ལེགས་བཤད་རིགས་པའི་དོ་ཤལ།

    བཟང་པོ་སྤྱོད་པས་བརྩམས།

བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དགོངས་དོན་ལེགས་བཤད་རིགས་པའི་དོ་ཤལ།

                             བཟང་པོ་སྤྱོད་པས་བརྩམས།

ལེགས་གསུང་ཆོས་ཀྱི་འབེལ་གཏམ་པདྨའི་ཕྲེང་།།
རབ་སྙན་གྲགས་པའི་དབྱངས་དང་ལྷན་གཅིག་ཏུ།།
སྐལ་ལྡན་གདུལ་བྱའི་དཔལ་དུ་སྦྱིན་མཛད་པ།།
སྟོན་པ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ།།
 
ཐབས་ཤེས་ཉི་ཟླའི་སྣང་བ་འོད་ལམ་མེར།།
མ་རིག་སྤྲོས་པའི་མཚན་མ་ཀུན་ཞིག་ཅིང་།།
རྣམ་གྲོལ་བདེ་བའི་ཞིང་དུ་ཁྲིད་མཛད་པ།།
བསྟན་པ་དམ་པའི་ཆོས་ལ་ཕྱག་འཚལ་ལོ།།
 
བསླབ་གསུམ་རིན་ཆེན་ནོར་བུའི་མཛོད་འཛིན་ཞིང་།།
སྡེ་སྣོད་རྒྱ་མཚོའི་གནས་ལ་དབང་བསྒྱུར་བའི།།
ཀླུ་སྒྲུབ་ཐོགས་མེད་ཕྱོགས་གླང་ཆོས་གྲགས་སོགས།།
འཕགས་པའི་དགེ་འདུན་ཚོགས་ལའང་ཕྱག་འཚལ་ལོ།།
 
རྨད་བྱུང་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར།
ཡིད་འོང་ལང་ཚོ་ལྡན་པའི་སྐུ་བསྟན་ནས།།
བདག་བློའི་སྙིང་གི་རྨོངས་པ་གཞོམ་མཛད་པའི།།
ས་སྐྱ་པཎ་ཆེན་སྤྱི་བོའི་རྒྱན་དུ་མཆོད།།
 
ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་གང་།།
ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ།།
བར་ཆད་སྲུང་བའི་དམ་ཅན་སྲུང་མའི་ཚོགས།།
བདག་གི་མགོན་དང་སྡོང་གྲོགས་མཛད་དུ་གསོལ།།
 
རྣམ་དཔྱོད་བློ་ཡི་འཇུག་པ་ཕྲ་ན་ཡང་།།
ཕྱོགས་ལྷུང་དུག་གིས་རས་སུ་མ་བཅད་པ།།
སྡེ་བདུན་མདོ་ཡི་གཞུང་བཟང་ལ་བརྟེན་ནས།།
ཡང་དག་གཟུ་བོར་གནས་ཏེ་འདི་བཤད་དོ།།

 
ཞེས་ཡུལ་དམ་པ་ལ་མཆོད་པར་བརྗོད་པ་སོགས་ཀྱིས་སྒོ་ཡངས་པོར་ཕྱེས་ཏེ་སྐབས་དོན་གླེང་བར་བྱ་བ་ནི།  རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ལ་ཞལ་དངོས་སུ་གཟིགས་ཏེ་ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་འགྱུར་ཞེས་ལུང་གིས་ཟིན་པའི་ཚད་མའི་བསྟན་བཅོས་ཆེན་པོ་མདོ་ཀུན་ལས་བཏུས་པ་དང་།  དེ་ཡི་དགོངས་དོན་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབས་པར་བྱེད་པ་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རིགས་པའི་སྡེ་བདུན་དང་།  དེ་དག་གི་དགོངས་པ་བཀྲལ་བ་ལ་འགྲན་ཟླ་མ་མཆིས་པ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས་མཛད་པའི་བསྟན་བཅོས་ཚད་མ་རིགས་པའི་གཏེར་ཏེ། ནང་བསྟན་ཚད་མ་རིག་པའི་བསྟན་བཅོས་ཚད་ལྡན་དུ་གྲགས་ཤིང་གྲུབ་པའི་གཞུང་ལུགས་དག་གོ  །འདི་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་དང་།  དེ་དག་ལས་འཕྲོས་ཏེ་དོགས་པའི་གནད་འགག་འགའ་ཞིག་གླེང་བའོ།།    དེ་ལ་དང་པོ་གཞི་བདེན་པ་གཉིས་སམ་རང་སྤྱི་གཉིས་ནི་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་སྒོ་ནས་འཇོག་ཅིང་དོན་བྱེད་ནུས་པའི་ཆོས་ནི་གནས་སྐབས་རགས་པ་དང་རྒྱུན་སོགས་ལ་ཡང་འཇོག་པ་ཡོད་ཀྱང་མཐར་དོན་ཤེས་ཆ་མེད་གཉིས་སམ་ཤེས་པ་སྐད་ཅིག་ཆ་མེད་ལ་འཇོག་པ་ནི་ལུགས་འདིའི་གྲུབ་པའི་མཐའ་ཡིན་སྟེ།  མཐར་གཅིག་དུ་བྲལ་གྱི་རིགས་པས་རགས་པ་དང་རྒྱུན་སོགས་བདེན་མེད་དུ་བསྒྲུབས་པའི་ཕྱིར་ཏེ།  རྣམ་འགྲེལ་ལེའུ་གསུམ་པ་ལས།  གང་གི་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་དང་།   ཇི་ལྟར་ཇི་ལྟར་དོན་བསམ་པ། །དེ་ལྟར་དེ་ལྟར་རྣམ་བྲལ་ཞིང་། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོང་པ་ཡིན། །ཞེས་པ་ལྟ་བུའོ། །དེས་ན་མ་བརྟགས་མ་དཔྱད་པའམ་འཇུག་པའི་ཚེ་རགས་པ་དང་རྒྱུན།  རྟགས་དང་རྟགས་ཅན།  བསྒྲུབ་བྱ་དང་སྒྲུབ་བྱེད།  དགག་པ་དང་སྒྲུབ་པ།  འགལ་བ་དང་འབྲེལ་བ། སྤྱི་དང་བྱེ་བྲག   མཚན་ཉིད་དང་མཚོན་བྱ།  སོགས་ཀྱིས་མཚོན་པའི་གཞན་སེལ་གྱི་རྣམ་བཞག་ལེགས་པར་ཁས་ལེན་ཞིང་།  བརྟགས་ཤིང་དཔྱད་ངོར་དེ་དག་གཞི་མེད་རྩ་བྲལ་དུ་ཁས་བླང་ནས།  དོན་དམ་པར་གྲུབ་པའི་ཆོས་ནི་མངོན་སུམ་གྱི་ཡུལ་གཅིག་པུར་ཡིན་པ་ལས་རྟོག་པའི་བརྟག་པ་གཅིག་ཀྱང་ཁས་མི་ལེན་པ་ནི་ལུགས་འདིའི་མཐའ་ཐུག་གི་གནས་ལུགས་འཆད་ཚུལ་བླ་ན་མེད་པའོ།།  ལམ་གྱི་སྐབས་སུ་འདུས་བྱས་ཐམས་ཅད་མི་རྟག་པ་དང་།  ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་།  ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པའི་བློ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་དང་།  སྡུག་བསྔལ་བདེན་པའི་སྟེང་དུ་རྟག་སོགས་གཞིར་འཛིན་པའི་བློ་ནི་ཡུལ་གྱི་གནས་ཚུལ་དང་མི་མཐུན་པའི་ལོག་ཞུགས་ཀྱི་བློ་ཡིན་པས་ལམ་གྱི་མི་མཐུན་ཕྱོགས་སུ་བསྟན་པ་སྟེ།  རྣམ་འགྲེལ་ལེའུ་གཉིས་པ་ལས། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག   ཅེས་པའི་མི་རྟག་པ་དང་།  ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །ཞེས་པས་སྡུག་བསྔལ་བ་དང་།   བདག་མིན་བྱིན་གྱིས་བརླབས་པའང་མིན། །ཞེས་པ་ནས།  དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་པས་སྟོང་པ་དང་བདག་མེད་དུ་བསྟན།  རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་ཉིད་རྒྱུ་ཅན་ཉིད་གྲུབ། །ཅེས་པས་ཀུན་འབྱུང་དང་།  དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་པ་སོགས་ཀྱིས་འགོག་བདེན་དང་།  བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་ཞེས་སོགས་ཀྱིས་ལམ་བདེན་བསྟན།  མདོར་ན།  ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་པས་འཁོར་བའི་རྩ་བ་འཇིག་ལྟ་ནི་གཞི་ཉེར་ཕུང་གི་སྟེང་དུ་རྟག་སོགས་ཀྱི་སྒྲོ་འདོགས་པའི་བློ་ཕྱིན་ཅི་ལོག་པ་དག་གི་རྩ་བར་བསྟན་པ་དང་།  སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །འགལ་བ་རབ་ཏུ་གྲུབ་པ་ཡིན། །ཞེས་པས་འཇིག་ལྟ་ནི་སྟོང་ཉིད་དུ་ལྟ་བའི་བློ་ལས་འཛིན་སྟངས་ཕྱིན་ཅི་ལོག་པ་དང་། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པར་བསྟན་པ་དང་།  བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཞེས་པ་སོགས་ཀྱིས་བརྩེ་བ་སྙིང་རྗེ་ཆེན་པོ་ཡང་བསྟན་པས་གཞུང་འདི་དག་གིས་ལམ་ཐབས་ཤེས་གཉིས་ལེགས་པར་བསྟན་ཞིང་།  དེ་འདྲའི་ལམ་ལ་བསྟེན་ནས་ཐོབ་པའི་འབྲས་བུ་ནི།  སྡུག་བསྔལ་མི་སྐྱེ་རྒྱུ་ཉིད་ནི། །ཐར་ཡིན་ཞེས་པས་འབྲས་བུ་ཐར་པ་དང་།   རྣམ་པ་དུ་མ་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཞེས་དང་།  སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག  ཅེས་དང་།  རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཞེས་སོགས་ཀྱིས་འབྲས་བུ་ཟབ་པ་དང་རྒྱ་ཆེ་བའི་སྐུ་མངའ་བའི་ཐམས་ཅད་མཁྱེན་པ་བསྟན་པས་གཞུང་འདི་ཉིད་ལས་གཞི་ལམ་འབྲས་བུའི་གནས་སྐབས་སུ་བདེན་པ་བཞི་དང་།  ཆོས་ཀྱི་སྡོམ་བཞི་ལྟ་བུའི་སྟོན་པ་གང་ཉིད་ཀྱི་གསུང་གི་མཛོད་ལྟ་བུ་དག་རིགས་པ་དང་བཅས་པའི་སྒོ་ནས་རེ་རེར་བཞིན་དུ་ལེགས་པར་གཏན་ལ་ཕབས་ཡོད་པ་ཡིན་ནོ། །

