སྟོན་པ་སྐུ་བལྟམས་པའི་དུས་ལ་དཔྱད་པ།

    རྩོམ་པ་པོ། དྲན་གསལ།

ཤཱཀྱ་ཐུབ་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་པ་ཡིན་ནམ།
  
                              དྲན་གསལ་གྱིས་
བརྩམས། 


མཐོང་གྲོལ་སྐུ་ལ་མཚན་དང་དཔེ་བྱད་མཛེས།།
རྡུལ་བྲལ་ཐུགས་ལ་མཁྱེན་པའི་སྣང་བ་རྒྱས།། 
འགག་མེད་གསུང་ལ་ཚངས་པའི་དབྱངས་དང་ལྡན།།
ཐུབ་དབང་ལྷ་ཡི་སེངྒེར་ཕྱག་བགྱི་འོ།།

 
དེ་ཡང་འཛམ་བུ་གླིང་དུ་ཆོས་ལུགས་ཀྱི་སྟོན་པ་མང་དུ་བྱོན་པ་ལས།   ད་ལྟའི་ཆར་སྟོན་པ་ཐུབ་པའི་དབང་པོ་ནི་རྗེས་འཇུག་གི་འཁོར་དང་གདུལ་བྱ་མང་ཉུང་གི་སྒོ་ནས་ཆེས་མང་ཤོས་ཤིག་ཏུ་ཆགས་མེད་ཀྱང་།   ཆོས་ལུགས་འདིའི་རྗེེས་སུ་འཇུག་པ་དང་ཆོས་ལུགས་གཞན་གྱི་རྗེས་སུ་འཇུག་པ།    ད་དུང་ཆོས་ལུགས་གཏན་ནས་ཁས་མི་ལེན་པའི་འཛམ་གླིང་ཤར་ནུབ་ཀྱི་མི་ཀུན་གྱི་ནང་དུ།  རླབས་ཆེན་གྱི་སྟོན་པ་ཁོང་གི་བྱམས་བརྩེ་དང་ཤེས་རབ་ལ་ཡི་རངས་དང་དད་གུས་བྱེད་མཁན་ཧ་ཅང་མང་།   དེའི་རྒྱུ་མཚན་ནི།   སྟོན་པ་ཁོང་གིས་གསུངས་པའི་བཀའ་སྡེ་སྣོད་གསུམ་གྱི་བརྗོད་དོན་འགྲོ་བ་ཀུན་ལ་རིས་མེད་ཀྱི་ཐུགས་བརྩེ་དང་།   ཤེས་བྱ་ཀུན་ལ་སྒྲིབ་མེད་ཀྱི་མཁྱེན་པས་ཟིན་པ་རྐྱང་རྐྱང་ཡིན་པ་ལས།   རང་གི་ཆོས་ལུགས་ཀྱི་ཁྱབ་ཁོངས་རྒྱ་བཀྱེད་འདོད་ཀྱི་བསམ་བློ་ཉི་ཚེ་བ་རེ་དང་།   རང་ལྟ་མཆོག་དང་གཞན་ལྟ་དམན་དུ་འཛིན་པའི་ལྟ་བ་ཉི་ཚེ་བ་རེས་དམ་དུ་བཅིངས་པ་ལྟ་བུ་མ་ཡིན་པས་ལོས་ཡིན་ཨང་།   
 
འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཀུན་ལ་ཡོངས་ཁྱབ་ཏུ་རླབས་ཆེན་གྱི་སྐྱེས་བུ་དག་གི་འཁྲུངས་སྟོན་གྱི་དུས་ཚིགས་ལ་བརྩི་འཇོག་བྱས་ནས་དུས་ཆེན་རོལ་སྟངས་ཡོད་པ་སྟེ།   དཔེར་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་སྟོན་པ་ཡེ་ཤེས་མ་ཤུ་ཀའི་འཁྲུངས་སྟོན་གྱི་ཉིན་མོར་མི་རྣམས་ཀྱིས་ལུས་གཙང་སྦྲ་བྱས་ཤིང་གོས་གསར་བ་གྱོན་རྒྱན་ཆ་མཛེས་སྤྲས་བྱས་ནས་སྟོན་པ་ཡེ་ཤེས་མ་ཤུ་ཀ་ལ་རྗེས་དྲན་དང་མཆོད་པ་ཕུལ་ཏེ“ཡེ་ཤེས་འཁྲུངས་སྟོན”རོལ་བའི་སྲོལ་ཡོད་པ་བཞིན་དུ།    རང་རེ་ནང་བ་སངས་རྒྱས་པ་དག་གིས་ཀྱང་ཞི་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཡི་འཁྲུངས་སྟོན་གྱི་དུས་ཆེན་ལ་གཙིགས་འཛིན་གནང་སྟེ་རྗེས་དྲན་གྱི་མཆོད་པ་དང་དགེ་སྒྲུབ་སྡིག་སྤང་གི་ལས་ལ་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེའི་གནས་སུ་ཆགས་ཡོད།
 
