ཉན་ཐོས་སྡེ་པ་བཅོ་བརྒྱད།

    འོད་གསལ་རྡོ་རྗེས་བརྩམས།

༄༅། །གཞུང་ལུགས་བརྒྱ་ཕྲག་དག་ལས་འཁྲུངས་པའི་སྡེ་པ་བཅོ་བརྒྱད་ཀྱི་ལུགས་བཟང་མདོར་ཙམ་འབྱེད་པ་དཀར་གསལ་འབེལ་གཏམ་དང་པོའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས་སོ།
                                    
འོད་གསལ་རྡོ་རྗེས་བརྩམས། 


ཐུགས་རྗེའི་བདག་ཉིད་ཅན་གྱི་བདེ་གཤེཊ་དང་བཅུ་དྲུག་གཞོན་ནུ་ཚུལ་བཟུང་ལྷ་མཆོག་ངག་གི་དབང་ཕྱུག་རྣམ་གཉིས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། བྱིན་གྱིས་བརླབ་ཏུ་གསོལ།

འཇོ་སྒེག་མཚན་དཔེའི་གཟི་བྱིན་སྟོང་ལྡན་ཅན།།
ཁེངས་དྲེགས་མ་མོའི་རྒོལ་ངན་དཔུང་སྡེབ་འགེངས།།
དཔལ་ཡོན་སྐྱེད་ཚལ་རྒྱན་པའི་སྤྲིན་འབྱུང་བཞིན།།
མངོན་ཤེས་དྲུག་ལྡན་རྣམ་གསལ་བྱེད་ལ་འདུད།།

 
དྭངས་གཙང་བསྟན་པའི་ལྷ་རྫིང་རོལ་ཞིང་གནས་ལུགས་མུ་ཏིག་བཙལ་བས་རྒྱན།།
སྲིད་གསུམ་གསེར་གྱི་ལྷུན་པོ་ཀློང་ན་ཆུ་འཛིན་གཞུང་ལུགས་འབུམ་ཕྲག་འཁྲིགས།།
སྐྱེ་རྒུའི་གཟེར་ཆེན་དྲི་མ་འདག་བྱེད་དམ་ཆོས་སྦྲང་ཆར་ཟིལ་མ་ཕབས།།
རྒྱ་བོད་མཁས་གྲུབ་ཡིད་མཁར་བྱོན་ཏེ་དོན་མཐུན་ཤིས་པ་དེང་འདིར་སྩོལ།།
 

ཉན་ཐོས་སྡེ་བཞི་བཅོ་བརྒྱད་ཀྱི།།
ཡིན་ཚུལ་རྣལ་མ་རྟོགས་དཀའ་ཡང་།།
བཀའ་བསྟན་ནོར་བུའི་བར་གསེང་ན།།
མཆིས་པའི་ཕྱོགས་སུ་བརྩོན་ནས་སྐྱེས།།

 
ཞེས་མཆོད་བརྗོད་ཀྱི་ཚིག་འབྲུ་རེ་རེས་མདུན་བསུས་ནས་གནའ་བོའི་སའི་སྙིང་པོའི་ཡུལ་དུ་དགེ་འདུན་གྱི་སྡེ་འགའ་ཞིག་གིས་འདུལ་བའི་ལྟ་སྤྱོད་རིམ་བཞིན་སྒོམ་འདོན་བྱས་ཞོར་མི་མཐུན་པའི་རྐྱེན་གྱིས་ཐུབ་བསྟན་ལ་བསྣན་ཚབ་དང་བསྒྱུར་བཅོས་སྣ་ཚོགས་བཟོས་ཤིང་། ཕན་ཚུན་འཁྲུག་ལོང་ཡུན་རིང་གནས་པའི་ཁྲོད་དུ་ཁོང་ཚོའི་སློབ་བརྒྱུད་ཀྱིས་དར་སྤེལ་བྱས་ནས་སྡེ་པ་བཅོ་བརྒྱད་ཅེས་ནང་པའི་རིག་གཞུང་ཆུ་གཏེར་ཟབ་བརླིང་དུ་གསེར་མིག་ཅན་ལྟར་ཁྱབ་རྒྱ་ཆེ་ཤོས་དང་གྲགས་ཅན་ཞིག་རེད་སོང་བས་སྐབས་བབས་འདིའི་ཕྱོགས་སུ་ཡིན་མིན་ཡོད་མེད་ཀྱི་ལུང་རིགས་ཀྱི་དཔུང་ཚོགས་བཤམ་པར་ཆས་སོ། །
དེ་ཡང་ཉན་ཐོས་སྡེ་པ་བཅོ་བརྒྱད་མ་གྱེས་པའི་སྔོན་དུ་རྩ་བའི་སྡེ་གཅིག  །སྡེ་གཉིས། སྡེ་གསུམ། སྡེ་བཞི་ཡོད་པར་གསུངས་པའི་འཕགས་བོད་པཎ་ཆེན་འདི་ལྟར་བྱོན་ཏེ།  སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པར་གྲགས་པའི་འགྲེལ་བ་འོད་ལྡན་ལས། "རྒྱ་འགྲེལ་ཕྱོགས་བསྒྲིཊ་ཤོག་གྲངས་༡༧༧དེའི་ངོས་ཕྲེང་༣"   འདི་སྐད་དུ་སྔོན་ནི་ཐམས་ཅད་ཡོད་པར་སྨྲ་བ་འདི་གཅིག་པུ་ཡོད་པ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་དེ་ལ་བརྟེན་ནས་སྡེ་བ་གཞན་དག་བྱུང་བས་དེ་དག་གི་གཞིར་གྱུར་པའི་ཕྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་སོགས་སྡེ་གཅིག་ཏུ་བཞག་པའོ། །ཞེས་དང་།  མཁས་མཆོག་དུལ་བ་ལྷས་ཀྱང་སྔར་སྡེ་གཅིག་ལས་ཕྱིས་གྱེས་པ་བཞེད་དེ། སུམ་བརྒྱ་པའི་རྣམ་བཤད་སློབ་མ་ལ་ཕན་པ་ལས།  "རྒྱ་འགྲེལ་ཕྱོགས་བསྒྲིཊ་༼ཝ༽༣༩༢"  གཞི་ཐམས་ཡོད་པར་སྨྲ་བ་དེ་དག་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་ལས་སྡེ་བར་གཞན་གྱི་ཐ་སྙད་དུ་བྱ་བ་འདོན་པ་ཡིན་གྱི། གཞན་དག་ལས་ནི་མ་ཡིན་ཏེ། ཐ་མལ་པ་དང་། ཟུར་ཆག་དང་། འབྲིང་དུ་འདོན་པས་བརྗོད་པའི་ཕྱིར་དང་། དུས་ཕྱིས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། ཞེས་སོ།
སྡེ་གཉིས་སུ་འདོད་པ་ནི་མང་དུ་ཡོད་དེ། སྡོམ་གསུམ་འགྲེལ་བའི་མཁན་པོ་རྣམ་པས་ལང་ཀར་གཤེགས་པའི་འགྲེལ་བ་ལས། རྩ་བ་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་ལས་གྱེས་པར་བཤད་པ་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པའི་ལེའུ་བཞིའི་བདག་ཉིད་གྱུར་པའི་དབུ་འགྲེལ་ཐུབ་པ་དགོངས་རྒྱན་ལས། "སྡེ་དགེའི་པར་མ་བསྟན་འགྱུར་དབུ་མ༼ཨ༽ལྡེབ་གྲངས་༢༣༦་རྒྱབ་ཕྲེང་༥་པ"  ཐུབ་པའི་དབང་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ནས་བསྟན་པའི་བྱེ་བྲག་གིས་དང་པོར་སྡེ་བ་གཉིས་ཏེ། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པོ་དག་གོ  །ཞེས་དང་།  
རྒྱ་བོད་མཁས་པ་རྣམས་ཀྱིས་འདུལ་བ་བྱེ་བྲག་ཏུ་བཤད་པ་ལས་སྡེ་གཉིས་སུ་ངོས་བཟུང་ཡོད་པ་བཤད་ཀྱང་བོད་དུ་འགྱུར་མེད་པ་འདྲ་སྙམ་མོ།  །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པར་གྲགས་པའི་ལེའུ་བཅུ་གཅིག་པའི་བདག་ཉིད་ཅན་རྟོག་གེ་འབར་བ་ལས། "རྒྱ་འགྲེལ་ཕྱོགས་བསྒྲིགས། ཉན་ཐོས་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུའི་ཐད་དུ་ལྡེབ་གྲངས་༢༨༥"  ལུགས་གསུམ་ཡོད་པའི་དང་པོ་དང་གསུམ་པ་ནི་གཉིས་སུ་འཆད་པའི་ལུགས་ཡིན་ཏེ། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བ་ལ། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ།  །དེས་རེ་ཞིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ་དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། ། ཞེས་སོགས་སྨྲེང་ཡོད་པ་དང་། ལུགས་གསུམ་པའི་སྐབས་སུ།  དེས་ན་སྡེ་བ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །ཞེས་དང་།
     རྒྱའི་སློབ་དཔོན་མཁན་པོ་ཝེན་ཚིག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པ་ལས། "སྡེ་དགེའི་པར་མ་བསྟན་འགྱུར༼ཏི༽ངོས་ཕྲེང་༢་པ"  ཐེག་པ་ཆུང་ངུའི་སྡེ་བ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས། སྡེ་བ་ཐ་དད་པ་ཉི་ཤུ་འབྱུང་བ་གཉིས་སུ་ཕྱེ་ནས་བསྟན་ཏེ། དང་པོ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་འཆད་པར་བྱེད་པ་ལ་སོགས་པའི་སྡེ་བ་རྣམས་སོ། ཞེས་དང་།
  དེ་བཞིན་དུ་ཀུན་མཁྱེན་ཀློང་ཆེན་པས་མཛོད་འགྲེལ་པདྨ་དཀར་པོ་ལས། "སྨད་ཆ་ལྡེབ་གྲངས་༥"པ  དེའི་ཚེ་གཞོན་ནུ་ཕལ་བ་མདོ་སྡེ་འཛིན་པ་ཕལ་མོ་ཆེ་ཕྱོགས་གཅིག་ཏུ་ཆད་པ་ལས། ཕལ་ཆེན་སྡེ་ཞེས་པ་དང་། རྒན་པོ་ཉུང་ངུ་འདུལ་བ་འཛིན་པ་ཁ་ཅིག་ཕྱོགས་གཅིག་ཏུ་ཆད་པ་ལས་གནས་བརྟན་སྡེ་ཞེས་གྲགས་སོ། །ཞེས་དང་། བླ་མ་མི་ཕམ་གྱི་གྲུབ་མཐའ་རིགས་མཛོད་དང་། ཆོས་འབྱུང་ཕལ་ཆེར་ནང་གཉིས་སུ་འབྱེད་པ་བྱུང་ངོ་། །
