས་མི་འདའ་ཡང་། ཁོ་བོས་རྫས་ཐ་དད་ཀྱང་ཡུལ་དམིགས་པ་གཅིག་ལ་ཁ་ཕྱོགས་པ་ཙམ་ཡིན་པས་སྐྱོན་གཉིས་ཀ་ལས་རྣམ་པར་རྒྱལ་ལོ།  །  འདི་ལ་དགོངས་ནས་ཀུན་མཁྱེན་རོང་སྟོན་ཆེན་པོས།  རྫས་གཅིག་ན་གཉིས་ཀས་གཉིས་ཀ་རིག་པས་སེམས་ཀྱང་སེམས་བྱུང་དུ་ཐལ་ཞིང་།  སེམས་བྱུང་ཀྱང་སེམས་སུ་ཐལ་བའི་ཕྱིར་རོ་ཞེས་དང་།   སེམས་བྱུང་ནི་གཙོ་བོའི་སེམས་ལས་ལྷག་པའི་འཛིན་སྟངས་མི་འདྲ་རེ་རེ་ཡོད་དེ།   ཞེས་དང་།   ཀུན་མཁྱེན་མཁས་པའི་དབང་པོས་ཞལ་ནས།  འདི་ལ་ཡང་སེམས་སེམས་བྱུང་རྫས་གཅིག་པ་ལྟར་ན་སེམས་བྱུང་གི་དོན་འཛིན་པ་མིན་ཏེ།   དེའི་ཁྱད་པར་ངེས་པར་འཛིན་དགོས་པའི་ཕྱིར་རོ་ཞེས་སོགས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་པ་ལ།  དགག་ཕྱོགས་ནས་སྐྱོན་ཚོལ་བ་འདིས་ཀྱང་དོན་དེ་ལེགས་པར་གྲུབ་བོ། ། ཡང་མངོན་པ་འོག་མའི་ལུགས་ལ་ཀུན་གཞི་ཁས་མི་ལེན་པས། གཙོ་འཁོར་གྱི་སེམས་སེམས་བྱུང་ལ། རྣམ་པ་ཤེས་རབ་དང་བཅས་པའི།།   དམིགས་དང་བཅས་པར་འཛིན་པར་བྱེད།།  ཅེས་པ་སོགས་སྒྲ་ཇི་བཞིན་དུ་འཆད་རིགས་ཀྱང་།   མངོན་པ་གོང་མའི་ལུགས་ལ་ཀུན་གཞི་ཁས་མི་ལེན་པས་སེམས་དང་སེམས་བྱུང་གི་གཙོ་འཁོར་ལ་དམིགས་རྣམ་ཇི་བཞིན་དུ་མཚུངས་པས་མ་ཁྱབ་པར་སྣང་། །   སློབ་དཔོན་བློ་གྲོས་བསྟན་པས།   དབུས་མཐའི་འགྲེལ་བཤད་དུ།  དེ་དག་ཀྱང་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཡིན་གྱི།   རྣམ་པ་ཤེས་པ་དང་ཁྱད་པར་མེད་པར་ཐལ་ཕྱིར་རྣམ་པ་མཚུངས་པ་ནི་མ་ཡིན་ནོ།   །ཞེས་དང་ཙམ་ཞེས་བྱ་བའི་སྒྲ་ནི།  བྱེ་བྲག་སེལ་བར་བྱེད་ཀྱི།  ཁྱད་པར་མི་འཛིན།     ཞེས་ཀྱང་གསུངས་པ་དེའི་དོན་ནི།  འཛིན་སྟངས་མཚུངས་པའི་དོན་བཀག་པའི་ཕྱིར་རོ།   དེ་ལྟར་སེམས་དང་སེམས་བྱུང་གི་རྣམ་གཞག་འདི་ནི།   དམ་པའི་གཞུང་ལུགས་ཆོས་མངོན་པ་གོང་འོག་ནས་བརྩམས་ཏེ།   གསུང་རབ་དང་སྡེ་སྣོད་མཐའ་དག་གི་དོན་བསྟན་པ་ལ་མེད་ཐབས་མེད་པའི་བརྗོད་བྱ་ཟབ་མོ་ཞིག་སྟེ།   སྟོན་པ་ཐུབ་པའི་དབང་པོའི་བཀའ་འཁོར་ལོ་ཐོག་མཐའ་བར་མའི་དགོངས་འགྲེལ་དང་བཅས་པར།   གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་པ་རེ་བསྟན་ལ་ཕབས་ཤིང་།  ཁྱད་པར་ལམ་དང་འབྲས་བུའི་མངོན་རྟོགས་རེ་རེ་བཞིན་བསྟན་པར་སེམས་དང་སེམས་བྱུང་གི་ངོ་བོ་བྱེད་ལས་རྣམ་གྲངས་དང་བཅས་པར་འོང་བས།   བརྗོད་པར་བྱ་བའི་དོན་འདི་ནི་ཤིན་ཏུ་སྙིང་བོ་ཆེའོ། ། 

