སྡེ་སྣོད་འཆར་བའི་མེ་ལོང་།

    བསོད་ནམས་དོན་འགྲུབ་ཀྱིས་བརྩམས།


ཐེག་པ་ཆེ་ཆུང་གཉིས་ཀ་ལ་ཤ་བཀག་པའི་རྣམ་གཞག་སྡེ་སྣོད་འཆར་བའི་མེ་ལོང་།།

      
                        
སེངྒེ་བསོད་ནམས་དོན་འགྲུབ།

སྤྱིར་འདུལ་བ་ལུང་གཞིའི་༼སྡེ་པར་འདུལ་བ་ག་ལྡེབ་གྲངས་༢༥ཕྲེང་༧པ་ནས་རྣམ་གསུམ་དག་པའི་ཤ་གནང་བའི་གླེང་གཞི་བཞུགས་༽ནང་དུ་སྟོན་པ་ཡངས་པ་ཅན་ན་བཞུགས་པའི་ཚེ་སྡེ་དཔོན་སེང་གེ་ཞེས་བྱ་བས་ཤ་ཁྱེར་འོངས་ནས་དགེ་སློང་རྣམས་ལ་སྦྱིན་པ་དང་དགེ་སློང་དག་གིས་ཤ་དེ་ཟོས་པ་ལ་མུ་སྟེགས་ཅན་རྣམས་སྨོད་པ་དང་འཕྱ་བ་ལ་བརྟེན་ནས་སྟོན་པས་སྐབས་དེར་རྣམ་གསུམ་མ་དག་པའི་ཤ་བཀག་ནས་རྣམ་གསུམ་དག་པའི་ཤ་གནང་བ་ཡིན། དེ་ལ་བརྟེན་ནས་ལྷས་སྦྱིན་གྱིས་དགེ་སྦྱོང་གཽ་ཏ་མ་ནི་ཤ་ལ་ལོངས་སྤྱོད་དེ། བདག་ཅག་གིས་ལོངས་སྤྱད་པར་མི་བྱའོ།། ཞེས་དགེན་འདུན་དབྱེན་བྱེད་པའི་ཆེད་དུ་བསླབ་ཚིག་བཅས་པ་དང་མཚམས་མེད་པའི་ལས་བསགས་པ་སོགས་བྱུང་བ་ཡིན། སྟོན་པས་སྐབས་དེར་རྣམ་གསུམ་དག་པའི་ཤ་འགའ་ཞིག་གནང་ཡོད་ཀྱང་ཁྱི་དང་ཁྲ །འུག་པ། མི་ཤ་ཟ་བའི་བྱ། རྟ། དྲེའུ། ཝ། སྤྲེའུ། བྱ་རོགས། བྱ་ཆུ་སྐྱར་མོ། བྱ་རྒོད། སྲོག་ཆགས་རྨིག་ཟླུམ་དག་གི་ཤ་ནི་རྣམ་གསུམ་དག་མ་དག་གང་ཡིན་ཡང་གཏན་ནས་བཀག་ཡོད་པའི་ཕྱིར་ཏེ། འདུལ་བ་གཞུང་དམ་པ་༼འདུལ་བ་པ་ལྡེབ་ངོས་༡༥༧ཕྲེད་༥པ་༽ལས། ཁྱི་དང་ཁྲ་དང་འུག་པ་དང་། ། མི་ཤ་ཟ་བའི་བྱ་དག་དང་། ། རྟ་དང་དྲེ་འུ་ཝ་དང་ནི། ། སྤྲེའུ་རྣམས་བཟའ་བར་མི་བྱའོ། ། ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར། སྲོག་ཆགས་དེ་དག་ལས་གཞན་པའི་རྣམ་གསུམ་དག་པའི་ཤ་ནི་གནང་བ་ནི། ལུང་གཞི་༼སྡེ་པར་འདུལ་བ་ག་ཤོག་གྲངས་༢༥རྒྱབ་ངོས་ཕྲེང་༥བ་༽ལས། ངས་གནས་གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ་ཞེས་གང་གསུངས་པ་གསུམ་གང་ཞེ་ན།   འདིས་བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མ་མཐོང་བ་རུང་བའི་ཤ་ཟ་བར་བྱའོ་ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་འདིས་ཁྱོད་ཀྱི་ཆེད་དུ་བྱས་པ་མ་ཡིན་ནོ་ཞེས་ཐོས་པ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་དང་། བདག་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ་རུང་བའི་ཤ་བཟའ་བར་བྱའོ།། ཞེས་གསུངས་པའི་ཕྱིར། དེས་ན་ཆོས་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་གནང་ཡོད་པ་དང་ཤ་དེ་ནི་བཟའ་བ་ལྔའི་ནང་དུ་ཡང་བཞག་ཡོད་པ་ཡིན། རྣམ་གསུམ་མ་དག་པའི་ཤ་ནི་དང་པོར་ནས་བཀག་ཡོད་པ་ཡིན་ནོ།། འོན་ཀྱང་ལུང་འདི་དག་ལ་བརྟེན་ནས་ད་ལྟའི་དུས་སུ་རྣམ་གསུམ་དག་པའི་ཤ་ཟ་རུང་བར་འདོད་པ་མི་འཐད་དེ། མྱང་འདས་ཆེན་པོའི་མདོ་༼སྡེ་པར་མདོ་སྡེ་ཐ་ལྡེབ་གྲངས་༥༤ཕྲེང་༦པ་༽ལས། རིགས་ཀྱི་བུ་ད་ཕྱིན་ཅད་ངའི་ཉན་ཐོས་རྣམས་ཤ་ཟར་མི་གནང་ངོ་།། ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན་ཤ་བཟའ་བར་ངས་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ་ཞེས་ངས་བསྟན་ཏོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ།། ཞེས་གསུངས་པའི་ཕྱིར། འདིའི་དོན་ནི་ལང་གཤེགས་ཀྱི་མདོ་གསུངས་པའི་སྐབས་སུ་སྟོན་པས་ཉན་ཐོས་རྣམས་ལ་ཤ་ཟ་བར་བཀག་པ་ན། སྔར་འདུལ་བའི་སྐབས་སུ་ཉན་ཐོས་ལ་དང་པོ་ནས་རྣམ་གསུམ་དག་པའི་ཤ་གནང་བ་དེ་ཇི་ལྟར་ཡིན་ཞེས་སྟོན་པ་ལ་ཡར་ཞུས་པའི་ཚེ། སྟོན་པས་དེའི་ལན་ལ་རྣམ་གསུམ་དག་པའི་ཤ་ནི་ངས་ཉན་ཐོས་རྣམས་བསླབ་པའི་གཞི་ལ་རིམ་གྱིས་འཇུག་པའི་ཆེད་དུ་དང་པོ་ནས་མ་བཀག་པར་རེ་ཞིག་བོར་བ་ཡིན། ད་ཕན་ཆད་རྣམ་གསུམ་དག་པའི་ཤ་ཡང་བཟའ་མི་རུང་ཞེས་ཐེག་དམན་ལའང་མདོ་འདིས་ཤ་བཀག་པ་ཡིན་ནོ།།