      རྩ་བའི་སྡེ་བ་གསུམ་དུ་འཆད་ཚུལ་ནི། ཡང་རྟོག་གེ་འབར་བ་ལས་"གང་གི་ཐད་ལྡེབ་༢༢༨་ཕྲེང་༡༡་ཏུ" གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྩ་བའི་དབྱེ་བ་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ།       
      འདིར་ལང་ཀར་གཤེགས་པའི་འགྲེལ་བའི་ནང་།  དགེ་འདུན་མང་བས་ཕལ་ཆེན་པ་དང་། སྐྱེ་བོ་རྣམས་ཀྱིས་གནས་བརྟན་ཞེས་བརྗོད་པས་གནས་བརྟན་པ་དང་། བཀུར་སྟི་བྱེད་པ་མང་བས་མང་བཀུར་བའོ། ཞེས་གསུམ་ལ་འདོད་ཀྱང་གང་དང་ཐ་སྙད་བཏགས་སྟངས་ཅུང་མི་འདྲའོ། །བོད་མཁས་ལ་ལས་འདུལ་བ་ཕྲན་ཚེགས་ཀྱི་སྐབས་སུ་སྡེ་གསུམ་གྱི་རྣམ་བཞག་བྱས་ཟེར་སྐད་དོ།
      གཙོ་བོ་བོད་དུ་ཡོངས་སུ་གྲགས་པའི་སྡེ་བཞི་འདོད་པ་པོ་ནི། དུལ་ལྷ་དང་ལོ་དྲི་མཁན་པོ་སོགས་ཡིན་ཏེ།  འདུལ་འཛིན་སློབ་དཔོན་དུལ་བ་ལྷས་མཛད་པའི་གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས་སྡེ་བ་ཐ་དད་པ་བསྡུས་པ་བསྟན་པ་ལས། "སྡེ་དགེའི་པར་མ་འདུལ་བའི་བསྟན་འགྱུར་པོ་ཏི་བཅོ་བརྒྱད་ཡོད་པའི་ནང་ཚང་བཅོ་བརྒྱད་པ་༼སུ༽་ཤོག་གྲངས་༡༥༤་རྒྱབ་ཕྲེང་༣" ཤར་དང་ནུབ་དང་གངས་རི་དང་། ཞེས་པ་ནས། ཐ་དད་རྣམ་པར་བཅོ་བརྒྱད་འགྱུར། དེའི་བར་དང་། རྒྱ་གར་གྱི་སློབ་དཔོན་པདྨས་བརྩམས་པའི་དགེ་ཚུལ་སློང་གི་དང་པོའི་ལོ་དྲི་བ་གཉིས་ཆར་ལས་འགྲིན་གཅིག་ཏུ། "རྒྱ་འགྲེལ་ཕྱོཊ་བསྒྲིགས་ཤོག་གྲངས་༣༦༥__༣༦༩" སྡེ་པ་གང་ཞེ་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའོ། སྡེ་པ་དུ་ཞེ་ན། བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་དང་། འཕགས་པ་དགེ་འདུན་ཕལ་ཆེན་པ་དང་། འཕགས་པ་དགེ་འདུན་མང་པོས་བཀུར་བ་དང་། འཕགས་པ་གནས་བརྟན་པའོ། །ཞེས་དང་།  བརྟག་གཉིས་དང་རྒྱུད་སྡེ་སྤྱི་རྣམ་སོགས་ལས་ཀྱང་ཐོག་མ་སྡེ་བཞི་གྱེས་པར་བཞེད་དོ། །
    སྔོན་བྱོན་པཎ་གྲུབ་གང་གའི་འདོད་ཚུལ་དེ་དག་ལ་ནོར་འཁྲུལ་གཅིག་ཀྱང་ཡོད་མི་སྲིད་པས་གང་རུང་བདེན་རྫུན་འབྱེད་པ་ནི་ལས་ངན་ཚབ་ཆེན་ཡིན་ན་ཡང་།དུས་རབས་བཅུ་གསུམ་པའི་དཀྱིལ་དུ་བྱོན་པའི་དགེ་སློང་ཤེས་རབ་བཟང་པོའམ་ཀུན་མཁྱེན་མཚོ་སྣ་བས་ཚད་ལྡན་གྱི་གཞུང་ལུགས་གཉིས་བཤད་ཚུལ་མཐུན་པོ་ཡོང་མ་ཐུབ་ན་ལག་ལན་དོག་མཐའ་གཟུང་བར་བྱའོ། །ཞེས་གསུངས་པ་ལྟར་འདི་ཐོག་མ་སྡེ་གཅིག་འདོད་པའི་ལུགས་སུ་ཕྱོགས་ན་ལུང་རིགས་དང་འགྲིག་རྒྱུ་འབེལ་པོ་འབྱུང་བ་ཡིན་ལ། མ་ཚད་བཅོམ་ལྡན་རིག་རལ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱིས་གྲུབ་མཐའ་མེ་ཏོག་རྒྱན་སོགས་ལས་སྡེ་བའི་ལུགས་ཀའི་ཟེར་སྒྲོས་མ་གཏོགས་སྒྲུབ་བྱེད་གཏན་འཁེལ་བྱེད་པ་ཞིག་བྱུང་མེད་པ་དང་། ལྷག་པར་དུ་འཇམ་དབྱངས་དངོས་ས་པཎ་གྱིས། འདི་དོན་རྒྱས་པར་སྡེ་པ་ནི།  །ཐ་དད་བཀླག་པའི་འཁོར་ལོ་དང་། འདུལ་བ་འོད་ལྡན་ལ་སོགས་ལྟོས། ཞེས་ཚིཊ་བཅད་འགའ་ཞིག་གིས་ངོས་བཟུང་སོཊ་ལ་ཁ་སྐོང་ཞིག་ནོམ་བསམ་ཐོན་ཐུབ་པའི་རེ་བ་ཞིག་ཡིད་ཁམས་རྒྱ་མཚོར་བཅོལ་ནས་འདི་ལྟར་བྱ་སྟེ།
     སྤྱིར་སྟོན་པ་ཞལ་བཞུགས་པའི་ཚེ་འཁོར་གྱི་འདུལ་བྱའི་ཉན་ཐོས་ནང་གནས་བརྟན་སྒྲ་གཅན་ཟིན་དང་། འོད་སྲུང་ཆེན་པོ། འཕཊ་པ་ཀ་ཏ་ན་ཡ། ཉེ་བར་འཁོར་སོགས་ཡོད་པ་ཡིན་ལ། དེའི་སྐབས་སུ་གྱེས་པའི་ཉན་ཐོས་གང་ཡང་མེད་པས་འདུལ་བའི་བསླབ་བྱ་གཅིག་མཐུན་ཡིན་ནོ།   །ཕྱིས་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཉན་ཐོས་ཁོང་རྣམ་པས་སྟོན་པའི་མདུན་དུ་ཐོས་པའི་སྡེ་སྣོད་སོགས་རྗེས་འབྲང་རྣམས་ཀྱིས་སྐད་རིགས་འདྲ་མིན་དབང་གིས་འཆད་ཚེ་ཕན་ཚུན་གྱི་བསམ་བློ་ཕྱོགས་སྟངས་དང་། སྡོམ་ལྟུང་བཞག་སྟངས་སོགས་མི་མཐུན་པའི་གནས་ཚུལ་བྱུང་བས་ལོ་མང་པོའི་ཁྲོད་དུ་འཛེམ་དོགས་སྣ་ཚོགས་པ་བྱས་པའི་རྐྱེན་གྱིས་གྱེས་ནས་དེ་ལ་རྒྱ་བོད་མཁན་པོ་རྣམ་པས་གྱེས་པ་བཅུ་བདུན་དང་བཅོ་བརྒྱད། ཉི་ཤུའི་ཚུལ་གྱི་འགྲེལ་སྟངས་མང་དུ་མཆིས་ཏེ། སུམ་བརྒྱ་པའི་རྣམ་བཤད་ཡོངས་ཀྱིས་གྱེས་པ་བཅུ་བདུན་འགྲེལ་པར་བྱས་པའི་ཕྱིར་རོ། །ལོ་དྲི་མཁན་པོས། "༣༦༥" ཡོད་སྨྲ་ལ། འོད་སྲུང་པ་དང་ས་སྟོན་སྡེ། །ཆོས་སྲུང་པ་ཡི་མིང་ཅན་རྣམས། །གཞི་ཀུན་ཡོད་པར་སྨྲ་བ་སྟེ། །ཞེས་དང་། ཕལ་ཆེན་པ་ལ། དྲུག་སྡེ་ཤར་གྱི་རི་བོ་དང་། །དེ་བཞིན་བྱང་དུ་རི་བོ་དང་། །དབུས་པ་ཞེས་བྱ་དེ་ལས་གཞན། །རྣམ་པར་ཕྱེ་སྟེ་སྨྲ་བ་དང་། །གཞན་ནི་དེ་བཞིན་བཏགས་པར་སྨྲ། །འཇིག་རྟེན་འདས་པར་སྨྲ་བ་སྟེ། །ཞེས་དྲུག་དང་། མང་བཀུར་བ་ལ། གོས་དམར་བ་དང་སྲུང་བ་པ། །ས་སྒྲོགས་རིས་དང་དེ་བཞིན་གཞན། །མང་དུ་ཐོས་རྣམས་སྨྲ་བ་དང་། །གནས་མའི་བུ་ཡི་མིང་ཅན་རྣམས། །ཞེས་ལྔ་དང་། གནས་བརྟན་པ་ལ། རྒྱལ་བྱེད་ཚལ་ན་གནས་པ་དང་། །འཇིཊ་བྱེད་རི་ལ་གནས་པ་དང་། །གཙུག་ལག་ཁང་ཆེན་ལ་གནས་པ། །ཞེས་གསུམ་དུ་འདོད་དོ། །
འདུལ་འཛིན་དུལ་བ་ལྷས་གསུངས་པ་ལྟར། "སྡེ་དགེ་པར་མ་འདུལ་བ་བསྟན་འགྱུར་༼སུ༽"རྩ་བ་སྡེ་བཞིའི་ནང་གི་དང་པོ་ལ། གཞི་ཀུན་པ། འོད་སྲུང་པ། ས་སྟོན་པ། ཆོས་སྲུང་པ། མང་ཐོས་པ། གོས་དམར་བ། རྣམ་པར་ཕྱེ་སྟེ་བའི་སྨྲ་བའི་སྡེ་པ་བདུན་གྱེས་པའོ། །   གཉིས་པ་ལ། ཤར་གྱི་རི་བོ་པ། ནུབ་ཀྱི་རི་བོ་པ། གངས་རི་པ། འཇིག་རྟེན་ལས་འདས་པར་སྨྲ་བ། བཏགས་པར་སྨྲ་བའི་སྡེ་པ་དང་ལྔའོ།    གསུམ་པ་ལ། རྒྱལ་བྱེད་ཀྱི་ཚལ་དུ་གནས་པ། འཇིགས་མེད་ཀྱི་རི་ལ་གནས་པ། གཙུག་ལག་ཁང་ཆེན་པོ་ན་གནས་པའི་སྡེ་པ་དང་གསུམ་མོ།    བཞི་པ་ལ། ས་སྒྲོགས་རི་བ། སྲུང་བ་པ། གནས་མ་བུའི་སྡེ་པ་དང་གསུམ་གྱེས་སོ།ཞེས་གསུངས་སོ།
        སློབ་དཔོན་བྷ་བྱས་མཛའ་པའི་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་བཤད་ལས། "སྡེ་དགེའི་པར་མ་འདུལ་བའི་བསྟན་བཅོས་༼སུ༽༡༤༨" ལུགས་གསུམ་ཡོད་པའི་དང་པོ་ནི། དགེ་འདུན་ཕལ་ཆེན་པའི་སྡེ་པ་རིམ་གྱིས་དབྱེ་བ་གྱུར་པ་ན་བརྒྱད་དུ་གནས་ཏེ། དགེ་འདུན་ཕལ་ཆེན་སྡེ་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་པ་དང་། བཏགས་པར་སྨྲ་བ་དང་མཆོད་རྟེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པའོ། གནས་བརྟན་པ་ཡང་རིམ་གྱིས་གྱེས་པས་རྣམ་པར་བཅུ་འགྱུར་ཏེ། རྣམ་པར་ཕྱེ་ཏེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། གནས་མའི་བུ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་པ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟངས་འབེབས་པ་དང་། འཕོ་བར་སྨྲ་བ་སྟེ།  སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ནི་དེ་དག་གོ  །ཞེས སོ།