གཞི་ཡི་ལྟ་བ་ཐོས་བསམ་གཉིས་ཀྱིས་སྐྱོང་།།
ལམ་གྱི་ཉམས་ལེན་ཐབས་ཤེས་ཟུང་དུ་སྦྲེལ།།
འབྲས་བུ་ཟབ་རྒྱའི་ཆོས་ཀྱི་སྐུ་མངའ་བ།།
ཚད་མའི་གཞུང་གི་བརྗོད་དོན་སྙིང་པོར་སེམས།།
 
འདས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་དང་།།
སྟོང་པ་བདག་མེད་མྱང་འདས་ཞི་བ་བཅས།།
བླང་དོར་ཐབས་དང་བཅས་པའི་བདེན་བཞི་ལ།།
སླུ་མེད་རྟོགས་པས་སྟོན་པ་ཚད་མར་གྲུབ།།
ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།


གཉིས་པ་དེ་ལས་འཕྲོས་ནས་དོགས་པའི་གནད་འགའ་ཞིག་གླེང་བ་ལ།  ཚད་མ་ལ་གཉིས་སུ་ངེས་པར་གསུངས་ཀྱང་གསུམ་དུ་དོགས་པའི་ཚུལ།  མངོན་སུམ་ལ་བཞི་རུ་ངེས་པར་གསུངས་ཀྱང་ལྔ་རུ་དོགས་པའི་ཚུལ།   རྗེས་དཔག་ལ་གསུམ་དུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ།  རྟགས་ཀྱི་ཚུལ་ལ་གསུམ་དུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ།   གཏན་ཚིགས་ལ་གསུམ་དུ་ངེས་པར་གསུངས་ཀྱང་བཞི་རུ་དོགས་པའི་ཚུལ།  འབྲེལ་ཟླ་མ་དམིགས་པ་ལ་བཞི་རུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ།  འབྲེལ་བ་ལ་གཉིས་སུ་ངེས་པར་གསུངས་ཀྱང་གསུམ་དུ་དོགས་པའི་ཚུལ།  ལྷན་ཅིག་མི་གནས་འགལ་ལ་བཅུ་གཉིས་སུ་གསུངས་ཀྱང་དེ་ལས་མང་དུ་དོགས་པའི་ཚུལ།  ཕན་ཚུན་སྤང་འགལ་ལ་གཉིས་སུ་ངེས་པར་གསུངས་ཀྱང་གཅིག་ཏུ་དོགས་པའི་ཚུལ།  རྣམ་འགྲེལ་ལས་ཐར་པ་མེད་པར་གསུངས་ཀྱང་ཐམས་ཅད་མཁྱེན་པ་ཡོད་པར་དོགས་པའི་ཚུལ་ལོ།། དེ་ལ་དང་པོ་ནི།  ཚད་མ་མདོའི་མངོན་སུམ་ལེའུ་ལས།  མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའི་མཚན་ཉིད་གཉིས་གཞལ་བྱ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་དང་རྣམ་འགྲེལ་ལེའུ་གསུམ་པ་ལས།  གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་ཀྱིས་ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་གསུངས་ཀྱང་།  རྣམ་འགྲེལ་གཞན་དོན་ལེའུ་ལས།  གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱའམ། །མ་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། །ཞེས་པ་ལྟར་དག་འཛིན་དབང་མངོན་གྱི་རྗེས་སུ་བྱུང་བའི་ས་ཕྱོགས་འདི་ནི་དམིགས་སོ་བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་ལས་ངེས་ཤེས་ཕྱི་མ་བུམ་པ་མ་དམིགས་པ་འཛིན་པའི་བློ་དེ་ཚད་མ་མ་ཡིན་པའི་རྒྱུ་མཚན་མེད་དེ།   ཚད་མ་སྔ་མའི་གཟུང་དོན་ལ་སྐྱར་དུ་འཇུག་པ་མ་ཡིན་པར་རང་ཡུལ་གསར་དུ་ངེས་པ་ཡིན་པའི་ཕྱིར། གལ་ཏེ་དེ་ཙམ་གྱིས་ཚད་མ་མི་འགྱུར་སྙམ་ན་རྗེས་དཔག་ཚད་མ་འགྱུར་བའི་རྒྱུ་མཚན་གང་།  རྟགས་ཡང་དག་ལ་བརྟེན་པས་སོ་སྙམ་ན།  འདིས་ཀྱང་མྱོང་བ་ལ་བརྟེན་པའི་ཕྱིར་དང་།  གཞན་ཡང་རྗེས་དཔག་གིས་རྟགས་ཡང་དག་ལ་རྟེན་ཀྱང་འདི་ལས་ལྷག་པའི་བྱེད་ལས་དམིགས་བསལ་གང་ཡང་མེད་པས་འདི་ཚད་མ་མིན་པའི་རྒྱུ་མཚན་དཀའ་ཞིང་།  གཞན་ཡང་ཚད་མ་ལ་གཉིས་སུ་གྲངས་ངེས་པ་ཡང་གཞུང་ལུགས་འདི་དག་གིས་འཆད་ཚུལ་ཡིན་པ་ལས་ཕྱི་ནང་གི་གྲུབ་མཐའ་དག་ལ་མི་མཐུན་པ་མང་ཞིང་།  ནང་པ་དག་ལ་ཡང་འདོད་ཚུལ་མི་མཐུན་པར་མང་པས་འདི་དག་ལུང་ལ་བརྟེན་ནས་བཞག་པ་ཙམ་གྱིས་གོ་མི་ཆོད་ཅིང་། རིགས་པས་ནི་གཉིས་སུ་ངེས་པའི་རྒྱུ་མཚན་གཏན་ནས་རྙེད་པ་དཀའ་བ་མིན་ནམ་སྙམ།  