དགོས་པའི་དབང་གིས་དེ་ལྟར་མཛད་པ་ཡོད་དེ། དང་པོ་ཉིད་ནས་དགག་བྱ་མང་པོར་མཛད་ན་གདུལ་བྱ་རྣམས་སེམས་ཞུམ་ནས་བསྟན་པ་ལ་མི་འཇུག་པ་ཡོད་པས་དེ་དག་གི་དབང་དུ་བྱས་ནས་རེ་ཞིག་བཞག་ཡིན་པའི་ཕྱིར། དེ་ལྟར་རྣམ་གསུམ་དག་པའི་ཤ་ནི་མྱང་འདས་ཆེན་པོའི་མདོ་དང་ལང་ཀར་གཤེགས་པའི་མདོ་སོགས་གསུངས་པའི་དུས་དེ་ནས་བཟུང་ཐེག་ཆེན་མ་ཟད་ཐེག་དམན་ཉན་ཐོས་ལའང་བཀག་ཡོད་པའི་ཕྱིར་ཏེ། ལང་གཤེགས་༼སྡེ་པར་མདོ་སྡེ་ཅ་ལྡེབ་གྲངས་༡༥༦རྒྱབ་ངོས་ཕྲེང་༢པ་༽ལས། བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་ན་བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ།། ཞེས་དང་། ཡང་ལང་གཤེགས་༼མདོ་སྡེ་ཐ་ལྡེབ་༥༤རྒྱབ་ངོས་ཕྲེང་༦པར༽ལས། ཤི་བའི་ཤ་ཡང་སྤངས་སོ།། ཞེས་ཤ་ཡོད་དོ་ཅོག་བཀག་པའི་ཕྱིར།