    གཉིས་པ་ནི། གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་ཏེ། ཐམས་ཅད་ཡོད་པར་སྨྲ་བ། མདོ་སྡེ་སྨྲ་བ། མང་པོས་བཀུར་བ། ཆོས་མཆོག་པ། བཟང་པོའི་ལམ་པའོ།  དགེ་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱད་དེ། དགེ་འདུན་ཕལ་ཆེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་དང་། རྒྱལ་པོའི་རི་པ་དང་། གངས་རི་པ་དང་། མཆོད་རྟེན་པ་དང་། དོན་གྲུབ་པ་དང་།  བ་ལང་གནས་པའོ། རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ།  ས་སྟོན་པ་དང་། འོད་སྲུང་པ་དང་། ཆོས་སྦས་པ་དང་། གོས་དམར་པོ་ཞེས་བྱའོ། །
    གསུམ་པ་ནི། ཕལ་ཆེན་སྡེ་པ་དྲུག་དང་གནས་བརྟན་པ་བཅུ་གཉིས་འདྲ་ཡོད་པའི་རྣམ་བཞག་བྱས་ཀྱང་ཚིག་དོན་གང་གི་ཆ་ནས་ཅུང་འགྲངས་སྟངས་མི་བདེ་བས་དཔྱད་པར་བྱ་དགོས་སོ།
     སློབ་དཔོན་དབྱིག་གཤེས་ཀྱི་མཛད་པའི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ལས། "སྡེ་དགེའི་པར་མ་འདུལ་བའི་བསྟན་འགྱུར་༼སུ༽་༡༤༢"   དེ་ལྟར་ན་དགེ་འདུན་ཕལ་ཆེན་པའི་སྡེ་པ་དེ་ནི་དགེ་འདུན་ཕལ་ཆེན་པའི་སྡེ་དང་། ཐ་སྙད་གཅིག་པའི་སྡེ་དང་། འཇིག་རྟེན་ལས་འདས་སྨྲའི་སྡེ་དང་།  བྱ་གག་རིས་ཀྱི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་།  བཏགས་པར་སྨྲ་བའི་སྡེ་དང་། མཆོད་རྟེན་པའི་སྡེ་དང་། ནུབ་ཀྱི་རི་བོའི་ཞེས་བཤད་པ་དང་། དེའི་འོག་ཏུ་དེ་ལྟར་གནས་བརྟན་པའི་སྡེ་པ་ཞེས་བྱ་བའི་སྡེ་པ་དེ་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། གངས་རི་པའི་སྡེ་དང་། གནས་མ་བུའི་སྡེ་དང་། ཆོས་མཆོག་པའི་སྡེ་དང་། བཟང་པོའི་བུའི་སྡེ་དང་།  ཀུན་གྱིས་བཀུར་བའི་སྡེ་དང་། གྲོང་ཁྱེར་དྲུག་པའི་སྡེ་དང་། ས་སྟོན་པའི་སྡེ་དང་། ཆོས་སྲུང་པའི་སྡེ་དང་། འོད་སྲུངས་པའི་སྡེ་དང་། འཕོ་བར་སྨྲ་བའི་སྡེ་ཞེས་བྱ་བ་རྣམ་པ་བཅུ་གཅིག་ཏུ་རབ་ཏུ་རྣམ་པར་བཞག་གོ །ཞེས་ཁོང་རྣམ་པས་འདོད་པའི་གྱེས་པ་བཅོ་བརྒྱད་ཡིན་ཚུལ་ཕྱོགས་སུ་རྗེས་འབྲང་མང་དུ་ཡོད་ཀྱང་མཐའ་གཅིག་ཏུ་སྡེ་པ་བཅོ་བརྒྱད་ཡང་ཁས་ལེན་མི་ཐུབ་སྟེ།
     ལང་ཀར་གཤེགས་པའི་འགྲེལ་པར། ཕལ་ཆེན་སྡེ་པ་ལ་ཕལ་ཆེན་པ་དང་། ལན་གཅིག་བཤད་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། བྱམས་མངལ་གྱི་སྡེ་དང་། མང་དུ་ཐོས་པ་དང་། བཏགས་པར་སྨྲ་བ་དང་། མཆོད་རྟེན་རི་བ་དང་། བྱང་གི་རི་བ་དགུ་དང་། གནས་བརྟན་པའི་སྡེ་པ་ལ་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་།  བེའུ་བ་དང་། ཆོས་མཆོག་པ་དང་། ཀུན་གྱིས་བཀུར་བ་དང་། ཡང་དག་ཚད་མ་བ་དང་། ནགས་སྟུག་པོ་པ་དང་། སར་སྒྲོགས་རིས་པ་དང་། ཆོས་གསུངས་པ་དང་། མདོ་སྡེ་ཚད་མར་བྱེད་པ་འོད་སྲུང་པ་དང་། བཅུ་གཅིག་སྟེ་སྡེ་པ་ཉི་ཤུར་བཤད་དོ་ཞེས་སྡོམ་གསུམ་འགྲེལ་བའི་མཁན་པོ་རྣམ་པས་དྲངས་ཀྱང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པའི་འཕགས་པ་ལངྐར་གཤེགས་པའི་འགྲེལ་པ་དང་། "སྡེ་དགེའི་པར་མ་མདོ་སྡེའི་བསྟན་འགྱུར་༼ནི༽"  རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པའི་འཕགས་པ་ལངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ "སྡེ་དགེ་པར་མ་བསྟན་འགྱུར་༼པི༽ གཉིས་ལས་སྡེ་བ་སོ་སོའི་རྣམ་བཞག་མི་འདུག་པས་གོང་དུ་ལུང་དྲངས་པ་དེ་གཞུང་ལུགས་གང་ན་ཡོད་པ་མཁྱེན་རྒྱ་ལྡན་པ་རྣམ་པས་བལྟ་བར་བགྱིའོ། །
      འོན་ཀྱང་རྒྱའི་མཁན་པོ་ཝེན་ཚིག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པ་ལས་ཅུང་ཙམ་གསུངས་ཏེ། "སྡེ་དགེའི་པར་མ་མདོ་སྡེའི་བསྟན་འགྱུར༼ཏི༽ངོས་ཕྲེང་༢་པ"  ཐེག་པ་ཆུང་ངུའི་སྡེ་བ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས། སྡེ་བ་ཐ་དད་པ་ཉི་ཤུ་འབྱུང་བ་གཉིས་སུ་ཕྱེ་ནས་བསྟན་ཏེ། དང་པོ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་འཆད་པར་བྱེད་པ་ལ་སོགས་པའི་སྡེ་པ་རྣམས་སོ།
ཞེས་གསུངས་སོ།     །གང་ལྟར་བཅོ་བརྒྱད་ཀྱི་གྱེས་ཚུལ་ནི་བོད་མཁས་ཀུན་གྱིས་བཞེད་མཐུན་གཅིག་ཡིན་ཡང་།  དེང་སང་རྒྱའི་མཁན་པོའི་བསྟན་བཅོས་ནང་གི་གྱེས་པ་ཉི་ཤུ་གླེང་བར་དོར་སྣང་མེད་པ་མ་ཟད་ཕལ་ཆེར་མཐོང་སྣང་ཡང་མ་བྱུང་བ་འདྲའོ། ལྷག་པར་ཏུ་བྱེ་བྲག་བཤད་པ་ཆེན་པོ་དང་མངོན་མཛོད་གཉིས་སྒྲིག་སྟངས། བྱམས་ཆོས་དང་ས་སྡེ་སྡོམ་གཉིས་མཐུན་སྟངས་སོགས་བྱེ་སེམས་ཀྱི་ལྟ་སྤྱོད་མཚོ་མོ་ལ་གནད་དོན་གྱི་མུ་ཏིག་བཙལ་བསམ་ན་ངེས་པར་དུ་བསྟན་འགྱུར་ཁྲོད་དུ་བཞུགས་ཡོད་པའི་ཁོང་གི་ཡིག་ཆའི་༼མདོ་སྡེ་ཏི་ཐི་དི༽་གཟིངས་ཆེན་ལ་བརྟེན་ནས་རྒྱུ་དགོས་པ་ནི་ཁོ་བོས་སེམས་སོ། །
      ཡང་ལ་ལས་སྟོན་པ་བཀའ་དྲིན་ཅན་ཞལ་བཞུགས་པའི་སྐབས་སུ་ཉན་ཐོས་རྩ་བའི་སྡེ་བཞི་མེད་པར་འདོད་པའང་མི་འཐད་དེ།      ཀྱེ་རྡོ་རྗེའི་རྩ་རྒྱུད་ལས།  "རྒྱུད་འབུམ་བཀའ་འགྱུར་སྡེ་དགེའི་པར་མ་༼ང༽་ལྡེབ་གྲངས་༣་པ"  སྡེ་བ་བཞི་ནི། གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། ཀུན་གྱིས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ། །ཞེས་དང་།    ཡང་བརྟག་པ་གཉིས་པའི་ལེའུ་བཞི་པའི་ཐད།  "༼ང༽་ཤོབ་གྲངས་༢༡་རྒྱབ་ཕྲེང་༤ པ"  གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཆོས་ནི་སྨྲ་བས་བྱུང་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད། །གང་ཕྱིར་འགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཉིད། །གང་ཕྱིར་བདེ་ཆེན་མགོར་གནས་པས། བདེ་བའི་འཁོར་ལོར་དགེ་འདུན་ཆེ། ཞེས་དང་།  ས་བཅུའི་དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེ་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་ལས། "རྒྱུད་སྡེའི་བསྟན་འགྱུར་༼ཀ༽་ཤོབ་གྲངས་༡༦" སྡེ་བར་བཞི་རྣམས་ནི། གནས་བརྟན་ལྟེ་བར་རོ། །ཐམས་ཅད་ཡོད་པར་སྨྲ་བ་སྙིང་ག་ནའོ། །མགྲིན་པར་ཀུན་གྱིས་བཀུར་བའོ། །དཔྲལ་བར་དགེ་འདུན་ཕལ་ཆེན་པའོ།ཞེས་དང་།   ཡང་ "ཤོབ་ལྡེབ་༡༠༡་" དེ་ཉིད་ལས།ད་ནི་སྡེ་པ་ཆེན་པོས་ངེས་ཚིག་བསྟན་པར་བྱ་སྟེ། གང་ཕྱིར་སྤྲུལ་པ་གནས་བརྟན་ཉིད། ཅེས་པ་ནི། གང་དུ་གནས་ནས་སྲོག་འགྲོ་བ་དང་། འོང་བའི་གཞི་བརྟན་པར་བྱེད་པའི་ཕྱིར་རོ། །ཆོས་ནི་སྨྲ་བ་འབྱུང་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད། །ཅེས་བྱ་བ་ནི་སྙིང་གི་སྲོག་རླུང་གི་སྨྲས་བརྗོད་པ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་རོ། །གང་ཕྱིར་འགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོ་ཀུན་གྱིས་བཀུར། ཞེས་བྱ་བ་ལས་རྩ་ཐམས་ཅད་རྒྱས་པར་བྱེད་པའི་བཟའ་བ་དང་། བཅུད་པའི་རོ་མགྲིན་པ་ནས་རྒྱུ་ལ་དེའི་ཕྱིར་རྩ་ཐམས་ཅད་ཀྱིས་བཀུར་བའི་ཕྱིར་དེ་སྐད་ཅེས་བྱའོ། །གང་ཕྱིར་བདེ་ཆེན་འགོར་གནས་པ། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་ཕར་ཆེན་སྡེ་པའི་འཁོར་ལོ་ན་གནས་པའི་ཕྱིར་རོ། ཞེས་འཁོར་ལོ་བཞིའམ་ཕྱག་རྒྱ་བཞིར་རིམ་བཞིན་སྦྱར་སྟངས་གསུངས་པའི་རྒྱུད་དང་རྒྱུད་འགྲེལ་སོགས་སྒྲུད་བྱེད་འབེལ་པོ་ལྡན་པར་མ་ཟད་རྣམ་པར་གཅིག་ཏུ་ན་སྟོན་པའི་སྐབས་སྡེ་བ་བཅོ་བརྒྱད་ཀྱང་ཡོད་པར་གྲུབ་སྙམ་ཏེ།  "གོང་གི་ཐད་༡༠༡"  སྡེ་པ་ཞེས་བྱ་ལུས་སུ་བརྗོད།   ཞེས་སྡེ་པར་བཅོ་བརྒྱད་ནི་ཐུན་མོང་དུ་ལུས་སྤྱི་ལ་བརྗོད་དོ། ཞེས་ས་བཅུའི་དབང་ཕྱུག་ཆེན་པོས་ཚིག་འགྲེལ་དེ་ལྟར་བྱས་ཡོད་མོད། འོན་ཀྱང་འགྲེལ་པ་འོད་ལྡན་ལས། གྱེས་པ་རྣམ་པ་བཅུ་བདུན་ནི་སྡེ་སྣོད་གསུམ་པོ་དེ་ལ་མི་སྣང་བ་ཡིན་ཏེ་སྡོམ་གྱིས་མ་བསྡུས་པའི་ཕྱིར་ཞེས་བྱུང་བ་དང་འོས་འཚམ་དཀའ་བས་བརྟག་པར་འཚལ་ལོ། །ཁ་ཅིག་གིས་རྒྱུད་ཚིག་འདིའང་མ་འོངས་པའི་ལུང་བསྟན་ཚུལ་དུ་གླེང་ཡང་ཤེས་བྱེད་མེད་དོ། །
     འོ་ན་སྡེ་པ་མ་གྱེས་པའི་སྔོན་དུ་རྩ་བའི་སྡེ་གཅིག་ཏུ་འདོད་པ་མི་རིགས་ཏེ། ཐོག་མར་ནས་བཞི་ཡོད་པ་ལུང་སོགས་ཀྱིས་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལུང་གིས་སྡེ་པ་བཞིའི་མིང་སྨོས་ཡོད་ཀྱང་དེའི་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བ་ནི་གྱེས་པའི་རྩ་བ་ཡིན་པའི་ཕྱིར་ཏེ། སྡེ་པ་འདི་ལ་བརྟེན་ནས་གཞན་དག་འབྱུང་དགོས་པ་དང་། དེ་དག་ནང་སྡེ་པ་འདི་མཆོག་གམ་རྩ་བ་ཡིན་པའི་རྒྱུ་མཚན་གྱིས་གཞི་ཞེས་པའི་ཚིག་དེ་སྡེ་པ་དེ་ལ་དབང་ཡོད་པའི་ཕྱིར་རོ། །དུལ་བ་ལྷ་དང་འགྲེལ་པ་འོད་ལྡན་རྣམས་སུའང་རྩ་བའི་སྡེ་གཅིག་ཡིན་པར་རིགས་པ་དུ་མས་བསྒྲུབས་པའོ། །ཁྱད་པར་དུ་རྩ་བའི་སྡེ་པ་བཞིའི་སློབ་དཔོན་བཞི་པོ་སྟོན་པའི་གཙོ་འཁོར་ཡིན་པས་དེའི་དུས་སུ་སྡེ་བཞི་ཡོད་མེད་ཀྱི་ཐེ་ཚོམ་གྱི་ཁྲོད་དུ་གནས་པར་མི་དགོས་སོ། །དུས་ཕྱིས་སྡེ་པ་བཅོ་བརྒྱད་དུ་གྱུར་པ་ནི་གདུལ་བྱའི་དོན་དུ་ཡིན་གྱི་བསྟན་པའི་སྐྱོན་སོགས་མ་ཡིན་ཏེ། བཀའ་བརྒྱུད་པའི་མཁས་པ་ཆེན་པོ་ཀུན་མཁྱེན་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས། སྟོན་པ་འདི་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པའི་གཅིག་ནི། ང་མྱ་ངན་ལས་འདས་པའི་འོག་ཏུ་ཡང་འདུལ་བྱའི་དོན་དུ་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་གྱུར་ཅིག་ཅེས་མདོ་ལུང་གིས་གྲུབ་པར་གསུངས་པའི་ཕྱིར་རོ། །
   དེ་ལྟར་རྩ་བའི་སྡེ་ལས་གྱེས་པ་བཅོ་བརྒྱད་ཕྱོགས་སུ་བཞེད་སྟངས་འདྲ་མིན་བྱས་ཀྱང་མི་འགྲིཊ་པའི་ཆ་ཆེན་པོ་མེད་དེ། རྩ་བའི་སྡེ་གཉིས་དང་གསུམ་བཞི་ལས་གྱེས་པ་ནི་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཤི་བ་དང་དགྲ་བཅོམ་པ་རྣམས་ཀྱིས་སྐད་རིགས་འདྲ་མིན་གྱི་ཚིག་ལ་མངོན་ཞེན་གྱིས་རིམ་བཞིན་གཞུང་གཞན་དང་གཞན་དུ་སྦྱར་ནས་བཅོ་བརྒྱད་དུ་གྱུར་ཡིན་མོད། འོན་ཀྱང་ཚད་ལྡན་གྱི་མཁས་པ་ཡོངས་ཀྱིས་གླེང་བའི་བཀའ་བསྡུ་བྱས་པའི་ལོ་ཚིགས་དང་བསྟུན་ན་ཧ་ཅང་འགྲིག་དཀའ་བས་ཕྲན་དཔྱད་ཞིག་ནི་གཞན་དུ་བཀོད་ཟིན་པའོ།   །དེ་བཞིན་དུ་བཅུ་བདུན་དང་བཅོ་བརྒྱད། ཉི་ཤུ་གྱེས་པ་བཤད་པ་ཡང་སྡེ་པའི་ཚན་པ་འདྲ་མིན་ནང་མིང་གཅིག་ཀྱང་དོན་མི་གཅིག་པ། དོན་གཅིག་ཀྱང་མིང་ཐ་དད་པ། རྣམ་གྲངས་སོགས་རིགས་མང་དུ་བྱུང་བས་འདོད་ཚུལ་ཐ་མི་དད་ཀྱང་མིང་གི་སྒོ་ནས་ཕྱེ་བ་ཡིན་ཏེ། དཔེར་ན་དུལ་ལྷ་དང་དབྱིག་བཤེས་ཀྱིས་དགེ་འདུན་ཕལ་ཆེར་པའི་སྡེར་ལྔ་དང་། ལེགས་ལྡན་གྱིས་བརྒྱད་དང་། སྡེ་གསུམ་འཐད་པ་པས་བརྒྱད་དང་། སྡེ་གཉིས་ཁས་ལེན་པ་པས་དྲུག་དང་། རྫོགས་གསལ་གྱིས་ཡོད་སྨྲ་བ་ལ་བཅུ་དང་། ཕལ་ཆེན་པ་ལ་བཅུ་དང་། ཡང་ཕལ་ཆེན་པ་ལ་དགུ་དང་། གནས་བརྟན་པ་ལ་བཅུ་གཅིག་བྱས་པ་སོགས་ཀྱིས་རྟོགས་ཐུབ་བོ། ། 
     དེ་བཞིན་དུ་སྟོན་པས་སོ་སོར་ཐར་པའི་མདོ་མི་འདྲ་བ་བཞི་གསུངས་པ་དང་གྱེས་པའི་ཕྱོགས་སུའང་སོར་མདོ་མི་འདྲ་བ་བཅོ་བརྒྱད་ཡོད་པ་ནི་མིན་ཏེ། གཞན་དུ་ན་བཀའ་བསྡུ་དང་པོའི་སྐབས་སུ་འདུལ་བ་སྡུད་མཁན་དགྲ་བཅོམ་པ་ཉེ་བར་འཁོར་ཡིས་སྟོན་པས་བསླབ་གཞི་བཅས་པ་སོགས་ཡོངས་སུ་བསྡུས་པའི་ནང་འདུལ་བ་མི་འདྲ་བ་ཐོན་ཡོང་བ་དང་།  དེའི་མདུན་དུ་བཀའ་དག་མ་དག ཚང་མི་ཚང་། མཐུན་མི་མཐུན་སོགས་ལ་ཞིབ་མོའི་སྒོ་ནས་དཔྱད་པའི་དགྲ་བཅོམ་པ་ལྔ་བརྒྱ་ཡོད་པ་རྣམས་ཀྱིས་འདི་ནི་སྟོན་པའི་བསྟན་པའོ་ཞེས་སོགས་བསམ་བློ་གཅིག་ཏུ་ཡོང་མི་ཐུབ་པ་ངེས་སོ། །
  དེང་སང་སྡེ་པ་སོ་སོ་ལ་འདུལ་བ་མི་འདྲ་བ་ཡོད་པའི་དོགས་པ་དེ་ཡོང་སའི་གཞི་ནི་སྡོམ་གསུམ་རབ་དབྱེ་ཡིན་མོད། འོན་ཀྱང་ས་པཎ་གྱིས་རྩ་བའི་སྡེ་པ་བཞི་ལས་གྱེས་ནས་བཟུང་བརྒྱུད་འཛིན་དག་གིས་སྐད་རིགས་མི་འདྲ་བའི་དབང་གིས་འདུལ་བ་དུ་མ་ཡོད་ཅེས་པ་ཡིན་གྱི་སྟོན་པ་ཞལ་བཞུགས་དུས་སྡེ་པ་བཞིའི་སློབ་དཔོན་རྣམས་གཙོ་འཁོར་ཡིན་པས་དེའི་ཚེ་སྟོན་པས་སོར་མདོ་སོགས་ཀྱི་འདུལ་བ་ཐ་དད་པ་ཅི་ཡང་མ་བསྟན་ཏེ། གལ་ཏེ་ཡོད་ན་མང་བཀུར་སྡེ་པའི་མཁན་པོ་ཉེ་བར་འཁོར་ཡིས་འདུལ་བའི་སྡེ་སྣོད་བསྡུ་བའི་ཚེ་ཉན་ཐོས་ཆེན་པོ་འོད་སྲུང་གིས་དག་ཐེར་སྐབས་སུ་ནོར་བཅོས་བྱེད་རིགས་ཏེ།  ཕལ་ཆེན་སྡེ་བའི་མཁན་པོ་ཡིན་པའི་ཕྱིར་རོ། །ཀུན་མཁྱེན་བུ་སྟོན་གྱིས་སྡེ་པ་བཅོ་བརྒྱད་པོ་དེ་རྣམས་ལ་འདུལ་བ་དང་མདོ་སྡེའི་ལུང་ཐ་དད་པ་ཡོད་པར་མངོན་ཏེ་གསུངས་པའང་སྐད་རིགས་ཀྱིས་བཟོ་བཅོས་བྱས་པའམ་སྟོན་པས་གསུངས་པའི་འདུལ་བའི་སྡེ་སྣོད་ཉིད་འགྲེལ་མཁན་དུ་མ་བྱུང་བས་ནང་ཚང་ལུང་མི་འདྲ་བ་ཡོད་པར་དགོངས་པའོ། ། སྡེ་པ་སོ་སོ་དང་བཀའ་བསྡུ་སོགས་ལ་དམིགས་གསལ་བརྟགས་པ་ཞིག་ནི་བོད་ཀྱི་ཤེས་ལྡན་ཆེན་པོ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་སྡོམ་གསུམ་འཁྲུལ་སྤོང་དགོངས་རྒྱན་དུ་བྱུང་བས་བལྟ་བར་བྱོས་ཤིག་གོ ། "སྡོམ་གསུམ་ཕྱོགས་བསྒྲིགས་པོད་༧་ལྡེབ་༡༦༥"