གཉིས་པ་མངོན་སུམ་ལ་བཞི་རུ་ངེས་པར་གསུངས་ཀྱང་ལྔ་རུ་དོགས་པའི་ཚུལ་ནི། ཚད་མ་རིགས་པའི་གཏེར་ལས།   མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །ཞེས་མདོ་སྡེ་པའི་ལུགས་ལ་མངོན་སུམ་ལ་བཞི་རུ་གྲངས་ངེས་པར་གསུངས་ཀྱང་།  རྣམ་འགྲེལ་ལེའུ་གསུམ་པ་ལས། སྡུག་བསྔལ་སྐྱེས་པར་གྱུར་ཉིད་ནི། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་སྐྱེས་པ་ཡིན། །ཞེས་གཞན་རྒྱུད་ཀྱི་བདེ་སྡུག་མྱོང་བའི་གཞན་སེམས་ཤེས་པའི་བློ་མེད་ཀྱང་བདེ་སྡུག་ཤེས་པའི་གཞན་སེམས་ཤེས་པའི་བློ་མངོན་སུམ་ཡོད་ཅེས་པ་ལྟ་བུར་གསུངས་པས། དེས་ན་སོ་སྐྱེས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་སོགས་དང་ལྷའི་མིག་དང་ཤའི་སྤྱན་ལ་སོགས་པ་དག་མངོན་སུམ་ལྔ་པ་ཞིག་འདོད་དགོས་མིན་ནམ་སྙམ་སྟེ།   མངོན་སུམ་ནི་ཡིན་ཞིང་རང་ཡུལ་གཟུང་དོན་མིན་པས་དོན་རིག་གཉིས་པོ་གང་ཡང་མིན་ཞིང་།  རང་ཡུལ་རང་དང་རྫས་གཅིག་མིན་པས་རང་རིག་མངོན་སུམ་ནི་མི་འཐད་ཅིང་། སོ་སྐྱེས་རྒྱུད་ཀྱི་ཤེས་པ་ཡིན་པས་རྣལ་འབྱོར་མངོན་སུམ་ཡང་མི་འཐད་པས་མངོན་སུམ་ལྔ་པར་འགྱུར་བ་མིན་ནམ་སྙམ།  ཆོས་རྗེ་འཇམ་མགོན་བླ་མས་རང་རིག་མངོན་སུམ་ཡིན་པར་ལྟ་བུར་གསུངས་ཀྱང་གཞན་གྱི་སེམས་ཀྱིས་རང་ངོས་ནས་རང་འདྲའི་རྣམ་པར་གཏད་པ་ཡིན་པས་གཞན་གྱི་སེམས་རྟོགས་པ་ཁས་ལེན་དགོས་ཏེ།  རྣམ་འགྲེལ་ལེའུ་དང་པོ་ལས།  དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བར་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་དོན་གྱི་རྣམ་པ་དོན་རང་ངོས་ནས་གཏད་པས་དོན་མ་མྱོང་ཡང་དོན་དམིགས་པ་ཁས་ལེན་དགོས་པ་ཞེས་པའི་རིགས་པ་དེ་ཉིད་འདི་ལ་ཡང་མཚུངས་པ་མིན་ནམ་སྙམ་མོ། །
གསུམ་པ་རྗེས་དཔག་ལ་གསུམ་དུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ་ནི། རྣམ་འགྲེལ་རང་དོན་ལེའུ་ལས།  དངོས་སྟོབས་ཀྱི་གཏན་ཚིགས་དངོས་སུ་བསྟན་པས་དངོས་སྟོབས་རྗེས་དཔག་བསྟན་པར་གྲུབ་ཅིང་།  གཞན་དོན་ལེའུ་ལས།  དེས་ན་གནོད་ཕྱིར་རྗེས་དཔག་ལས། །ཁས་བླངས་ཕྱི་རོལ་གྱུར་མིན་ཡང་། །ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །ཞེས་ཡིད་ཆེས་དང་།  དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང་། །ཐ་དད་བྱས་ཡིན་སྔ་མ་བཞིན། །ཞེས་གྲགས་པའི་རྗེས་དཔག་བསྟན་ཞིང་།  ཚད་མ་མདོ་གཞན་དོན་ལེའུ་ལས།  མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་རྗེས་དཔག་དེ་ལ་གསུམ་དུ་གསུངས་ཀྱང་ཡིད་ཆེས་རྗེས་དཔག་ནི་ཡོད་པ་དཀའ་སྟེ།  ཚུལ་གསུམ་ཚད་མས་མ་གྲུབ་པར་རྗེས་དཔག་སྐྱེ་བ་མེད་ཅིང་ཡིད་ཆེས་ཀྱི་རྟགས་ཀྱི་ཚུལ་གསུམ་ཚད་མས་ངེས་པ་དཀའ་བའི་ཕྱིར་ཏེ།  དཔེར་ན་བཀའ་བརྒྱད་སྟོང་པའི་སྟེང་དུ་དཔྱད་པ་གསུམ་གྱིས་དག་པ་ཡིན་ན་རང་གི་བསྟན་དོན་ཤིན་ལྐོག་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ནི་ངེས་དཀའ་བའི་ཕྱིར་ཏེ།  དཔྱད་པ་གསུམ་པས་དག་པའི་དོན་ནི་ཤིན་ལྐོག་བསྟན་པ་ལ་རང་ཚིགས་དངོས་ཤུགས་དང་ཁས་བླང་སྔ་ཕྱིའི་འགལ་བ་རྒོལ་བ་རང་ཉིད་ཀྱིས་མ་མཐོང་བའི་དོན་ལ་འཇོག་དགོས་ཤིང་།  རྒོལ་བ་རང་ཉིད་ཀྱིས་མ་མཐོང་བ་ཙམ་གྱིས་དེ་དག་མེད་པ་ཐག་མི་ཆོད་དེ།  ལེའུ་གཉིས་པ་ལས།  མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་པ་བཞིན་ནོ།།  དེས་ན་རྟགས་དེའི་ཁྱབ་འབྲེལ་བསྒྲུབ་མི་ཐུབ་ཅིང་། གལ་ཏེ་ཁྱབ་འབྲེལ་སྒྲུབ་ཐུབ་པའི་དབང་དུ་བཏང་རུང་ཁྱབ་པར་ངེས་པའི་གཞི་མཐུན་དཔེ་མེད་པས་མི་འཐད་དོ། །ཁག་ཅིག་གིས་མཐུན་ཕྱོགས་མེད་ཀྱང་མཐུན་དཔེ་མེད་པ་མ་གྲུབ་སྟེ། སྒྲ་མི་རྟག་པ་བསྟན་པའི་ལུང་དེ་དཔྱད་པ་དང་པོས་དག་ན་དེའི་གཞལ་བྱའི་གནས་དང་པོ་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བས་ཁྱབ་པ་དཔེར་བྱས་ནས་དཔྱད་པ་གསུམ་པས་དག་ན་གནས་གསུམ་པ་རྟོགས་པའི་ཚད་མ་ལ་ཡང་སྔོན་དུ་སོང་བས་ཁྱབ་པར་གྲུབ་པ་གསུངས་ཀྱང་།  རྣམ་འགྲེལ་ལེའུ་བཞི་པ་ལས།  རི་བོང་ཅན་ཟླར་མི་འདོད་པ། །དེ་གྲགས་གང་ཞིག་འདོད་པར་འགྱུར། །དེ་ཕྱིར་དེ་ལ་དཔེ་མེད་ཅིང་། །དེ་ནི་ཐུན་མོང་མ་ཡིན་འདོད། །ཅེས་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་བ་སྒྲུབ་པ་ལ་སྒྲུབ་བྱའི་ཆོས་ལྡན་གྱི་དཔེ་མེད་པས་གཏན་ཚིགས་དེ་ཐུན་མོང་མ་ཡིན་པར་གསུངས་པ་དང་འགལ་བའི་ཕྱིར།  མཐུན་ཕྱོགས་སུ་མ་སོང་བའི་དཔེ་ཙམ་ནི་དེ་ལ་ཡང་བཞག་ཏུ་ཡོད་པས་སོ།།  དེས་ན་ཆོས་རྗེ་ས་སྐྱ་པས་གཏན་ཚིགས་དེ་ལ་དངོས་སྟོབས་དང་གྲགས་པ་གཉིས་ལས་མ་གསུངས་པའི་རྒྱུ་མཚན་ཡང་ཐུགས་རྩེ་འདི་དག་ལ་གཏད་པ་མིན་ནམ་སྙམ་མོ།། 