མདོར་ན་སྔར་རྣམ་གསུམ་དག་ཤ་གནང་བ་ནི་རེ་ཞིག་ཙམ་ལ་གནང་བ་དང་དེ་ནི་དྲང་དོན་དགོས་པ་ཅན་ཡིན་པ་གོང་གི་མདོ་གཉིས་ཀ་ལས་གསུངས་པའི་ཕྱིར་རོ།། ཡང་མྱང་འདས་ཆེན་པོའི་མདོ་༼སྡེ་པར་མདོ་སྡེ་ཉ་ཤོག་ངོས་༥༩ཕྲེང་༢པ་༽ལས། བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་སྩལ་ན། ཇི་ལྟར་འཚལ་བར་བགྱི། བཀའ་སྩལ་བ། ཤ་དང་ཟས་སོ་སོར་ཕྱེ་ལ། ཆུས་བཀྲུས་ཏེ་བཟའ་བར་བྱའོ།། གལ་ཏེ་ལྷུང་བཟེད་ཤ་དང་འབགས་ཀྱང་རོ་བྲོ་བ་མེད་ན། སྤྱོད་ཀྱང་ཉེས་པ་མེད་དོ།། གལ་ཏེ་བསོད་སྙོམས་ཀྱི་ནང་དུ་ཤ་དུ་མ་འོངས་ན་ཡང་བླང་བར་མི་བྱའོ།། གལ་ཏེ་ཟས་ཀྱི་ནང་ན་ཤ་སྣང་ན་མ་ཟ་ཤིག་ཟོས་ན་ཉེས་པ་དང་བཅས་པ་སྟེ། ཞེས་དང་། ཡང་མྱང་འདས་ཆེན་པོའི་མདོ་༼མདོ་སྡེ་ཐ༥༥རྒྱབ་ངོས་ཕྲེང་༦པ་༽ལས། ཤའམ་ཉ་ཤའམ།རི་དྭགས་ཀྱི་ཤ་འམ། རྨིག་པ་སྐམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ་ཞེས་ང་ཟེར་རོ།། ཞེས་གསུངས་པའི་བཅས་ལྡན་དགེ་སློང་གིས་ཤ་ཟ་བ་ལ་ལྟུང་བྱེད་དུ་གསུངས་སོ།།འོན་ཀྱང་འདི་ལྟུང་བ་སྡེ་ལྔའི་ནང་གི་སྤང་ལྟུང་དང་ལྟང་བྱེད་འབའ་ཞིག་པ་དགུ་བཅུ་པོ་གང་ཡང་མ་ཡིན་པའི་ཕྱིར་དང་། སོར་མདོ་དང་ལུང་སྡེ་བཞི་གང་ལས་ཀྱང་ཤ་ཟ་བའི་ལྟུང་བྱེད་ཅེས་པ་ཞིག་མ་གསུངས་པས་ལྟུང་བྱེད་ཀྱི་མིང་གིས་བཏགས་པ་ཙམ་ལས་ལྟུང་བྱེད་མཚན་ཉིད་པ་མ་ཡིན་པར་འདོད་དགོས་པའམ། ཡང་ན་བཅས་པ་ཡོངས་རྫོགས་མཛད་ཟིན་པའི་རྗེས་སུ་འདི་ལྟུང་བྱེད་དུ་གསུངས་པས་ད་ལྟའི་དུས་སུ་དགེ་སློང་གིས་ཤ་ཟ་ན་ལྟུང་བྱེད་འབྱུང་བ་གང་རུང་ལས་མ་འདས་སོ།།
  