གསུམ་པ་གྲུབ་པའི་དོན་ཚིགས་སུ་བཅད་པའི་མཇུག་བསྡུ་བ་ནི།
ཟབ་དོན་ཤེས་བྱའི་དོན་ལ་ཤེས་རབ་སྤྱན།།  ཡང་དག་ལྟ་བའི་གནད་ལ་རྣམ་དཔྱོད་བློ།། ཚུལ་བཞིན་མཐོང་བའི་ཡུལ་ལ་ཐོས་པའི་མིག། མ་འདྲེས་བླང་དོར་འབྱེད་པ་གཅེས་པའི་ནོར།། ཕྱི་རོལ་ཡུལ་གྱི་གཟུགས་སྣང་ཇི་སྙེད་ཀུན།། ནང་སེམས་ཀུན་གཞིའི་ཀློང་གི་སྤྲོ་བསྡུ་ཙམ།། དེ་ཡང་སེམས་དང་སེམས་བྱུང་འགྱུ་འཕྲོ་སྟེ།།  གནད་འདི་ཤེས་ན་འཕགས་པའི་དགོངས་པར་བབས།། དག་དང་མ་དག་སྣང་བའི་སྒྱུ་འཕྲུལ་ཀུན།། རྒྱུ་བ་བག་ཆགས་སད་པའི་འཛིན་སྟངས་ལས།། སེམས་དང་སེམས་བྱུང་གཉིས་སུ་འདུ་བའི་ཕྱིར།།  དེ་དག་འཕགས་པའི་དགོངས་བཞིན་བཀྲལ་བ་ལ།། སྣང་བ་དོན་གྱི་ངོ་བོ་དམིགས་ཙམ་དང་།། དེ་ཡི་ཁྱད་པར་མཐོང་བའི་བྱེ་བྲག་ལས།། སེམས་དང་སེམས་བྱུང་སོ་སོའི་ངོ་བོ་འཇོགས།། ཚུལ་འདི་འཕགས་པའི་དགོངས་བཞེད་དངོས་ལ་ཁེལ།།  གཙོ་བོར་དོན་གྱི་ངོ་བོ་མཐོང་བ་ལས།། ཁྱད་པར་དམིགས་པའི་འཛིན་སྟངས་མ་མཆིས་ལ།། སེམས་བྱུང་དོན་གྱི་ངོ་བོ་མཐོང་བ་ཡིས།། དམིགས་རྣམ་མཚུངས་པའི་གནད་དེ་འདི་ཀོ་ཙམ།། གཞན་དག་སྨྲ་ལ་དགའ་བའི་འཆད་ཚུལ་ལས།། ཕན་ཚུན་འཛིན་སྟངས་མཚུངས་པའི་གནད་དགོས་ཞེས།། མགྲིན་པ་མཐོ་བའི་རྣམ་ཐར་སྐྱོང་བ་ལས།། དེ་ཉིད་རྟོགས་པའི་ཤེས་རབ་ན་ཚོད་ཕྲ།། གཉིས་ཀར་ཕན་ཚུན་འཛིན་སྟངས་གཅིག་པ་རུ།། དམ་པ་རོང་སྟོན་པ་དང་ཤཀྱྰ་མཆོག་སོགས།། གཞུང་དོན་སྨྲ་བར་དྲི་མེད་ལུང་རིགས་ཀྱིས། དགག་པའི་མདའ་ཟེར་ཐོག་ལྟར་མི་ཚ་འམ།། དེ་ལྟར་ངོ་བོའི་དོན་དེ་རྟོགས་བྱས་ནས།། ཁྱད་པར་དོན་ལ་ཀུན་ལས་བཏུས་པ་ཡིས།།  དམིགས་པ་རྫས་དང་རྣམ་པ་དུས་དང་སྟེ།  ཁམས་དང་ས་ཡི་མཚུངས་པ་ལྔ་བར་བཤད།། དམིགས་པའི་དོན་ལ་ཡུལ་གྱི་ངོ་བོ་དང་།།   རྣམ་པ་ཤར་ཙམ་གཏད་པའི་མཚུངས་པར་བཤད།།  རྫས་ཀྱང་ཐ་དད་རེ་རེ་མཚུངས་པ་དང་།   དུས་དང་ཁམས་དང་ས་རྣམས་སྤྱི་འགྲོས་ལྟར།།   འཛིན་སྟངས་མཚུངས་དང་མི་མཚུངས་བྱེ་བྲག་ལས།།  འཁོར་དང་གཙོ་སེམས་ཡིན་པའི་ཁྱད་པར་དག།  རྩོད་པའི་དོགས་སྤོང་སྣ་ཚོགས་བགྱིས་པ་ལ། །གཞན་དག་དོན་མཐུན་བརྒལ་ལན་འབྱོར་བ་དཀོན།།  རང་ལན་རྣམ་པར་འཐག་པའི་ལུང་རིགས་ལས།། སེམས་བྱུང་གཙོ་བོའི་དོན་དང་མཐུན་པ་ལས།།   གཙོ་སེམས་སེམས་བྱུང་དོན་་དུ་མི་འབྱོར་བས།། ལན་འདིས་དོགས་གནས་རང་སོར་ཞིག་པར་གདའ།། གཞན་དག་ལོག་པའི་དྲི་མ་འཐུལ་བ་ཡིས།། ཡང་དག་ལྟ་བའི་དོན་ལ་སྤྱན་རིས་སྒྲིབས།། དཀྱུས་སུ་མ་ཕྱིན་ཕྱོགས་རེའི་དོན་ལ་ཞེན།། ཚུལ་བཞིན་སྨྲ་བའི་མགྲིན་སྟེགས་ཤིན་ཏུ་དཀོན།། དེ་ཕྱིར་གཞུང་དོན་རྟོགས་པའི་བློ་གྲོས་མཆོག། རྣམ་པར་དཔྱོད་པའི་ཤེས་རབ་ལས་འཁྲུངས་ཤིང་།། གཟུར་གནས་དོན་ལ་མཁས་པ་མགུ་བའི་གཏམ།། མང་དུ་མཆིས་པ་དངོས་པོའི་གཤིས་སུ་མངོན།།