བཞི་པ་རྟགས་ཀྱི་ཚུལ་ལ་གསུམ་དུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ་ནི། ཚད་མ་མདོའི་ལེའུ་གཉིས་པ་ལས། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ།།ཞེས་དང་།    རིགས་ཐིགས་ལེའུ་གཉིས་པ་ལས། ཚུལ་གསུམ་པའི་རྟགས་ལས་ཞེས་སོགས་དང་།   རིགས་གཏེར་རབ་བྱེད་བཅུ་པ་ལས།  ཕྱོགས་ཆོས་གྲུབ་ཅིང་འབྲེལ་བ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཕྱོགས་ཆོས་གྲུབ་པ་ཚུལ་དང་པོ། །ཚུལ་གཉིས་པ་དང་རྗེས་འགྲོ་ཡིས། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད།  །ཅེས་སོགས་ཚད་ལྡན་གྱི་གཞུང་ལུགས་དེ་དག་གིས་རྟགས་ཀྱི་ཚུལ་ལ་གསུམ་དུ་གསུངས་ཀྱང་།  རྟགས་ཡང་དག་ཡིན་ཞིང་མི་མཐུན་ཕྱོགས་མ་གྲུབ་པ་མང་དུ་ཡོད་པས་ལྡོག་འགྲོའི་ཚུལ་གྲུབ་པའི་དོན་མེད་དེ་ལྡོག་ཚུལ་གྱི་ལྟོས་གཞི་མེད་པས་སོ།།  དེ་བཞིན་མཐུན་ཕྱོགས་མ་གྲུབ་ལ་ལྡོག་ཚུལ་གྲུབ་པའི་གཏན་ཚིགས་དག་ཀྱང་ཡང་དག་ཏུ་མི་འགྲོ་བའི་རྒྱུ་མཚན་མེད་པས་རྟགས་ཚུལ་གཉིས་པ་ཅན་གྱི་གཏན་ཚིགས་ཡོད་པར་འགྱུར་ལ།  དེ་ལྟར་ན་རྟགས་ཡང་དག་ཏུ་འགྲོ་བ་ལ་ཚུལ་གཉིས་ཚང་མིན་ལ་རག་ལས་པས་ཚུལ་གསུམ་པ་ཞེས་གསུངས་ཀྱང་གཉིས་སུ་འགྱུར་བ་མིན་ནམ་སྙམ་མོ།།   
ལྔ་པ་གཏན་ཚིགས་ལ་གསུམ་དུ་ངེས་པར་གསུངས་ཀྱང་བཞི་རུ་དོགས་པའི་ཚུལ་ནི། རྣམ་འགྲེལ་རང་དོན་ལེའུ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེ་པར་གསུངས་ཀྱང་།  རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་པའི་སྐབས་ནས་བསྟན་པའི་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་རུང་དཔོག་པ་དང་།  ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བའི་བུད་ཤིང་འགྱུར་བ་བཞིན། །ཞེས་རོ་ལས་གཟུགས་དཔོག་པའི་གཏན་ཚིགས་གཉིས་ཆ་དེ་སྒྲུབ་ཀྱི་བསྒྲུབ་ཆོས་འབྲས་བུ་དང་བུ་གཟུགས་གཉིས་ལ་འབྲེལ་པ་གཉིས་པོ་གང་ཡང་མ་གྲུབ་ཀྱང་དེར་སྒྲུབ་པ་ལ་གཏན་ཚིགས་ཡང་དག་ཏུ་ཁས་བླངས་ཤིང་ལེན་པ་ཡང་འོས་ཏེ།  གཏན་ཚིགས་དེ་གཉིས་ལ་བརྟེན་ནས་བསྒྲུབ་ཆོས་དེ་གཉིས་དཔོག་པའི་རྗེས་དཔག་སྐྱེ་ཐུབ་པའི་ཕྱིར། གཞུང་རང་ཉིད་ལས་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་རུང་སྒྲུབ་པ་ཡིན་པས་རྒྱུ་ཚོགས་པ་དང་འབྲས་བུ་འབྱུང་རུང་གཉིས་རྫས་གཅིག་པས་རང་བཞིན་གྱི་གཏན་ཚིགས་ཡིན་པར་གསུངས་ཀྱང་།  དེ་ལྟར་ན་འབྲས་བུའི་རྟགས་ལས་རྒྱུ་སྔོན་སངས་སྒྲུབ་པའི་ཚེ་ཡང་རྟགས་ཆོས་གཉིས་བདག་ཉིད་གཅིག་པའི་ཕྱིར་ཏེ།  འབྲས་བུ་ཡིན་ན་རྒྱུ་སྔོན་སོང་ཡིན་པས་ཁྱབ་པའི་ཕྱིར། འདི་དག་ལ་བཀོད་ཚོད་དང་སོང་ཚོད་སྒྲུབ་ཚུལ་དང་བསྒྲུབ་ཆོས་སོགས་ཀྱི་སྒོ་ནས་ཁྱད་པར་འདྲ་མིན་ཕྱེ་བ་སྲིད་ཀྱང་གཉིས་ཀ་ལ་གཅིག་མཚུངས་སུ་འགྱུར་བ་ལས་ཁྱད་པར་ཅི་ཡང་མེད་ཅིང་།  གཞན་ཡང་རྣམ་འགྲེལ་ལེའུ་གསུམ་པ་ལས།  དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །ཞེས་དུ་སྣང་གི་བློ་ལས་བག་ཆག་གསལ་བ་སད་པ་ཅན་གྱི་འབྲས་བུ་མེ་སྣང་གི་བློ་དཔོག་པ་དངོས་སུ་གསུངས་པས་གཞུང་འདིས་རྒྱུ་ལས་འབྲས་བུར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་དང་།  ལེའུ་བཞི་པ་ལས།  རྒྱུ་ལས་འབྲས་བུ་བསྒྲུབས་པས་ན། །འདི་ནི་རང་བཞིན་ནང་འདས་ཕྱིར། །ཞེས་རྒྱུ་ལས་འབྲས་བུ་དཔོག་པ་ཁས་བླངས་ཤིང་།  འཇམ་མགོན་ས་སྐྱ་པས་ཀྱང་ཚ་མ་རིགས་གཏེར་རབ་བྱེད་བཅུ་པ་ལས།  དེ་ཡི་ཆ་མཐུན་ཁོངས་སུ་བསྡུ། །ཞེས་རང་བཞིན་གྱི་རྟགས་དང་ཆ་མཐུན་པས་དེའི་ཁོངས་སུ་བསྡུ་བ་གསུངས་པ་ལས་དེ་དངོས་ཡིན་པ་མ་གསུངས་པ་སོགས་ལ་རྒྱུན་མཚན་དུ་མཐོང་བས་གཏན་ཚིགས་ཡང་དག་ལ་བཞི་རུ་ཡོད་པ་མིན་ནམ་སྙམ་མོ།། 