ལར་སྐྱེས་བུ་དམ་པ་རྣམས་སྐུ་འཁྲུངས་པའི་དུས་ཆེན་ལ་གཙིགས་འཛིན་གལ་ཆེན་གནང་བ་འདི་ནུབ་གླིང་རྒྱལ་ཁབ་དག་གི་ལུགས་སྲོལ་ཞིག་རིམ་གྱིས་འཛམ་གླིང་ཡོངས་ཁྱབ་ཏུ་སོང་བ་ལས།   སྔ་མོའི་དུས་སུ་རྒྱ་གར་དང་བོད་རྒྱ་ནག་བལ་བོ་སོགས་ནང་ཆོས་ཤིན་ཏུ་དར་བའི་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་དུས་ཆེན་ལ་གཙིགས་འཛིན་གནང་བའི་ལོ་རྒྱུས་མེད་པར་མ་ཟད།  སྟོན་པ་ཁོང་གི་དུས་ཆེན་བཞིའམ་དྲུག་གི་ནང་དུའང་སྐུ་འཁྲུངས་པའི་དུས་ཆེན་འདི་འཁོད་མེད།  ནུབ་ཕྱོགས་པའི་ལུགས་སྲོལ་མང་ཆེ་བ་འཛམ་གླིང་སྤྱི་རྒྱུགས་ཀྱི་རང་བཞིན་ཅན་དུ་གྱུར་བའི་སྐབས་འདིར།  དགོས་དབང་གིས་འཛམ་གླིང་སྤྱི་ཡི་ལུགས་སྲོལ་ལྟར་སྟོན་པ་མཆོག་གི་སྐུ་འཁྲུངས་པའི་དུས་ཆེན་ལ་གཙིགས་འཛིན་གནང་བ་ནི་གལ་པ་ཤིན་ཏུ་ཆེ། 
 
འོན་ཏེ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ལས་གཅིག་མཐུན་དུ་ཡོང་དཀའ་བའི་གནས་སུ་གྱུར་ཡོད་དེ།   འདི་ལ་ལོ་ཚིགས་མི་མཐུན་པ་དང་།  དུས་ཚིགས་མི་མཐུན་པ།  ཟླ་ཁོང་མི་མཐུན་པ།  ཚེས་ཁོང་མི་མཐུན་པ་བཅས།   བོད་རྒྱུད་ནང་བསྟན་པ།   རྒྱ་རྒྱུད་ནང་བསྟན་པ།  ལྷོ་རྒྱུད་ནང་བསྟན་པ་དག་བཞེད་པ་གཅིག་མཐུན་དུ་བྱུང་མེད་པར་མ་ཟད།   སྟོན་པ་ཁོང་གིས་ཞལ་ནས་གསུངས་པའི་མདོ་ལུང་སྡེ་བཞི་དང་།  རྒྱ་ཆེན་རོལ་པ་སོགས་ཀྱང་མི་མཐུན་པ་བྱུང་ཡོད་དེ།རྒྱ་ཆེན་རོལ་བ་ལས།   ཟླ་བ་བཅུ་རྫོགས་པར་ལྷུམས་སུ་ཞུགས་ནས།  དབོ་ཟླ་བའི་ཚེས་བཅོ་ལྔ་ལ་ལུམྦུའི་ནགས་སུ་སྐུ་བལྟམས་སོ་ཞེས་གསུངས་པ་དང་།   འདུལ་བ་གཞུང་དམ་པ་ལས།  འཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས།   བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པ་དང་།  བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལ་བཙས་སོ་ཞེས་གསུངས།
 
དཔལ་ལྡན་ཇོ་བོ་རྗེས།   སྟོན་པ་མཅོམ་ལྡན་འདས་འདི་ཉིད་ཤིང་ཕོ་བྱི་བ་ལོར་ལྷུམས་སུ་ཞུགས་ཤིང་།   ཤིང་མོ་གླང་ལ་སྐུ་བལྟམས་པར་བཞེད།  དུས་འཁོར་བའི་ལུགས་ལ་མེ་ཕོ་རྟའི་ས་གའི་ཉ་ལ་ལྷུམས་སུ་ཞུགས།   ཆུ་སྟོད་ཀྱི་ཟླ་ལྷག་དང་བཅས་པའི་ཟླ་བཅུ་རྫོགས་པར་ལྷུམས་སུ་གནས་ནས་མེ་མོ་ལུག་གི་མཆུ་ཟླ་བའི་ཉ་ལ་སྐུ་བལྟམས་པར་བཞེད། 