སླར་སྨྲས་པ།
དེ་ལྟར་ལུང་དང་རིགས་པའི་གར་སྟབས་ཀྱིས།།
སྣ་ཚོགས་རོལ་རྩེད་སྒྱུ་འཕྲུལ་བྱང་བ་ལས།།
དཔྱོད་ལྡན་བློ་གསལ་མགུ་བའི་ཆ་བཟང་གིས།།
ཐུབ་བསྟན་འོད་ཀྱི་སྙིང་བོ་རྒྱས་གྱུར་ཅིག།
 
རང་བློ་ཤེས་བྱའི་གནས་ལ་གོམས་ཕྱིར་དུ།།
ཅུང་ཟད་སྨས་པའི་ཚུལ་འདིར་དྲི་མའི་ཆ།།
ཕྱོགས་བཅུའི་མཁྱེན་ལྡན་སྲས་བཅས་རྒྱལ་བའི་མདུན།།
གནོངས་དང་འཆགས་པས་སྒྲིབ་པར་མ་གྱུར་ཅིག།
 
འདིར་བརྟེན་བསོད་ནམས་སྐལ་བའི་འཇུག་ངོགས་ལས།།
རྒྱལ་བསྟན་གསེར་གྱི་ཉི་གཞོན་འབར་བ་དང་།།
དེ་འཛིན་སྐུ་སྐྱེའི་མཛད་པ་མཐའ་མཉམ་ཞིང་།།
ཕན་དང་བདེ་བའི་གྲུ་ཆར་རྟག་འཇོ་ཤོག།

 ཅེས་པ་འདི་རྫ་གླང་ཡག་དགོན་པའི་གྲྭ་ངག་དབང་བསྟན་འཛིན་གྱིས།  རྫོང་སར་ལྔ་རིག་ཐུབ་བསྟན་སློབ་གླིང་གི་ལོ་མཇུག་རྒྱུགས་སྤྲོད་ཆེན་མོའི་སྐབས་མངོན་པ་མཐར་ཕྱིན་གྱི་དཔྱད་རྩོམ་དུ་བྲིས་པ་དགེའོ། །
                                   རྩོམ་སྒྲིག་པ། མྱི་གསར་བ།