དྲུག་པ་འབྲེལ་ཟླ་མ་དམིགས་པ་ལ་བཞི་རུ་ངེས་པར་གསུངས་ཀྱང་གཉིས་སུ་དོགས་པའི་ཚུལ་ནི།   ཚད་མ་རིགས་གཏེར་ལས།  ངོ་བོ་མི་དམིགས་པ་ལ་བཞི། །ཞེས་འབྲེལ་ཟླ་མ་དམིགས་པ་ལ་བཞི་རུ་ངེས་པར་གསུངས་ཀྱང་ཚད་མ་རྣམ་འགྲེལ་རང་དོན་ལེའུ་ལས།  འགལ་དང་འབྲས་བུ་དག་གྲུབ་དང་། །རྒྱུ་དང་ངོ་བོ་བལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །ཞེས་འབྲེལ་ཟླ་མ་དམིགས་པ་ལ་རྒྱུ་དང་རང་བཞིན་མ་དམིགས་པ་གཉིས་ལས་མ་གསུངས་ཤིང་།   རྣམ་འགྲེལ་ལེའུ་གསུམ་པ་ལས་ཀྱང་།  མི་དམིགས་པ་ནི་འདི་ཙམ་ཞིག །མེད་ལ་ངེས་པའི་འབྲས་ཅན་ཡིན། །དེ་ཡང་སྣང་བར་འདོད་པ་ཡི། །རྒྱུའམ་རང་བཞིན་སྣང་མེད་ཉིད། །ཅེས་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ་ལ་གཉིས་ལས་མེད་པར་གཞུང་འདིས་ཁ་གསལ་པོ་གསུངས་ཀྱང་།  ཁག་གཅིག་གིས་ཁྱབ་བྱེད་མ་དམིགས་པ་ཡོད་པས་གཉིས་སུ་འདུས་པ་ལ་གནོད་དོ་ཞེས་བཤད་མོད། བྱེ་བྲག་གྲུབ་པས་སྤྱིར་སྒྲུབ་པའི་གཏན་ཚིགས་རང་བཞིན་གྱི་རྟགས་ཡིན་ན་སྤྱི་བཀག་པས་བྱེད་བྲག་དགག་པའི་གཏན་ཚིགས་རང་བཞིན་མ་དམིགས་པ་མི་འགྲོ་བའི་རྒྱུ་མཚན་གང་།   གཞན་ཡང་རང་བཞིན་མ་དམིགས་པའི་རྟགས་ཆོས་གཉིས་ལ་མཚན་མཚོན་གྱི་འབྲེལ་བར་དགོས་པར་གསུངས་ཀྱང་ཁུངས་ཐུབ་ཀྱི་གཞུང་གང་ཞིག་ལ་ཕུགས་བཅོལ་ནས་གསུངས་པ་ཡིན་ནམ་སྙམ་སྟེ།  རང་བཞིན་གྱི་རྟགས་ཆོས་ལ་མཚན་མཚོན་གྱི་འབྲེལ་བར་གྲུབ་མ་དགོས་ན་དེ་ལྡོག་པའི་གཏན་ཚིགས་ལ་དགོས་པའི་རྒྱུ་མཚན་རིགས་ལམ་གྱི་ཐོག་ནས་ཇི་ལྟར་བཙལ་ཀྱང་རྙེད་པ་དཀའ་བའི་ཕྱིར།  གཞན་ཡང་ཆོས་རྗེ་འཇམ་མགོན་བླ་མས་འབྲས་བུ་མ་དམིགས་པ་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པས་ངོས་འབྲས་མ་དམིགས་པ་ཞེས་གང་ལྟར་འབྲས་བུ་མ་དམིགས་པའི་གཏན་ཚིགས་ཤིག་གསུངས་ཀྱང་།  དངོས་རྒྱུ་དང་དངོས་འབྲས་དག་ནི་སྐད་ཅིག་ཕྲ་བའི་ཐོག་ནས་འཇོག་དགོས་པ་ལས་རྒྱུན་གྱི་ཐོག་ནས་བཞག་མི་ཐུབ་ཅིང་།  དེས་ན་དེ་དག་མེད་པར་ངེས་ཤེས་ཀྱིས་ངེས་དཀའ་སྟེ་སྐད་ཅིག་མ་གཅིག་ལ་ངེས་ཤེས་འཇུག་པ་མི་འཐད་པའི་ཕྱིར་ཏེ།  རྣམ་འགྲེལ་ལེའུ་དང་པོ་ལས།  སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་པ་ལྟ་བུའོ།།  དེས་ན་གཞི་དེར་དངོས་འབྲས་དུ་བ་ཡོད་ཀྱང་ངེས་ཤེས་མི་འཇུག་པས་དེ་ངེས་ཤེས་ཀྱིས་མ་ངེས་པར་ཙམ་གྱིས་མེད་པ་ཐག་མི་ཆོད་ཅིང་།  དེ་ལྟར་ན་ཕྱོགས་ཆོས་ངེས་པའི་ངེས་ཤེས་མེད་པས་གཏན་ཚིགས་དེར་ཚུལ་གསུམ་ཚང་ཚུལ་མེད་དམ་སྙམ་མོ།།
བདུན་པ་འབྲེལ་བ་ལ་གཉིས་སུ་ངེས་པར་གསུངས་ཀྱང་གསུམ་དུ་དོགས་པའི་ཚུལ་ནི། རྣམ་འགྲེལ་ལེའུ་དང་པོ་ལས།  རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་དང་།  དེས་ན་དངོས་པོའི་ཡུལ་ཅན་གྱི། །རྗེས་སུ་དཔོག་གང་རྣམ་གཉིས་ཏེ། །འབྲས་དང་ངོ་བོ་དེ་དག་ལས། །རང་བསྒྲུབ་བྱ་ལ་འབྲས་ངེས་ཕྱིར། །ཞེས་དང་།  རྣམ་འགྲེལ་གཞན་དོན་ལེའུ་ལས། ཡོད་པ་གང་མེད་མི་འབྱུང་བའམ། །རང་བདག་རྣམ་དབྱེར་མེད་ཅན་གང་། །དེ་ནི་དེ་དང་འཁྲུལ་མི་འགྱུར། །ཞེས་བྱའི་དོན་དུ་འདི་རབ་ཕྱེ། །ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་བ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །འབྲེལ་བ་ཡོད་པ་ཡིན་ན་ཡང་། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ཞེས་པ་སོགས་ཀྱིས་རྟགས་ཆོས་ཀྱི་འབྲེལ་བ་ལ་བདག་གཅིག་པ་དང་དེ་ལས་བྱུང་བ་གཉིས་སུ་ངེས་པར་གསུངས་ཀྱང་།  བུ་གཟུགས་ལས་བུ་རོ་དཔོག་པ་དང་རྒྱུ་ལས་འབྲས་བུར་སྒྲུབ་པའི་གཏན་ཚིགས་གཉིས་ཀ་བསྒྲུབ་ཆོས་དང་འབྲེལ་བ་གཉིས་པོ་གང་ཡང་མ་གྲུབ་ཀྱང་དེ་དག་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པ་ནི་བཞེད་དགོས་ཤིང་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་གཏན་ཚིགས་ནི་མེད་པས་འབྲེལ་བ་གསུམ་པ་ཞིག་ཅིས་ཀྱང་ཁས་ལེན་དགོས་པ་མིན་ནམ་སྙམ་ཞིང་།   གཞན་ཡང་དུ་བས་མེ་ཡོད་པ་མི་འདོར་བ་དང་བུ་གཟུགས་ཀྱིས་བུ་རོ་ཡོད་པ་མི་འདོར་བ་རྣམ་པ་ཀུན་དུ་མཚུངས་པས་ནའང་ཁས་ལེན་དགོས་པ་མིན་ནམ་སྙམ་མོ།།