མདོར་ན་མདོ་སྡེ་ལང་ཀར་གཤེགས་པ་དང་འཕགས་པ་སྤྲིན་ཆེན་པོའི་མདོ་དང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་གསུམ་ཆར་ལས་ཤ་མཐའ་གཅིག་ཏུ་བཀག་ཡོད་དོ།། དེ་ལྟར་ནའང་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་ལོ་མང་པོར་ལོན་པ་ན་ཤ་ཟ་བ་ནི་སངས་རྒྱས་ཀྱིས་གནང་བར་ཁས་འཆེ་བའི་དགེ་སློང་དག་འབྱུང་ཡང་དེ་དག་གི་ལྟ་བ་དེ་ནི་སྡེ་སྣོད་གསུམ་དང་མི་འཐུན་པ་ཕྱིན་ཅི་ལོག་པ་ཡིན་པར་གསུངས་སྟེ།ལང་གཤེགས་༼མདོ་སྡ་ཅ་༡༥༧རྒྱབ་ངོས་ཕྲེང་༧པ་༽ལས། ཤ་ཆང་སྒོག་བཙོང་ལ་སོགས་པའང་།། འཕགས་པའི་ལམ་གྱི་བར་ཆད་བྱེད།། མ་འོངས་དུས་ཀྱི་སྐྱེ་བོ་དག། ཤ་ཟ་གཏི་མུག་སྨྲ་བ་རྣམས།། ཤ་ནི་སྡིག་མེད་རུང་བའོ་ཞེས།། སངས་རྒྱས་ངེད་ལ་གནང་ཞེས་ཟེར།། ཞེས་དང་། ཡང་༼མདོ་སྡེ་ཅ་ལྡེབ་ངོས་༢༨༤རྒྱབ་ཕྲེང་༥པ་༽སྙིང་རྗེ་སེམས་ཀྱིས་ཤ་མི་ཟ།།ཤ་ཟ་སྙིང་རྗེ་ཤེས་རབ་མེད།། རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས།། འཕགས་པའི་རྒྱལ་མཚན་དག་དང་འགལ།། ཞེས་དང་། མྱང་འདས་ཆེན་པོའི་མདོ་༼སྡེ་པར་མདོ་སྡེ་ཐ་ལྡེབ་ངོས་༥༥ཕྲེང་༢པ་༽ལས།  རིགས་ཀྱི་བུ་ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ་དགེ་སློང་འདུལ་བ་དང་མ་མོ་འཛིན་པ། རྟོག་པ་སྣ་ཚོགས་ཅན། རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ། ཁམས་འཁྲུགས་པ། ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་པ། ཐར་བའི་དེ་ཁོ་ཉིད་ཀྱི་ཡི་གེ་བཤིག་ནས་འདུལ་བ་དང་། མདོ་སྡེ་སོ་སོ་ནས་ཅི་དགའ་མགུར་འཆོས་ཤིང་སྨྲ་བར་བྱེད་དེ། འདི་ལྟར་བདག་ཅག་གི་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་ཤའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ཞིང་ཤཱཀྱའི་བུ་དགེ་སྦྱོང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སྨྲ་བ་དག་འབྱུང་བར་འགྱུར་རོ།། ཞེས་དང་། ཡང་མྱང་འདས་ཆེན་པོའི་མདོ་༼སྡེ་པར་མདོ་སྡེ་ཉ་རྒྱ་ནག་འགྱུར་ཤོག་ངོས་༥༨རྒྱབ་ཕྲེང་༡༽ལས། ངུར་སྨྲིག་གི་གོས་གྱོན་མོད་ཀྱི། རྔོན་པ་དང་འདྲ་སྟེ། མིག་ཕབ་ལ་གོམ་པ་དལ་ཡང་བྱི་ལ་བྱི་བ་ལ་འཇབ་པ་དང་། མཚུངས་ཏེ་བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་རྟག་ཏུ་བརྗོད་ཀྱང་། ནད་དང་སྡུག་བསྔལ་དང་། གཉིད་དང་མི་གཙང་བས་གཟིར་ཏེ། ཕྱི་རོལ་གྱི་ཚུལ་འཆོས་ཀྱང་ནང་གི་སེམས་ནི་ཕྲག་དོག་དང་འདོད་པས་ཟིལ་གྱིས་ནོན་པས་ཆོས་ལོག་པ་ཅན་གྱི་བྲམ་ཟེ་ལ་སོགས་པ་དང་མཚུངས་སོ།།  དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་གི་གཟུགས་སུ་སྟོན་ཅིང་། ངན་པར་ལྟ་བ་བསྐྱེད་ནས་ཡང་དག་པའི་ཆོས་ལ་ཡང་སྐུར་པ་འདེབས་སོ།།  གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་དང་། འདུལ་བ་དང་།སྤྱོད་ལམ་དང་། རྣམ་པར་གྲོལ་བའི་འབྲས་བུ་བསྟན་པ་དང་། མ་བརྟགས་པའི་ཆོས་སྤང་བ་བསྟན་པ་ཡང་མ་རུང་བར་བྱས། དགོངས་ཏེ་གསུངས་པ་ཤིན་དུ་ཟབ་མོ་ཡང་མ་རུང་བར་བྱས་ནས། སོ་སོའི་རང་བཟོས་མདོ་སྡེ་དང་འདུལ་བ་བཤད་དེ། འདི་སྐད་དུ་དེ་བཞིན་གཤེགས་པས་བདག་ཅག་ཤ་ཟ་བར་གནང་ཞེས་ཟེར་ཏེ། ཡི་གེར་བྲིས་ནས། སངས་རྒྱས་ཀྱིས་གསུངས་སོ་ཞེས་ཕན་ཚུན་དུ་རྩོད་ཅིང་སོ་སོ་ནས་བདག་ནི་དགེ་སྦྱོང་ཤཱཀྱའི་སྲས་སོ་ཞེས་སྒྲོགས་སོ།།  རིགས་ཀྱི་བུ་དེའི་ཚེ་ན་ཉའི་ཤ་ལ་ལག་དར་ཏེ་སྤྱོད་པ་དང་། ཀོ་ལྷམ་དག་འཆང་བ་དང་། ཁྱིམ་བདག་ལ་བརྟེན་ནས་མཚན་ལྟ་བ་དང་། སྐར་མ་ལྟ་བ་དང་། མོ་དང་སྨན་དཔྱད་སློབ་པ་སོགས་མང་དུ་འབྱུང་ངོ་།། དགེ་སློང་གང་ཞིག་མི་དགེ་བའི་དངོས་པོ་དེ་དག་སྤངས་ན། གང་ཟག་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ།། ཞེས་གསུངས་སོ།། མྱང་འདས་ཆེན་པོ་མདོ་༼མདོ་སྡེ་ཐ་ལྡེབ་༥༥རྒྱབ་ཕྲེང་༡༽ལས། དེའི་ཚེ་ན་ཤ་དང་ཉ་ཤ་ལེན་པ་དང་། མོ་ཡིག་འཆང་བ་སོགས་བྱ་བ་མང་པོ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ་དེ་དག་སྤངས་པ་ལ་དགེ་སློང་ཞེས་ང་ཟེར་རོ།། ཞེས་གསུངས་སོ།། མདོར་ན་སྟོན་པས་ཤ་གནང་བའི་རྗེས་སུ་གཏན་བཀག་མཛད་ཡོད་པ་ལགས་སོ།། ཞེས་པ་འདི་ནི་མེ་བྱ་ལོའི་ས་ག་ཟླ་བའི་ཡར་ངོའི་ཚེས་བདུན་སྟེ་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པའི་དུས་ཚིགས་ཁྱད་པར་ཅན་ལ་སློབ་བུ་བསོད་ནམས་དོན་འགྲུབ་ཀྱིས་བྲིས་པ་དགེའོ།།།།

                               རྩོམ་སྒྲིག་པ། མྱི་གསར་བ།