         ཡང་ཆོས་འབྱུང་འགའ་ཤས་ལས་བཀའ་བསྡུ་གསུམ་པ་འདི་ལུང་གིས་མ་ཟིན་པའི་ཚུལ་འདྲ་བོ་གསུངས་ཀྱང་། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་ཀུན་ལས་བཏུས་པ་ལས། ཡང་དག་པར་སྡུད་པ་ལྔ་བརྒྱ་པ་དང་། བདུན་བརྒྱད་པ་དང་། བཞི་བརྒྱ་པ་ཞེས་བྱ་བ་ལ་སོགས་པས་ཡུལ་དང་དུས་གང་གི་ཚེ་ཇི་ལྟར་ཡང་དག་པར་བསྡུས་པའི་ལོ་རྒྱུས་ནི་བདེ་བར་གཤེཊ་པའི་ལུང་ཉིད་ལས་གསུངས་པ་བཞིན་ནོ་ཞེས་བཤད་པས་གྲུབ་པའོ། ། "རྒྱས་པར་ནི་སྡེ་དགེའི་པར་མ་འདུལ་བའི་བསྟན་འགྱུར༼པུ་ཕུ་བུ༽་གསུམ་ལས་བྱུང་བའོ། །
   ཡང་འགའ་ཤས་ཀྱིས་སྡེ་པ་བཅོ་བརྒྱད་ཀྱིས་ཐེག་ཆེན་བཀའ་མིན་པ་འདོད་དོ་ཟེར་བ་ནི་མདོ་དང་ཆོས་འབྱུང་གི་གྲོང་ལ་རྒྱུ་མི་མྱོང་པའི་རྟགས་ཡིན་ཏེ། སྟོན་པས་ཐར་པ་ཐོབ་པའི་ཆེད་རྒྱ་གར་དུ་བྱེ་སྨྲ་ནས་དབུ་མའི་བར་བློ་རིགས་མཐོ་དམན་ལྟར་འཛིན་གྲྭ་བཞི་ལྟ་བུའི་རྣམ་བཞག་བྱས་ཀྱང་དེའི་ཚེ་གཙོ་འཁོར་རྣམ་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་ཤེར་ཕྱིན་གྱི་མདོ་སོགས་ཐོས་མེད་པ་མ་ཡིན་ལ། ཉམས་ལེན་བྱས་མེད་པའང་ག་ལ་སྲིད།  འོན་ཀྱང་བཀའ་བསྡུ་མཁན་པོ་དག་གིས་མ་བསྡུ་བ་ནི་དེའི་དུས་ཐེག་ཆེན་གྱི་མདོ་སོགས་རྒྱུད་ལ་མངའ་བས་དག་ཐེར་མི་དགོས་ཤིང་། མི་རིང་བ་ན་འཕགས་པ་ཀླུ་སྒྲུབ་བྱོན་ནས་ཐེག་ཆེན་གྱི་སྲོལ་རྒྱས་པར་མཛད་པའི་ཚེ་ཉན་ཐོས་ཁ་ཅིག་སྔར་ཡུན་རིང་དུ་ཐེག་ཆེན་གྱི་ཆོས་མ་ཐོས་པའི་དབང་གིས་ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་དང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ནོ་ཞེས་སྐུར་འདེབས་བྱུང་བའི་རྐྱེན་གྱིས་ཕྱི་རབས་པ་འགའ་ཞིག་གིས་ཉན་ཐོས་སྡེ་པ་བཅོ་བརྒྱད་ཡིན་ནས་བཟུང་བཀའ་ཁས་མི་ལེན་བཤད་པ་ནི་ཧ་ཅང་ཉེས་པ་ཚབ་ཆེན་ཡིན་ཏེ།
     དབུ་མའི་འགྲེལ་བ་སྤྱན་རས་གཟིགས་བརྟུལ་ཞུགས་ལས། འདི་ལྟར་དགེ་འདུན་ཕལ་ཆེན་སྡེ་པ་ཉིད་ཀྱི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བའི་ཁོངས་སུ་ཐེག་པ་ཆེན་པོ་འདི་ཡང་གཏོཊ་ཏེ། དེ་ཡང་ས་བཅུ་པའི་མདོ་དང་། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དག་འབྱུང་བའི་ཕྱིར། ཞེས་དང་། དགེ་འདུན་ཕལ་ཆེན་སྡེ་ཉིད་ཀྱི་ཤར་གྱི་རི་བོའི་སྡེ་དང་ནུབ་ཀྱི་རི་བོའི་སྡེ་དག་ལས་ཀྱང་། འཕྲལ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་ཆེན་གྱི་མདོ་སྡེ་དག་བྱུང་བའི་ཕྱིར་རོ། །ཞེས་སོགས་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་དུ་མས་བཀའ་བསྡུ་མཁན་པོ་དང་ཉན་ཐོས་སྡེ་པའི་སློབ་དཔོན་སོགས་སངས་རྒྱས་དངོས་ཀྱི་སྤྲུལ་བ་ཡིན་པ་བསྒྲུབས་ཏེ།  དབང་བསྐུར་གྱི་རྒྱུད་དང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་སོགས་ལས། འདི་ལྟ་སྟེ་འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། རྣམ་པར་སྣང་མཛད་ནི་ཤཱཀྱ་ཐུབ་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་ཟིན་དུ་གྱུར་ཏོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ཞེས་དང་།   ཇོ་བོ་ཆེན་པོས། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་། །རྫོགས་པའི་བྱང་ཆུབ་འགྱུར་བ་དང་། །ཞི་བགྲོད་གྲུབ་མཐའ་འཛིན་པའོ།  ཞེས་སོགས་མང་དུ་གསུངས་པས་གཞུང་ལུགས་ཚད་ལྡན་ཡོངས་ཀྱི་བརྗོད་བྱ་ལ་བརྟག་ནས་མི་རུང་བའི་བསམ་བློ་དང་མི་ཕན་པའི་དོགས་སློང་རྒྱང་དུ་དོར་བ་བྱའོ། །གོང་སྨོས་ལ་དོགས་སློང་ཞིག་ནི་སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན་པའི་དུས་ཡིན་པ་འདོད་ན། རྒྱའི་སློབ་དཔོན་མཁན་པོ་ཝེན་ཚིག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པ་ལས།༼ཏི༽་༣༡་ངོས་ཕྲེང་༢་པ"  སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ལོན་པ་ན། སྡེ་པ་ཉི་ཤུའི་སློབ་དཔོན་རྣམས་སོ་སོ་ནས་རང་གི་རིག་པས་ཆོས་ཀྱི་འཁོར་ལོ་དང་པོའི་རྣམ་པར་བཤད་པ་དག་བྱས་སོ།  དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསྟན་བཅོས་རྣམས་མཛད་དེ་ཞེས་སོགས་བཤད་ཡོད་པས་བརྟག་པར་བྱའོ། །
   རྩ་བའི་སྡེ་བཞིའི་སོ་སོའི་མཁན་པོའི་མིང་འདི་ཡང་སྟོན་པ་འདས་རྗེས་བཏགས་པ་ཞིག་ཡིན་ལ། སོ་སོའི་རྗེས་འཇུག་གིས་ལྟ་སྤྱོད་འདྲ་མིན་བཟུང་བ་སོགས་ནི་གཙོ་བོ་དགེ་སློང་ལྷ་ཆེན་པོས་སྲོལ་གཏོད་པའི་རུང་མིན་གྱི་གཞི་ལྔས་ཤན་ཞུགས་པའི་གནད་འགག་ཡིན་ཡང་། བཀའ་བསྡུ་གསུམ་པའི་སྐབས་སྡེ་པ་ཚང་མའི་བསྟན་པ་གཙང་མ་བསྒྲུབས་པར་མ་ཟད་རྣམ་དག་ཡིན་པའི་སྒྲུབ་བྱེད་ཀྱང་ཡོད་དེ།
     རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་དང་།  མ་ག་དྷའི་རྟོགས་བརྗོད་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ཀྱི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པའི་མཛོད་འགྲེལ་ཚིག་གསལ་ལས། གླང་ཆེན་ཁྲོན་པ་ཕྱེ་དང་ཙནྡན་ཚལ། །གླང་ཆེན་ཕྲུ་གུ་དང་ནི་སྤྲེའུ་དབང་སྐུར། །མི་གཙང་བཅུ་དང་རས་རུག་འཐབ་མོ་ཞེས། །རྨི་ལམ་བཅུ་ནི་ཀྲི་ཀྲིས་མཐོང་བ་ཡིན།  ཞེས་གསུངས་ཏེ། དེའི་ནང་གི་རྨི་ལམ་དགུ་པ་རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་དྲས་པ་རྨི་བ་ནི། མི་བཅོ་བརྒྱད་ཀྱིས་རས་ཡུག་ཆེན་དཀར་པོ་དྲི་མ་མེད་པ་གཅིག་ཕར་ཚུར་དྲས་པས་རེ་རེས་རས་ཡུག་མི་ཉམས་པ་ཐོབ་ཅིང་། ད་དུང་ཐུན་མོང་གི་རས་ཡུག་སྔར་གྱི་ན་རྨིས་པ་དེ། སངས་རྒྱས་འོད་སྲུང་གིས། དེ་ནི་མ་འོངས་པའི་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ལ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རྣམ་པ་བཅོ་བརྒྱད་དུ་གྱུར་ཀྱང་།  རྣམ་པར་གྲོལ་བའི་རས་ཡུག་ནི་ཉམས་པར་མི་འགྱུར་རོ་ཞེས་ལུང་བསྟན་པ་དང་།  
    ལོ་དྲི་མཁན་པོས་དགེ་ཚུལ་སློང་གི་ལོ་དྲི་བ་ལས། "རྒྱ་འགྲེལ་ཕྱོགས་བསྒྲིགས༼ཛ༽༣༦༦_༣༧༠" ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། ཞེས་དང་། ལྟ་བའི་བྱེ་བྲག་འབའ་ཞིག་གིས། །རྒྱུ་ཡི་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་དང་།