བརྒྱད་པ་ལྷན་ཅིག་མི་གནས་འགལ་ལ་བཅུ་གཉིས་སུ་གསུངས་ཀྱང་དེ་ལས་མང་དུ་དོགས་པའི་ཚུལ་ནི། ཆོས་རྗེ་འཇམ་མགོན་བླ་མས།  རབ་བྱེད་བཅུ་པ་ལས།  གཞུང་ལས་རྣམ་བཞག་མང་བཤད་ཀྱང་། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཞེས་པ་དང་།  ཀུན་མཁྱེན་གོ་རམས་པས་རྣམ་པ་བཅུ་གཉིས་ཉིད་དུ་གྲངས་ངེས་སུ་གསུངས་ཀྱང་།  ཙན་དན་གྱི་དུ་བ་དང་ཚ་རེག་གི་དངོས་རྒྱུ་སོགས་ཀྱིས་གྲང་རེག་སྐོར་བཞི་འགོག་པའི་གཏན་ཚིགས་མེད་པའི་རྒྱུ་མཚན་དཀའ་སྟེ།  ཙན་དུ་ངེས་པ་ཙན་མེ་ངེས་པར་སྔོན་དུ་འགྲོ་དགོས་པའི་དབང་དུ་གཏོང་རུང་ཙན་དུ་རྟགས་སུ་མི་འགྲོ་བའི་རྒྱུ་མཚན་མེད་དེ་ཙན་དུ་རྟགས་སུ་འགོད་པའི་ཚེ་ཙན་མེ་བློ་ཡུལ་དུ་འཆར་བའི་རྒྱུ་མཚན་གྱིས་མི་ཞིང་།  གལ་ཏེ་ཡིན་ན་ཙན་མེས་ཀྱང་འགོག་མི་ཐུབ་པའི་སྐྱོན་དུ་གནས་ཤིང་། རྒོལ་བ་རང་ཉིད་ཀྱིས་ཞེ་འདོད་ལ་ལྟོས་ན་ཙན་དུ་དང་དངོས་རྒྱུ་སོགས་ཞེ་འདོད་དུ་གཟུང་མི་ཆོག་པའི་རྒྱུ་མཚན་དཀའ་བས་སོ།། 
དགུ་པ་ཕན་ཚུན་སྤང་འགལ་ལ་གཉིས་སུ་ངེས་པར་གསུངས་ཀྱང་གཅིག་ཏུ་དོགས་པའི་ཚུལ་ནི།  འགལ་བའི་ཁྱབ་བྱ་དམིགས་པ་དང་ཁྱབ་བྱེད་འགལ་བ་དམིགས་པ་གཉིས་ནི་བརྩི་ཚུལ་གཞན་པ་སྟེ།  དགག་བྱའི་ཆོས་ཀྱི་ཁྱབ་བྱེད་ཀྱི་འགལ་བ་དམིགས་པ་ལ་ཁྱབ་བྱེད་འགལ་བ་དམིགས་པ་དང་དགའ་བྱའི་ཆོས་ཀྱི་འགལ་བའི་ཁྱབ་བྱ་དམིགས་པ་ལ་འགལ་བའི་ཁྱབ་བྱ་དམིགས་པར་འཇོག་དགོས་པས་དེ་གཉིས་ནི་བརྩི་ཚུལ་ཙམ་ལས་འགལ་བའི་ཁྱབ་བྱ་དམིགས་པ་མིན་པ་ཞིག་མེད་པས་ན་གཉིས་སུ་གྲངས་ངེས་སུ་གསུངས་པའི་རྒྱུ་མཚན་མེད་པ་མིན་ནམ་སྙམ་མོ།། 
བཅུ་པ་རྣམ་འགྲེལ་གྱི་ལུགས་ལ་ཐར་པ་མེད་པར་འདོད་ཀྱང་ཐམས་ཅད་མཁྱེན་པ་ཡོད་པ་དོགས་ཚུལ་ནི།  རྒྱ་གར་འཕགས་པའི་ཡུལ་ནས་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་མཚོན་པའི་མཁས་པ་མང་ཤོས་ཤིག་གིས་དཔལ་ལྡན་ཆོས་ཀྱི་གྲགས་པ་དངོས་སྨྲ་བའི་སློབ་དཔོན་དང་ཁོང་གི་གྲུབ་མཐའ་དང་གྲུབ་མཐའི་ལམ་རིམ་དག་དངོས་སྨྲ་བའི་བཤད་པ་ལས་མ་འདས་པས་དེ་དག་ལ་བརྟེན་པའི་ཐར་པ་མེད་པར་གསུངས་ཀྱང་།  ཚད་མ་རྣམ་འགྲེལ་གྱི་གཙོས་པས་སྡེ་བདུན་དག་ལས་དོན་དུ་དངོས་པོ་དག་ལ་ཕན་བྱ་ཕན་བྱེད་མེད་པར་གསུངས་པ་དང་།   སྐད་ཅིག་མ་དག་ལ་བྱ་བ་མེད་པ་དང་གཟུང་བ་དང་འཛིན་པ་གཉིས་ཀ་མཉམ་པ་གསུངས་པ་དང་གཟུང་འཛིན་ལས་གཞན་པའི་མཚན་ཉིད་མེད་པས་མཚན་ཉིད་རང་བཞིན་མེད་པ་བཤད་པ་དང་།  རྟོག་པ་ཀུན་བློ་ལོག་པ་དང་དེ་ཉིད་ཟློག་པ་བྱེད་པ་ལ་དེའི་ཞེན་ཡུལ་སུན་ཕྱུང་དགོས་པ་དང་དངོས་པོའི་གནས་ཚུལ་མཇལ་བའི་བློ་མེད་པར་སོགས་གསལ་བོ་གསུངས་པ་ཡིན་ཏེ།  འབྲེལ་བ་བརྟག་པ་ལས།  གཞན་དུ་འདི་ནི་འདུག་པ་ན། །ཅི་སྟེ་དེ་ནི་གཅིག་ལ་ལྟོས། །ལྟོས་པས་ཕན་པར་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་དང་།  དེའི་རང་འགྲེལ་ལས།  རྒྱུའི་ཚེ་ན་འབྲས་བུ་ཞེས་བྱ་བའི་དོན་མེད་དོ། །འབྲས་བུའི་ཚེ་ན་ཡང་རྒྱུ་ཞེས་བྱ་བའི་དོན་མེད་དོ། །མཐུ་མེད་པས་ཕན་པ་བྱེད་པ་མ་ཡིན་ནོ། །ཞེས་དང་།  རིགས་གཏེར་ལས་ཀྱང་།   ཕན་བྱ་ཕན་བྱེད་འཐད་པ་དཀའ། །ཞེས་པས་ཕན་བྱ་ཕན་བྱེད་མེད་པར་གསལ་པོ་གསུངས་ཤིང་།  གཞན་ཡང་རྣམ་འགྲེལ་ལེའུ་དང་པོ་ལས།  བྱ་བས་ཕན་འདོགས་ལྟོས་གསལ་བྱེད། །ཡིན་ན་འགྱུར་མེད་ལྟོས་པ་མེད། །འདི་ནི་ཕུལ་བྱུང་ཡོད་ན་ཡང་། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་དང་། རིགས་གཏེར་རང་འགྲེལ་ལས་ཀྱང་། ཆོས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ཕྱིར་བྱ་བ་མེད་དེེ་བྱ་བ་བྱེད་པ་ལ་གནས་དགོས་པའི་ཕྱིར་རོ། །དེ་ཉིད་རྣམ་འགྲེལ་ལས། བྱ་བས་ཕན་འདོགས་ཞེས་པ་ནས།  བྱ་བ་དང་།  ཆོས་ཐམས་ཅད་བྱེད་པ་མེད་པ་ཞེས་གསུངས་པ་དེ་རིགས་པས་བསྒྲུབ་པ་ཡིན་ནོ། །ཞེས་སོགས་ཀྱིས་དངོས་པོ་རྣམས་ལ་བྱ་བྱེད་མེད་པར་ཁ་གསལ་པོར་གསུངས་པ་དང་།  རྣམ་འགྲེལ་ལེའུ་གསུམ་པ་ལས།  དེ་ལ་གཅིག་ནི་མེད་པས་ཀྱང་།  །གཉིས་ཀ་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང་། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། །ཅེས་གཟུང་འཛིན་གཉིས་ལས་གཞན་པས་མཚན་ཉིད་མེད་པ་དང་།  དེ་གཉིས་རང་བཞིན་མེད་པས་མཚན་ཉིད་རང་བཞིན་མེད་པར་བསྟན་པ་དང་།  གཟུང་བ་མ་གྲུབ་པས་འཛིན་པ་ཡང་མ་གྲུབ་པ་གཞུང་དེ་གཉིས་ཀྱིས་ཁ་གསལ་གསུངས་པ་དང་།  ལེའུ་དང་པོ་ལས།  ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་སྒྲུབ་པ། །ཞེས་དང་།  ལེའུ་གསུམ་པ་ལས།  ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་།  ལེའུ་བཞི་པ་ལས།  བསླད་པ་དེ་དང་དེ་དག་གིས། །འབྲེལ་པ་འགལ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བའི་སྦྱོར་དེས་ན། །དེ་དག་བསླད་པའང་ཤེས་མ་ཡིན། །ཞེས་པ་སོགས་ཀྱིས་རྟོག་པ་རིམ་པ་བཞིན་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་གནས་ལུགས་ཀྱི་དོན་ལ་འཁྲུལ་བ་དང་།  སྒྲ་དང་དོན་གཉིས་གཅིག་ཏུ་སྲེས་ནས་འཛིན་པ་དང་།  རང་ལ་དངོས་སུ་སྣང་བའི་རྣམ་པ་ལ་ཕྱི་རོལ་གྱི་དོན་ཉིད་དུ་ཞེན་པས་ན་འཁྲུལ་བར་གསུངས་པ་དང་།  ཡང་རྣམ་འགྲེལ་ལེའུ་གཉིས་པ་ལས།  འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་རྟོག་བློ་ལྡོག་པ་ལ་དེའི་ཞེན་ཡུལ་སུན་ཕྱུང་དགོས་པ་སོགས་གསུངས་པ་ལ་བལྟས་ན།  ཡུལ་གྱི་གནས་ཚུལ་རྣམ་རྟོག་གིས་མི་རྙེད་པས་རིགས་ངོར་གྲུབ་པ་ཁས་བླངས་པའི་དོན་མེད་པ་དང་།  རྟོག་པ་ཀུན་ལྡོག་པ་ཁས་བླངས་པས་ཞེན་ཡུལ་སུན་ཕྱུང་དགོས་པའང་གཞུང་འདི་དག་གིས་ལེགས་པར་གྲུབ་པ་མིན་ནམ་སྙམ་པ་དང་།  གཞན་ཡང་རྔོག་བློ་ཆེན་པོས་རྣམ་འགྲེལ་གྱི་འགྱུར་གཞུང་དུ།  ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པ་དཀའ་ན་ཡང་། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ཞེས་ཚད་མ་རྣམ་འགྲེལ་ལྟ་བ་ངན་པ་ཀུན་སེལ་བའི་བསྟན་བཅོས་ཡིན་པ་དང་།  བརྗོད་དོན་གཉིས་སུ་མེད་པའི་དོན་དམ་ཡིན་པ་སོགས་གསུངས་པས་དབུ་མའི་དགོངས་པ་ལ་བཀྲལ་བ་དང་། ཕྱྭ་བ་སོགས་བོད་སྔ་རབས་པ་ཁག་ཅིག་སྡེ་བདུན་གྱི་དགོངས་པ་དབུ་མ་ལ་བཀྲལ་བ་རེད་ཅེས་པཎ་ཆེན་ཤཱཀ་མཆོག་པས་གསུངས་པ་ལྟར་ན་ཆོས་རྗེ་ས་པཎ་གྱིས་དེ་དག་ལ་ཆེད་དུ་གཏད་ནས་དགག་པ་མི་གནང་བའི་རྒྱུ་མཚན་མེད་དེ།   ཚད་མ་རིགས་གཏེར་གྱི་ནང་ནས་རིགས་པ་སྨྲ་བ་ཁས་འཆེ་བ་དག་གིས་ལོག་པར་རྟོག་པ་དུ་མ་མཐོང་བས་དེ་དག་སུན་དབྱུང་བའི་ཆེད་དུ་རྩོམ་ཞེས་པའི་ལོག་རྟོག་རྒྱུད་ལྡན་གྱི་དགག་བྱའི་ཕྱོགས་སྔ་གཙོ་གྲས་དེ་དག་ཡིན་པས་སོ།།   དེས་ན་ལུགས་འདི་ལ་བརྟེན་ནས་ཐར་པ་ཙམ་དུ་མ་ཟད་ཐམས་ཅད་མཁྱེན་པ་ཡང་ཐོབ་པ་ཡོད་དམ་སྙམ་ནས་ཁོ་བོ་ཤིན་ཏུ་དོགས་པས་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་རྣམ་པ་དང་། རྣམ་དཔྱོད་དང་ཤེས་རབ་ཀྱི་གཤོག་པ་ཐོགས་པའི་ཆོས་ཀྱི་མཆེད་པོ་དག་གིས་ཅིས་ཀྱང་གནད་ལ་ཁེལ་བའི་གསུང་ལེན་རེ་ཡོད་པ་ནི་གུས་པའི་སྙིང་ནས་རེ་བའི་སྐད་ཆའི་ཚིག་གོ།
གཞུང་ལུགས་ནོར་བུའི་བང་མཛོད་ལ།།
དགག་སྒྲུབ་རིགས་པའི་བྱི་དོར་མཛོད།།
དོགས་སློང་ཡིད་ཀྱི་འཆར་སྒོ་ལ།།
ལུང་དང་རིགས་པས་སྒྲོ་འདོགས་ཆོད།།
ཅེས་བྱ་བ་ནི་མཇུག་བསྡུ་བའི་ཚིགས་སུ་བཅད་པའོ།།
 