ས་པཎ་གྱིས། རྒྱལ་པོ་ཀྲི་ཀཱིའི་རྨི་ལམ་ལྟར། །སྡེ་པ་ཐམས་ཅད་བདེན་པར་གསུངས། །ཞེས་སོགས་གསུངས་སོ། །
      ད་དུང་དེ་དག་གི་བསྟན་པ་རྣམ་དག་ཡིན་པའི་ཤེས་བྱེད་ནི་མཁས་མཆོག་བུ་སྟོན་རིན་ཆེན་གྲུབ་པས་མཛད་པའི་འདུལ་བའི་རིན་པོ་ཆེའི་མཛེས་རྒྱན་ལས་བྱུང་ཡོད་དོ། །གྲགས་ཆེན་བཅོ་བརྒྱད་ནང་གི་པོ་ཏི་དང་པོའི་ལྡེབ་གྲངས་༣༡༢་ནང་དུའོ། །
      གཞུང་འགའ་ཤས་ལས། བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དུ་རྨི་ལམ་བརྒྱད་འབྱུང་སྟེ། མེ་ཏོག་རྗེའུ་རྒན་པོ་རྟ། །ཁྱི་དང་བ་དང་མི་དང་ནི། །སེང་གེའི་རོ་ནི་བརྒྱད་པ་ཡིན། ཞེས་རྨི་ལམ་བཅོ་བརྒྱད་ཅེས་ཀྱང་གྲགས་པ་དང་འདིའི་དཔེ་དོན་ལའང་བསམ་དགོས་སོ།  །
       ཁྱད་པར་དུ་སྡེ་པ་སོ་སོའི་འདུལ་བར་གཏོགས་པའི་ལྟ་སྤྱོད་མཐར་ཐུག་པ་དེ་ཕན་ཚུན་མི་མཐུན་པ་མེད་པའི་རྒྱུ་མཚན་གྱིས་རྒྱ་གར་གྱི་དགོན་པའི་ནང་སྡེ་པ་ཐ་དད་ཀྱིས་ལས་ཀྱི་ཁ་སྐོང་རུང་སོང་བ་ཡིན་ཏེ། པྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ། སྡེ་པ་བཞི་ཀའི་དགེ་སློང་བསྙེན་རྫོགས་ཀྱི་ཁ་སྐོང་ལ་འདུ་བར་བཤད་པའོ། ཞེས་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་གྱིས་གྲུབ་མཐའ་ཀུན་ཤེས་ཀྱི་འགྲེལ་བའི་ནང་གསུངས་སོ། །
     མདོར་ན་དེང་སང་གཅིག་མཐུན་དུ་གྲཊ་པའི་སྡེ་པ་སོ་སོའི་གོ་དོན་ནམ་སྒྲ་དོན་ཙམ་འདི་ལྟར་བྱ་ཆོག་སྟེ།   ༡ གྱེས་པའི་ཕལ་ཆེན་པ་ཞེས་པ་ནི།  ཐོག་མར་གྱེས་པའི་གཞོན་ནུ་དགེ་འདུན་གྱི་སྡེ་ཧ་ཅང་མང་དྲག་པས་མདོ་སྡེ་ཕལ་པོ་ཆེ་ཕྱོགས་གཅིག་ཉེ་བར་སྟོན་པར་བྱེད་པའི་སྡེ་ཞིག་གོ །
  ༢ ཐ་སྙད་གཅིག་པ་ནི། ཐུབ་པའི་དབང་པོས་ཆོས་ཐམས་ཅད་ཐུཊ་གཅིག་གིས་མཁྱེན་པར་འདོད་པའི་སྡེ་ཞིག་གོ །
    ༣ འཇིག་རྟེན་ལས་འདས་པ་སྨྲ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཇིག་རྟེན་པའི་ཆོས་རྩ་བ་ནས་མེད་པར་འདོད་པའི་སྡེ་པའོ།
  ༤ མང་དུ་ཐོས་པ་ནི། མང་དུ་ཐོས་པའི་སློབ་དཔོན་གྱིས་མིག་སྟོན་བྱེད་པའི་སྡེ་ཞིག་ལ་བཞག་གོ །
  ༥ བརྟགས་པར་སྨྲ་བ་ནི། འདུས་བྱས་ཀྱི་ཆོས་སྒྲོ་བརྟགས་ནས་ཕུང་པོ་མེད་པའི་སྡུག་བསྔལ་ཡོད་པར་འདོད་པའི་སྡེ་ཞིག་ཡིན་ནོ།
  ༦ མཆོད་རྟེན་པ་ནི། ལྷ་ཆེན་པོ་ཞེས་བྱ་བའི་ཀུན་ཏུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་རི་ལ་གནས་པ་དེའི་སློབ་རྒྱུད་རྣམས་ལ་བཏགས་པའོ།
  ༧ _༨ ཤར་གྱི་རི་བོ་པ་དང་ནུབ་ཀྱི་རི་བོ་པ་གཉིས་ནི། གྲོང་ཁྱེར་མེ་ཏོག་གི་རྒྱན་པའི་རི་བོ་ཞིག་ལ་ཤར་རི་དང་ནུབ་རུ་གཉིས་ཡོད་ཞིང་། ཤར་ནུབ་རི་ལ་གནས་བཅས་པའི་སྡེ་པའོ། །
  ༩ གནས་བརྟན་པ་ནི། གཞི་ལྔ་པོ་མེད་ཅིང་གང་ཟག་སོགས་ཡོད་པར་འདོད་པའི་གནས་འཕགས་པའི་རིགས་ཞིག་ལ་འདོད་དོ།
  ༡༠ གངས་རི་པ། གང་གི་ཁྱད་ཆོས་ཁས་ལེན་པར་མཚུངས་པའི་གངས་ཀྱི་རི་ལ་བརྟེན་ནས་གནས་པའི་སྡེ་པ་ཞིག་གོ །
   ༡༡ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ནི། འདས་མ་འོངས་ད་ལྟ་བྱུང་བ་ཐམས་ཅད་དང་ཤེས་བྱ་གཞི་ལྔ་རྫས་ཡོད་དུ་སྨྲ་བའི་སྡེ་པའོ།
  ༡༢ རྒྱུར་སྨྲ་བ་ནི།  ཡང་དེ་དག་ཉིད་ལ་གང་བྱུང་བ་དང་འབྱུང་འགྱུར་ཐམས་ཅད་རྒྱུ་དང་བཅས་པ་སྨྲ་བའི་སྡེ་ཞིག་གོ །
  ༡༣ གནས་མ་བུ་པ་ནི། གནས་མ་ཡིན་པའི་བུད་མེད་ཅིག་གི་བུ་བསྙེན་རྫོགས་བཅུའི་ནང་ཚན་ཚུར་ཤོག་གིས་རབ་ཏུ་བྱུང་ཡང་སྒོམ་བྱའི་ལྟ་བ་བརྗོད་མེད་ཀྱི་བདག་ཁས་ལེན་པའི་སྡེ་ཞིག་གོ །
   ༡༤-༡༥ སློབ་དཔོན་ཆོས་མཆོག་དང་ཆོས་སྦས་གཉིས་ཀྱི་ལུགས་སྟོན་པའི་རྣམས་ལ་ཆོས་མཆོག་པ་དང་ཉེར་སྦས་པ་ཞེས་བཞག་གོ །
  ༡༦ མང་པོས་བཀུར་བ་པ་ནི། ཀུན་གྱིས་བཀུར་བའི་སློབ་དཔོན་གྱི་ལུགས་རྗེས་སུ་འཛིན་པའི་སྡེ་ཞིག་གོ །
  ༡༧ མང་སྟོན་པ་ནི། སེམས་ཅན་མང་པོ་ལ་སྲིད་པ་མི་འགྱུར་བར་རྗེས་སུ་སྟོན་པའི་སྡེ་པའོ།
   ༡༨ ཆར་བཟང་འབེབས་པ་ནི། དགེ་ཞིང་ལེགས་པའི་དམ་ཆོས་ཀྱི་
ཆར་འབེབས་པའི་སྡེ་པ་ཞིག་ལ་བཞག་ཡོད་དོ། །
     འདིའི་སྐབས་སུ་དཔྱད་པའི་ཉིང་ཁུ་ཡང་རྩེ་ཞིག་ནི་བོད་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀ་ཡིན་ཏེ།  ཐུབ་དབང་བཀའ་དྲིན་ཅན་གྱིས་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཡོད་དོ་ཞེས་སྨྲ་བ་གང་དག་ཡིན་པ་དེ་དག་བཞེད་པའི་ཕུགས་ཀྱི་སློབ་དཔོན་ནི་བསླབ་པ་ལ་གུས་པའི་མཆོག་ཏུ་ལུང་བསྟན་པ་སྒྲ་གཅན་ཟིན་ཡིན་ལ། ཁོང་གི་རྗེས་འཇུག་ཚོས་སོ་ཐར་གྱི་མདོ་འདོན་པའི་ཚེ། ལེགས་སྦྱར་ལྷའི་སྐད་དུ་འདོན་ཞིང་། སྣམ་སྦྱར་གྱི་སྣམ་ཕྲན་ཉེར་ལྔ་ནས་དགུ་ཡན། དེའི་གྲྭ་རྟགས་སམ་སྡེ་པ་མི་ནོར་བའི་རྟགས་ཨུཏྤལ་པདྨ་རིན་པོ་ཆེ་ཤིང་ལོ་དང་བཞི་ཡོད་པ་ཁས་ལེན་ནོ། །མིང་ཡང་དགྲ་བཅོམ་པས་བྱས་པའི་མིང་གི་ངེས་བརྗོད་ལས། བློ་གྲོས་ཞི་བ་འབྱུང་གནས་སྦས། །དཔལ་བཟང་གྲགས་པ་ཡོད་སྨྲ་བའོ། །ཞེས་པའི་ལུང་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་གྲུབ་མཐའི་རྣམ་བཤད་ལས་དྲངས་ཡོད་པ་དང་།  ད་ལྟ་བོད་དུ་གྲགས་པའི་སྡེ་པ་བཞིའི་འདུལ་བའི་ལག་ལེན་འདི་ཚོ་ཁུངས་ནི་ཇོ་བོས་མཛད་པར་གྲགས་པའི་སྡེ་བ་སོ་སོའི་སྣམ་སྦྱར་གྱི་མཚན་མ་སོགས་བཤད་པའི་གཞུང་ཞིག་ཡོད་གསུངས་པ་དང་།
   ཁ་ཆེ་པཎ་ཆེན་གྱིས་གསུང་སྒྲོས་ལས། རྩ་བའི་སྡེ་བཞིའི་རིགས་དང་སློབ་དཔོན། སྐད་དང་གྲྭའི་རྟགས་སོགས་ཐ་དད་པའི་ཚུལ་དུ་སྨྲ་བ་དང་། ཨ་ཏི་ཤའི་གསུང་སྒྲོས་ལས། སྡེ་བ་འདི་རིམ་བཞིན། ནུབ་ཚངས་ཁྲུ་ཕྱེད་དང་དགུ་དང་བར་དུ་ཡོལ་བ་དང་རི་མོ་དང་ཐག་པས་ཆོད་ན་ཐུབ་པར་འདོད་ཚུལ་རྣམས་བོད་མཁས་འགས་འདི་དག་གི་ཤེས་བྱེད་གང་ཡང་མེད་པ་ཡང་གསུངས་ཡོད་དོ། །རྒྱས་པ་ནི་བུ་སྟོན་གྱིས་འདུལ་འགྲེལ་རིན་པོའི་ཆེ་མཛེས་རྒྱན་ལས་"༣༡༢" གསུངས་སོ། །ཡང་སྡེ་པ་གཞན་གྱི་འདུལ་བ་ལ་ཡོད་པའི་ཆོ་ག་ཡང་གཞི་ཐམས་ཅད་ཡོད་སྨྲ་བའི་འདུལ་བའི་ནང་མི་སྣང་བ་དུ་མ་ཡོད་པ་ཀུན་མཁྱེན་བུ་སྟོན་གྱིས་འདུལ་བའི་ལག་ལེན་དྲི་མ་མེད་པའི་ཕྲེང་བ་ལས་ "༢༠༨" གསུངས་པའི་ཕྱིར་རོ། །