སླར་སྨྲས་པ། 
 
དཔྱོད་ཤེས་བློ་ཡི་འཇུག་པ་ཆེས་ཕྲ་ཞིང་།།
རྒྱ་ཆེན་གཞུང་གི་དགོངས་དོན་གཞལ་དཀའ་ཡང་།།
དམ་པའི་ལེགས་བཤད་རིགས་པའི་གཞུང་ལུགས་ལ།།
མང་དུ་ཐོས་པ་བསོད་ནམས་བརྒྱ་ལས་གྲུབ།།
 
རྣམ་པར་དག་པའི་ཀུན་སློང་མི་དམན་ཞིང་།།
གཞི་ལམ་འབྲས་གསུམ་བརྗོད་བྱའི་སྲོག་བཟུང་སྟེ།།
ཚད་མའི་གཞུང་ལ་ཅུང་ཙམ་དཔྱད་པའི་ཚོགས།།
བསྟན་པར་རྒྱས་ཤིང་འགྲོ་བ་བདེ་ཕྱིར་བསྔོ།།
 
ལེགས་བཤད་དལ་འགྲོའི་ཆུ་རྒྱུན་མ་ཆད་པར།།
སྐལ་ལྡན་སྙན་གྱི་གསོས་སུ་ཕུལ་བ་གང་།།
མང་ཐོས་སྨྲ་བའི་བཤེས་གཉེན་དམ་པ་ཡི།།
གང་གི་སྐུ་དྲིན་ཅིས་ཀྱང་མཚོན་མི་ནུས།།
 
རྒྱ་ཆེན་གཞུང་ལ་ཅུང་ཙམ་གོམས་པའི་དོན།།
དམ་པའི་བཤེས་དང་ཆོས་མཐུན་གྲོགས་རྣམས་ཀྱི།།
དྲིན་དུ་གོ་ཞིང་དྲིན་ལན་གཞལ་དཀའ་ཡང་།།
བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག།
 
ཆོས་དང་ཆོས་མིན་རྣམ་པར་འབྱེད་བྱེད་ཀྱི།།
ཆོས་ཀྱི་གཞུང་ལུགས་ཚད་མ་རིགས་པ་ཡིས།།
ཆོས་མིན་རྣམ་རྟོག་འགག་པར་བྱེད་པ་དང་།།
ཆོས་ཀྱི་དེ་ཉིད་གཟིགས་པར་འཕེལ་གྱུར་ཅིག།

ཅེས་ཚད་མ་གོང་མའི་སློབ་མ་ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲྭ་རིགས་སུ་གཏོགས་པ་མགོ་རྡོ་རྒྱལ་པོ་དེས་མཁས་གྲུབ་བྱེ་བའི་འབྱུང་གནས་མ་ཡུམ་རྫོང་སར་ཁམས་བྱེ་ལྔ་རིག་སློབ་གྲྭ་ཆེན་མོ་ནས་ལོ་མཇུག་གི་རྒྱུགས་རྩོམ་དུ་བྲིས་པ་རེ་ཞིག་རྫོགས་པས་འདིས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པ་ལ་ཕན་ཐོགས་པར་གྱུར་ཅིག་གོ།  །།  དགེའོ།།  དགེའོ།།
                                         
 རྩོམ་སྒྲིག་པ། མྱི་གསར་བ།