    སྤྱིར་སྟངས་རྩ་བའི་སྡེ་པ་གཉིས་ཀྱི་ལུགས་ལ་ཡོད་སྨྲའི་སྡེ་པ་དར་སྟངས་དང་དེའི་ལྟ་སྤྱོད་སོགས་ཀྱི་གནས་ཚུལ་ལ་དཀའ་ངལ་ཆེན་པོ་མེད་དེ། རྟོག་གེ་འབར་བ་སོགས་དང་ལྷག་པར་དུ་བཙུན་པ་དབྱིག་བཤེས་ཀྱི་མཛད་པའི་བྱེ་བྲག་བཀོད་པའི་འཁོར་ལོ་ལས ་"༡༤༢" སྡེ་པ་སོ་སོའི་འབྱུང་སྟངས་སོགས་དུ་མ་བྱུང་ཡོད་ཀྱང་། རྩ་བའི་སྡེ་བཞི་འདོད་པའི་ཕྱོགས་སུ་ཡོད་སྨྲའི་སྡེ་པ་འདིར་གྱེས་པའི་རབ་དབྱེ་ལ་གཙོ་བོ་བཤད་སྟངས་མི་འདྲ་བ་གཉིས་ཐོན་ཏེ། འདུལ་འཛིན་དུལ་བ་ལྷས་བདུན་དང་། ལོ་དྲི་མཁན་པོའི་བཞི་བཞག་པའི་ནང་བོད་ཀྱིས་མཁས་པ་རྣམས་ཀྱིས་དང་པོ་འཐད་ཕྱོགས་བྱས་པས་གཞི་ཐམས་ཅད་ཡོད་སྨྲ་བའི་གྲུབ་མཐའ་ཉིད་དབྱེ་བའི་བདུན་གྱི་ནང་ཚང་གཅིག་ཡིན་པར་ཐེ་མི་ཚོམ་པས་གང་ཡིན་ཞེ་ན། གཞི་ཀུན་པའི་སྡེ་པ་མ་གཏོགས་གཞན་རྣམས་ཀྱིས་དུས་གསུམ་རྫས་གྲུབ་ཁས་མི་ལེན་པའི་སྟེང་མུ་སྟེགས་ཅན་ལ་མངོན་ཤེས་མེད་པ་དང་། ལྷ་ཡུལ་པ་ལ་ལམ་མེད་པ་དང་། བར་སྲིད་མེད་པ་དང་དགྲ་བཅོམ་པའི་ལུས་ནི་ཟག་མེད་ཀྱི་ངོ་བོར་གྱུར་པ་དང་། སྡུག་བསྔལ་བདེན་པའི་མཚན་ཉིད་བཞིའི་ནང་སྡུག་བསྔལ་མ་གཏོགས་གཞན་རྣམས་འཇིག་རྟེན་ལས་འདས་པའི་ཆོས་ཡིན་པ་དང་། ཟག་བཅས་ཀྱི་ཕུང་པོ་ངེས་པར་འགག་དགོས་ན་ལམ་སྒོམ་པ་འབའ་ཞིག་དགོས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་མ་ཡིན་པའི་ཕུང་པོ་གཞན་བཞིའི་རང་བཞིན་ལ་ཁྱད་པར་མེད་པ་སོགས་ཁས་ལེན་ཀུན་བོད་དུ་འགྱུར་བའི་ཡོད་སྨྲའི་གཞུང་ལུགས་འདུལ་མངོན་གྱི་སྡེ་སྣོད་ཡོངས་ཀྱི་དགོངས་འགྲེལ་དང་ལྷག་པར་དུ་མངོན་པར་མཛོད་ཀྱི་ཁ་ཆེ་བྱེ་སྨྲའི་གྲུབ་མཐའ་དང་རྩ་བ་ནས་མི་མཐུན་པ་ཡིན་ནོ། །
དེའི་ཕྱིར་གྱེས་པ་བདུན་གྱི་ནང་གི་ཡ་གྱལ་གཞི་ཀུན་པའི་སྡེ་པ་ནི་བོད་ཀྱི་མཁས་གྲུབ་གཉིས་ལྡན་དག་གིས་བཞེད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བ་དེ་ཡིན་ཏེ། སྡེ་པ་དེས་གང་ཇི་ལྟར་ཡོད་པ་དེ་བཞིན་དུ་ཡོད་དོ། དུས་གསུམ་དང་། མིང་དང་། གཟུགས་ཀྱིས་ནི་འདུས་བྱས་ཐམས་ཅད་བསྡུས་སོ། ། འདུས་མ་བྱས་དངོས་པོ་ནི་རྣམ་པ་གསུམ་མོ། །འདས་པ་དང་མ་འོངས་པ་ནི་ཡོད་དོ། །འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ། འགག་པ་དང་། གནས་པ་དང་།  མི་རྟག་པ་ཉིད་དང་།  སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་དག་གོ་ཞེས་སོགས་བཞེད་པ་དང་།   དུལ་ལྷ་རང་ཉིད་ཀྱིས་ཀྱང་།  གཞི་ཀུན་པ་དང་འོད་སྲུང་སྟེ། །ཞེས་པའི་སྐབས་ཀྱི་གཞི་ཀུན་པ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་འགྲེལ་ཡོད་པས་གདོན་མི་ཟ་བར་ད་ལྟ་བོད་འགྱུར་དགེ་སློང་ཕའི་སོར་མདོ་དང་། འདུལ་ལུང་སྡེ་བཞི། དེའི་དགོངས་འགྲེལ། ཡང་འགྲེལ་རྣམས་གཞི་ཀུན་པའི་སྡེ་པའི་ལུགས་ཡིན་ནོ། །འོན་ཀྱང་དགེ་སློང་མའི་སོར་མདོ་དང་རྣམ་འབྱེད་ནི་༼འདུལ་བའི་བཀའ་འགྱུར་པོ་ཏི་ཏ༽སྡེ་པ་འདིའི་ལུགས་ཀ་མ་ཡིན་ཏེ། དཔེར་མ་ལྟུང་བྱེད་བརྒྱ་དང་དགུ་བཅུ་བགྲངས་པ་སོགས་དང་། མཁས་པའི་ཁྱུ་མཆོག་བུ་སྟོན་གྱིས་ཀྱང་མ་ཡིན་པ་གསུངས་པའི་ཕྱིར་རོ། ། ཕྱིས་སུ་རྒྱ་གར་ཡུལ་དུ་གཞི་ཀུན་པའི་སྡེ་པ་འདིའི་བསྟན་པ་ཧ་ཅང་བདོ་ནས་རབ་བྱུང་མང་དུ་འཚར་ལོང་བྱུང་བའི་རྗེས་བསྟན་བཅོས་བྱེ་བྲག་བཤད་པ་ཆེན་མོའི་རྗེས་སུ་འབྲང་ནས་མངོན་པ་བྱེ་བྲག་སྨྲ་བ་དང་། འདུལ་བ་བྱེ་བྲག་སྨྲ་བ་གཉིས་སུ་བྱུང་རྗེས་ཁ་ཆེ་བྱེ་སྨྲ། ཡུལ་དབུས་བྱེ་སྨྲ། ཉི་འོག་བྱེ་སྨྲ་གསུམ་བྱུང་བའི་ནང་ཁ་ཆེ་བྱེ་སྨྲ་ཉིད་ལ་ཡང་བག་ཆགས་ཁས་ལེན་པ་དང་མི་ལེན་པའི་རྣམ་གཞག་མང་དུ་བྱུང་ཡང་ཁ་ཆེའི་ཡུལ་དང་དེ་ལ་གནས་པའི་དགེ་འདུན་སྡེ་རྣམས་ཡང་རྩེ་ཡིན་པ་མདོ་ལུང་གྱིས་གྲུབ་སྟེ། འདུལ་བ་ལུང་གཞི་ལས། "བཀའ་འགྱུར་༼ཁ༽ལྡེབ་༡༡༧" བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་མཐོང་ངམ། བཙུན་པ་མཐོང་ལཊ་སོ། དེ་ནི་ཨུ་ཤི་རའི་རི་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཞི་གནས་དང་རྗེས་མཐུན་རྣམས་ཀྱི་མཆོག་གནས་མལ་གྱི་མཆོག་ཏ་མ་ལའི་ཚལ་ཞེས་བྱ་བར་འགྱུར་རོ། ། ཞེས་དང་། " ༡༢༠" ཡང་ལག་ན་རྡོ་རྗེ་དེ་ནི་ཁ་ཆེའི་ཡུལ་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་དགེ་སློང་ཀུན་དགའ་བོའི་ལྷན་ཅིག་གནས་པ་དགེ་སློང་ཉི་མ་གུང་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེས་ཀླུ་གདུག་པ་ཧུ་ལུ་དུ་བཏུལ་ནས་ཐབས་བཤམས་ཏེ་དེ་ལས་སྐྱིལ་མོ་ཀྲུང་ཤོང་བའི་ས་བླངས་ནས་ཁ་ཆེའི་ཡུལ་ཀུན་ཏུ་བསྟན་པ་འཇོག་པའི་ཕྱིར་རོ། །ངའི་ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ཁ་ཆེའི་ཡུལ་མཆོག་ཏུ་འགྱུར་རོ། ཞེས་སོགས་ཀྱིས་མ་འོངས་པར་ཡུལ་དང་དེར་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་འཕེལ་ཞིང་རྒྱས་པའི་གསལ་སྟོན་དུ་མ་མདོ་ཚིག་གིས་ཟིན་པས་ཕྱིས་མཁས་ཤིང་གྲུབ་པའི་རྒྱན་དྲུག་མཆོག་གཉིས་དག་གིས་སྡེ་པ་འདིའི་བསླབ་པའི་ཁྲིམས་དམ་པོ་བཟུང་བ་དང་། བསླབ་བྱའི་གནས་ཇི་བཞིན་བསྟན་ཐུབ་པའི་རྣམ་བཤད་འབེལ་པོའང་མི་ཡུལ་དུ་འཁྲུངས་ཤིང་དེའི་ནང་སློབ་དཔོན་དབྱིག་གཉེན་གྱིས་སྐུ་ཚེ་སྟོད་དུ་དགེ་རྒན་འདུས་བཟང་རྗེས་སུ་འབྲང་ནས་ཁ་ཆེ་བྱེ་སྨྲའམ་གཞི་ཀུན་པའི་སྡེ་པའམ་ཐམས་ཅད་ཡོད་སྨྲའི་གྲུབ་མཐའ་རང་རྐང་ཚུགས་པའི་གཞུང་ལུགས་མཛོད་རང་འགྲེལ་དང་དེ་ལ་ཡང་འགྲེལ་འཕགས་བློ་གྲོས་བརྟན་པས་མཛད་པའི་འགྲེལ་བཤད་གནམ་ལྕགས་ཐོག་གཟེར། དེའི་སློབ་མ་གང་བ་སྤེལ་གྱིས་མཛད་པའི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ།  རྒྱལ་པོ་སྲས་ཀྱིས་མཛད་པའི་འགྲེལ་བཤད་དོན་གསལ་བ། ཁ་ཆེ་འདུས་བཟང་གིས་མཛད་པའི་འགྲེལ་བཤད་མདོ་དང་མཐུན་པ། ཕྱོགས་གླང་གིས་མཛད་པའི་འགྲེལ་བཤད་གནད་ཀྱི་སྒྲོན་མེ། བལ་པོ་ཞི་གནས་ལྷས་མཛད་པའི་འགྲེལ་བཤད་ཆོས་མངོན་པ་ལ་ཉེ་བར་མཁོ་བ་སོགས་མང་དུ་བྱུང་ཞིང་། ད་ལྟའི་བསྟན་འགྱུར་ཁྲོད་དུའང་འགྱུར་ཡོད་དོ། །གཞུང་ལུགས་འདི་རྣམས་མངོན་པ་བྱེ་བྲག་སྨྲ་བའི་དབང་དུ་བྱས་པ་ཡིན་ནོ། །འདུལ་ལུང་སྡེ་བཞིའི་དགོངས་འགྲེལ་ནང་གཙོ་བོ་སློབ་དཔོན་ཡོན་ཤཱཀ་གཉིས་དང་དེའི་རྗེས་འབྲང་ཆོས་བཤེས་སོགས་ཀྱིས་འདུལ་བ་བྱེ་བྲག་སྨྲ་བའི་ལྟ་སྤྱོད་རིམ་བཞིན་སྤེལ་ནས་བོད་ཀྱི་བསྟན་འགྱུར་ཁྲོད་དུ་བཞུགས་ཀྱང་། དེའི་ནང་མདོ་རྩའི་འགྲེལ་ཆུང་དང་། འགྲེལ་བ་འོད་ལྡན་གཉིས། ཡོན་ཤཱཀ་གཉིས་ཀྱིས་གཞུང་ལུགས་མིན་པར་དོགས་ཏེ། ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་བཤད་དེ་ནི་འདུལ་བའི་བསྟན་འགྱུར་ཁྲོད་དུ་ཡོད་པའི་༼ཟུ་ཞུ༽པོ་ཏི་ཆེན་པོ་གཉིས་ཡིན་ལ། དེ་ལས་གཞན་དུ་རང་འགྲེལ་ཆུང་བ་ཞིག་བརྩམ་དགོས་པའི་རྒྱུ་མཚན་ཆེན་པོ་མེད་དོ། །གལ་ཏེ་བསྟན་འགྱུར་ནང་གི་༼ལུ༽མདོ་རྩའི་འགྲེལ་པ་དེའི་མཛད་བྱང་ཡོད་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་སོ་ཞེས་མིང་འདི་ཙམ་ལ་བརྟེན་ནས་རང་འགྲེལ་ཆུང་བ་འདོད་ཀྱང་རང་འགྲེལ་ཆེན་པོ་དང་མི་མཐུན་ཏེ། དཔེར་ན་འགྲེལ་པ་ཆུང་བའི་ནང་སྡོམ་པའི་བར་ཆད་ཕྱོགས་སུ་༼རྒན་རབས༽་དེ་ལོ་བདུན་བཅུ་ལོན་པ་ཡན་ཆད་ལ་བྱས་ཡོད་ཀྱང་རང་འགྲེལ་ཆེན་པོ་ནང་དུ་ལོ་བརྒྱ་ལོན་པར་བཞག་ཡོད་པ་སོགས་དེ་དང་དེ་འདྲ་བའི་རིགས་ཀ་མང་དུ་ཡོད་པས་འགྲེལ་ཆུང་འདི་རང་འགྲེལ་ཡིན་ཞེས་སྨྲ་མི་ཕོད་དོ། །ཡང་དུལ་བ་ལྷས་མཛད་པའི་སློབ་མ་ལ་ཕན་པའི་མཆོད་བརྗོད་ཀྱི་སྐབས་སུ་ཁོང་གི་བསྟན་བཅོས་འདི་བརྩམ་དགོས་པའི་རྒྱུ་མཚན་ནི་སུམ་བརྒྱ་པའི་འགྲེལ་བཤད་དག་དགེ་ཚུལ་དག་ལ་མཆོག་མིན་པ་གསུངས་པའི་སྟོབས་ཀྱིས་འོད་ལྡན་རང་འགྲེལ་མིན་པར་གྲུབ་པ་དང་། ཀུན་མཁྱེན་བླ་མའི་དངོས་སློབ་ཆེན་པོ་དབང་ཕྱུག་གྲུབ་པས་དུལ་བ་ལྷས་འོད་ལྡན་རང་འགྲེལ་མིན་པར་འདོད་དོ་ཞེས་འདུལ་འགྲེལ་ཚིག་གསལ་ནང་བཤད་པའི་ཕྱིར་རོ། །དེ་ལ་བོད་འགྱུར་ནང་གི་གཞི་ཀུན་པའི་སྡེ་པའི་འདུལ་བའི་བསྟན་བཅོས་པོ་ཏི་༡༨་བསྒྲིགས་ཀྱང་ནང་ཚང་ལོ་དྲི་བ་ནི་གཞི་ཐམས་ཅད་ཡོད་སྨྲའི་གྲུབ་མཐའ་བསྟན་པའི་གཞུང་ལུགས་མིན་ཏེ། ལོ་དྲི་མཁན་པོ་ནི་ཐམས་ཅད་ཡོད་སྨྲ་ཡིན་ཡང་། གཞི་ཐམས་ཅད་ཡོད་སྨྲའི་སྡེ་པ་མ་ཡིན་པར་འདུག་སྟེ། འདུལ་བ་ལུང་དང་། ལས་བརྒྱ་རྩ་གཅིག་ལ་སོགས་པ་ནས་འབྱུང་བ་དང་མི་མཐུན་པའི་ཕྱིར་རོ། ། ཞེས་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་འདུལ་བ་རིན་པོ་ཆེའི་མཛེས་རྒྱས་ལས་"༣༡༠"་གསུངས་སོ། །
     གར་ལྟར་སྟོན་པའི་དུས་སུ་གཞི་ཐམས་ཅད་ཡོད་སྨྲ་དང་ཕྱིས་ཀྱི་གཞི་ཐམས་ཅད་ཡོད་སྨྲ་གཉིས་ལ་ཁྱབ་ཆེ་ཆུང་། ཐམས་ཅད་ཡོད་སྨྲ་དང་གཞི་ཐམས་ཅད་ཡོད་སྨྲ་གཉིས་ཀྱང་ཁྱབ་ཆེ་ཆུང་།  ཁ་ཆེ་བྱེ་སྨྲ་ཡིན་ན་མཛོད་ལུགས་ཀྱི་ཁ་ཆེ་བྱེ་སྨྲ་ཡིན་པས་མ་ཁྱབ་པ། ཉན་ཐོས་སྡེ་པ་བཅོ་བརྒྱད་བྱེ་སྨྲ་ཡིན་པས་ཁྱབ་པ་སོགས་ལ་བདར་ཤ་གཅོད་པའི་མནོ་བ་སྔོན་དུ་ཕྱིན་མེད་བཞིན་དུ་འདུལ་མངོན་གྱི་མཁའ་རུ་ལུང་རིགས་ཀྱི་གཤོག་རྩལ་བརྡབ་ནས་ཅི་ཙམ་འཕུར་ཡང་ཕུགས་ཀྱི་བརྗོད་དོན་རབ་རིབ་དབང་གིས་ལྷད་པས་ཐག་བཅད་པ་ནི་ཧ་ཅང་སྔ་ཆེས་སོ།
    འདུལ་བའི་གཞུང་ལུགས་འདི་དག་གི་གོ་རིམ་དང་བརྗོད་བྱ། མཚན་ཉིད་དང་དབྱེ་བ་སོགས་མཐའ་གཅིག་ཏུ་འཐད་པ་མིན་ཏེ། ཀུན་མཁྱེན་མཚོ་སྣ་བ་དང་པཎ་ཆེན་ངག་ཆོས་ཀྱིས། ཡོན་ཤཱཀ་གཉིས་ཀྱི་དགོངས་པ་ཕལ་ཆེར་མཐུན་པོ་མི་འདུག་གསུངས་པ་དང་། མཁས་མཆོག་ཤང་ཀོང་གིས་འདུལ་འགྲེལ་གཞན་རྣམས་ནི་མདོ་རྩ་ནས་བཤད་པ་དང་མི་མཐུན་པ་དུ་མ་སྣང་བའི་ཕྱིར་རོ། །ཞེས་གསུངས་མོད། འོན་ཀྱང་ཁོ་བོས་སློབ་སྦྱང་གི་ཁྲོད་དུ་ལྟ་ཚུལ་འདི་ལྟར་བྱས་ཏེ། ཐུབ་དབང་གིས་གསུངས་པའི་སོར་མདོ་དང་དེའི་འགྲེལ་འདུལ་ལུང་སྡེ་བཞིའི་ནང་གི་བརྗོད་བྱ་འགའ་རེ་དངོས་བསྟན་དང་ཤུགས་བསྟན། ལ་ལ་དམིཊ་བསལ་དང་བྱེ་བྲག  ཡང་ཕྱོགས་གཅིག་ཚིག་དོན་གྱིས་སྤྱི་བཤད་བྱས་པ་དག་རྒྱ་བོད་མཁས་གྲུབ་ཀུན་གྱིས་འགྲེལ་བའི་ཚེ་དམིགས་གསལ་འགའ་རེ་ཤུཊ་ལ་བཞག་ནས་དངོས་བསྟན་ཉིད་གཙོ་བོར་བྱས་པ་ཡོད་སྟེ། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་མདོ་དང་། དགྲ་བཅོམ་པ་ས་གའི་ལྷས་བྱས་པའི་འདུལ་བ་མེ་ཕྲེང་རྣམས་ན་བརྗོད་བྱ་ཐམས་ཅད་དགེ་སློང་གི་བསླབ་བྱ་སོགས་ཡོང་ཞིང་འདུལ་ལུང་བཞིའི་དངོས་བསྟན་རྣམས་གཙོ་བོར་འགྲེལ་ནས་དེའི་དམིགས་བསལ་འགའ་རེ་བསྟན་མེད་དེ། དཔེར་ན་སོར་སྡོམ་གྱི་འགལ་རྐྱེན་བར་ཆད་ཀྱི་ཆོས་བཅུ་བགྲང་བའི་ནང་དགེ་སློང་མ་སུན་ཕྱུང་བ་དང་། མཚམས་མེད་ལྔ་བྱེད་པ་རྣམས་ལ་སྡོམ་པ་མི་སྐྱེ་ཞེས་གསུངས་པ་ནི་དངོས་བསྟན་དབང་དུ་བྱས་ཡིན་གྱི་གཞན་དུ་ན་ལུང་ཞུ་བ་ཆེན་པོའམ་གཞུང་དམ་པ་དང་འགལ་ཏེ། དགེ་སློང་མ་སུན་ཕྱུང་བ་ལ་རུང་མི་རུང་གཉིས་དང་། མཚམས་མེད་བྱས་པ་ལའང་རུང་མི་རུང་གཉིས་སུ་དབྱེ་བ་སོགས་དེ་དང་དེའི་རིགས་ཀ་མང་དུ་མཆིས། སྐྱེད་ཚལ་དགོན་པའི་མཁན་རབས་གཉིས་པ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་ལུང་རིགས་གཏེར་མཛོད་ནང་དམིགས་བསལ་འགའ་ཤས་ཤུགས་ལ་བྱས་ནས་བརྗོད་དོན་དངོས་བསྟན་བྱས་པའི་རྐྱེན་གྱིས་ངག་ཆོས་དང་། འཇམ་དབྱངས་བཞད་པ་སོགས་ཀྱིས་ཕྱོགས་སྔ་མང་དུ་དྲངས་ཡོད་མོད་དོན་དུ་དམིགས་བསལ་དེ་དག་ཆོས་ཅན་ཁུར་ནས་དགག་པ་མ་གཏོགས་ངེས་དོན་དུ་སྐྱོན་ཅི་ཡང་མེད་དོ། །དེས་མཚོན་ནས་ཡ་གི་རབ་བྱུང་གི་གཞི་འདུལ་བའི་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ནས་བཟུང་མ་ཀི་དགེ་འདུན་དབྱེན་གྱི་གཞི་བར་དུ་དཔྱད་བརྗོད་ངེས་པར་དགོས་ཀྱང་སྐབས་འདིའི་ཁ་བྱང་དང་མི་འགྲིག་པས་བརྩམ་ཆོས་གཞན་དུ་སྦྱར་བར་བྱའོ། །
 
                               མཇུག་བསྡུ་བ།
སྟོན་པ་བཀའ་དྲིན་ཅན་དང་རྒྱ་བོད་ལོ་པཎ་དག་གིས་དཀའ་ཚེགས་དང་སྐུ་ངལ་ལ་མ་འཛེམ་པར་སྐྱེ་རྒུ་ཡོངས་ཀྱི་ན་ཟུག་གི་རི་བོ་སྤྲིན་གྱི་མི་བོ་ཆེས་འགེམས་ཤིང་ལུས་སེམས་སིམ་པའི་གནས་སུ་བསླེབ་པའི་ཆེད་དམ་སྲིན་པོའི་གནས་ལྟར་འཁོར་བ་རུ་མྱ་ངན་འདོན་པའི་ངག་དིར་དིར་སྒྲོག་པ་སོགས་དུག་གསུམ་ནད་ལས་བྱུང་བ་ཀུན་འབྲལ་བའི་ཕྱིར་འདུལ་བའི་བཀའ་འཁོར་དང་དགོངས་འགྲེལ་མང་དུ་འཁྱིམས་པའི་སྐྱེད་ཚལ་གྱི་ཁྲོད་དུ་དགའ་འཛུམ་གྱིས་བསྐྱོད་ནས་བསླབ་རྒྱུན་བཤད་རྒྱུན་སྡོམ་རྒྱུན་སོགས་ཀྱི་བརྒྱུད་འཛིན་ངུར་སྨྲིག་གི་སྡེའི་ནང་དུ་ཚུད་པ་འདི་བསོད་ནམས་ཆེན་པོ་ལྡན་པ་ལགས་སོ། །

        
ཉན་ཐོས་སྡེ་པའི་སྒོ་འབྱེད་ཐོག་མ་འདི།།
རྒྱ་ཆེན་དོགས་གནད་བཀྲལ་བའི་གཞུང་མིན་མོད།།
འདུལ་མངོན་དོན་གཉེར་ཀུན་ལ་ཕན་པའི་ཆེད།།
ཟུར་ཙམ་བཀོད་པར་བདག་ཡིད་རངས་བས་ཁེངས།།
 
མཚར་སྡུག་བླང་དོར་ཀུན་གསལ་ཆེན་པོ་གླེགས་བམ་དུ་མའི་འཇིག་རྟེན་དུ།།
ངོ་མཚར་ལེགས་བཤད་ལུགས་བརྒྱའི་ལྟད་མོ་ཡང་ཡང་དམིགས་ནས་འཛུམ་དཀར་གྱིས།།
རང་བཟོའི་དྲི་རྡུལ་གཅིག་ཀྱང་མ་བསྐུས་ངང་ཚུལ་མངོན་པའི་མདོ་རྒྱུད་དོན།།
ད་དུང་ཇི་སྲིད་འཚོ་བའི་བར་དུ་ཟས་ལྟར་འབྲལ་མེེད་བརྟག་པར་སྨོན།།

ཞེས་པ་འདི་ནི་འཛིང་ལྗོངས་ཕྱུགས་མོའི་དཀྱིལ་དུ་གཏེར་ཆེན་ཉི་གྲགས་ཀྱི་གྲྭ་སར་ཞུགས་པའི་སློབ་གཉེར་བ་འོད་གསལ་རྡོ་རྗེ་རུ་འབོད་པས་རེ་ཞིག་རྫོགས་པར་བགྱིས་པའོ།། །།
                       རྩོམ་སྒྲིག་པ། བསམ་འགྲུབ་རྣམ་རྒྱལ།