ས་སྐྱ་པཎྚི་ཏས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་བསྟན་རྩིས་མ་ལས།  (ས་སྐྱ་བཀའ་འབུམ་རྒྱ་དེབ་ཝ་དུམ་པ་ཤོག་ངོས ༥༣ ན་གསལ)མེ་མོ་ཡོས་ཀྱི་ལོར་ས་གའི་ཉ་ཡི་ནམ་གུང་ལ་ལྷུམས་སུ་ཞུགས།  ས་ཕོ་འབྲུག་གི་དབོ་ཟླའི་ཉ་ལ་སྐུ་བལྟམས་པར་བཞེད་པ་དང་།  གཞན་ཡང་ས་པཎ་ཆོས་འབྱུང་ཆེན་མོ་ལས། (ས་སྐྱ་བཀའ་འབུམ་རྒྱ་དེབ་ཞ་དུམ་པ་ཤོག་ངོས ༤༡ ན་གསལ) མེ་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གའི་ཉའི་ཚེ་སྤྲུལ་བ་ལུས་ལེན་གྱི་ཚུལ་བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས་བྱུང་བ་བཞིན་དུ་གླང་པོ་ཆེའི་རྣམ་པས།  ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས།  བལྟམས་པ་ནི་དེ་ནས་ཟླ་བ་བཅུ་འདས་ཏེ་བཙའ་བའི་དུས་ལ་བབ་པ་ན་ཞེས་གསུངས་པས་ས་ཕོ་འབྲུག་གི་ལོའི་དབོ་ཟླའི་ཉ་ལ་སྐུ་བལྟམས་པར་བཞེད་པར་མངོན། 
 
ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་བུ་སྟོན་ཆོས་འབྱུང་བྱུང་ལས།  (བུ་སྟོན་ཆོས་འབྱུང་རྒྱ་དེབ་ཤོས་ངོས ༨༤ ན་གསལ)དེ་ནས་དགུན་འདས་ཏེ་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ་ཡི་དུས་སུ་ལྷུམས་སུ་ཞུགས་ཞེས་དང་།   དེ་ནས་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུར་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱད་ནས་ཞེས་དང་།  རྒྱ་ནག་ཏུ་རྒྱལ་རབས་བཞི་བ་ཙིའུ་དབང་ཞེས་པའི་དུས་སུ་ཤིང་ཕོ་སྟག་གི་ཟླ་བ་བཞི་བའི་ཚེས་བརྒྱད་ལ་རྒྱ་གར་དུ་བཅོམ་ལྡན་འདས་སྐུ་འཁྲུངས་ཞེས་གསུངས་པས། དབོ་ཟླའི་ཚེས་བརྒྱད་ལ་སྐུ་འཁྲུངས་པར་བཞེད།    འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་ཐེར་སྔོན་པོ་ལས།  (དེབ་ཐེར་སྔོན་པོ་རྒྱ་དེབ་ཤོག་ངོས  ༣༨ ན་གསལ)ས་གའི་ཉ་ལ་ལྷུམས་སུ་ཞུགས།  དབོ་ཟླ་བའི་ཉ་ལ་སྐུ་བལྟམས་པར་བཞེད།   དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། (ཆོས་འབྱུང་མཁས་པའི་དགའ་སྟོན་རྒྱ་དེབ་ཤོག་ངོས ༡༩ ན་གསལ།) ཡུམ་གྱིས་ལིམྦིའི་ཚལ་གྱི་སྐྱེད་ཚལ་བྱོན།། རྒྱུ་སྐར་རྒྱལ་དང་ལྡན་ཚེ་ཡུམ་གྱི་ཕྱག།    པ་ལ་ཀྵ་ཡི་ལྗོན་པ་ལ་འཇུས་ཏེ།།  ཞེས་སྐར་མ་རྒྱལ་གྱི་དུས་སུ་སྐུ་བལྟམས་པར་བཞེད།
 
སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་གིས་འདུལ་འགྲེལ་ལུང་རིགས་གཏེར་མཛོད་ལས།  (ལུང་རིགས་གཏེར་མཛོད་བོད་དེབ་ཤོག་ངོས ༨ ན་གསལ) ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གྱི་གུང་ལ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་ཞེས་པ་དང་།   ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་གནས་ནས་དབོའི་ཟླ་བའི་ཚེས་བཅུ་རྒྱལ་ཕུར་འཛོམས་པའི་དུས་ཁྱད་པར་ཅན་ལ་མངལ་གྱི་དྲི་མས་མ་གོས་པར་ཡུམ་གྱི་གློ་གཡས་པ་ནས་བལྟམས་པའི་ཚེ་ཞེས་དང་།  གཞན་ཡང་དེ་ཉིད་ལས།   (ལུང་རིགས་གཏེར་མཛོད་བོད་དེབ་ཤོག་ངོས ༨༧ ན་གསལ)  སྟོན་པ་མེ་མོ་ཡོས་རབ་བྱུང་གི་ལོ་ལ་ལྷུམས་སུ་ཞུགས་ནས་ས་ཕོ་འབྲུག་རྣམ་བྱུང་གི་ལོ་ལ་སྐུ་འཁྲུངས་ཞེས་གསུངས་པས།  མེ་མོ་ཡོས་ཀྱི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་ཤིང་།  ས་ཕོ་འབྲུག་གི་དབོ་ཟླའི་ཚེས་བཅུ་ལ་སྐུ་བལྟམས་པར་བཞེད།   ནོར་བཟང་རྒྱ་མཚོ་དང་།  ཕུག་པ་ལྷུན་འགྲུབ་རྒྱ་མཚོའི་བཞེད་པ་པད་དཀར་ཞལ་ལུང་གི་ལུགས་དང་།   བོད་རྒྱ་ཚིག་མཛོད་སོགས་ལས། ས་མོ་ལུག་གི་ཆུ་སྟོད་ཟླ་བའི་ཉ་ལ་ལྷུམས་སུ་ཞུགས།   ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས་པར་བཞེད་པ་སོགས་མདོར་ན་བོད་བརྒྱུད་ནང་བསྟན་པའི་མཁས་པ་དག་ལ་བཞེད་ཚུལ་མི་མཐུན་པ་ཉི་ཤུ་ལྷག་ཅིག་བྱུང་ལ།  གཞན་རྒྱ་བརྒྱུད་ནང་བསྟན་པ་དང་ལྷོ་རྒྱུད་ནང་བསྟན་པ་དག་ཀྱང་ལོ་ཆེན་ཐང་ཟན་ཙང་སོགས་རྒྱ་ཡི་དགེ་སློང་དག་གི་རྒྱ་གར་ལམ་ཡིག་དང་། གནའ་བོའི་རྒྱ་གར་གྱི་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་འདོད་ཚུལ་མི་འདྲ་བ་དྲུག་ཅུ་ཡས་མས་ཤིག་བྱུང་ཡོད་པ་ལས་ཀུན་གྱིས་གཅིག་མཐུན་དུ་ཁས་ལེན་གནང་ཐུབ་པའི་བཞེད་ཚུལ་ཞིག་བྱུང་མེད་དོ།། 
 
   བཤད་ཚུལ་འདི་དག་གི་ནང་ནས་མཐའ་གཅིག་ཏུ་འདི་ཚད་མ་ཡིན་ཞེས་སུས་ཀྱང་ཁ་ཚོན་ཆོད་དཀའ་ཞིང་།   ལྷག་ཏུ་ལྷུམས་སུ་ཞུགས་པའི་ལོ་ཚིགས་མི་མཐུན་པ་མང་དུ་བྱུང་བ་ལས་ཕུག་པ་ལྷུན་འགྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་དང་། བོད་རྒྱ་ཚིག་མཛོད་གཉིས་མ་གཏོགས་ཕལ་ཆེར་གྱིས་ཟླ་ཁོང་ས་གའི་ཉ་ལ་ལྷུམས་སུ་ཞུགས་པར་ཤས་ཆེ་ཞིང་།  མདོ་རྒྱ་ཆེན་རོལ་བ་ལས་ཀྱང་འདི་ཉིད་བཞེད་པས་ཅུང་ཡིད་རྟོན་འཕེར་བའི་གནས་སུ་གྱུར་ཡོད། འོན་ཀྱང་རྒྱ་ཆེན་རོལ་བ་ལས“དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ་སྐར་མ་རྒྱལ་གྱི་དུས་སུ་ལྷུམས་སུ་ཞུགས”ཞེས་པ་འདི་ཉིད་ཀྱང་ཕྱོགས་གཞན་ནས་དཔྱད་དགོས་པའི་གནས་སུ་སྣང་སྟེ།  “དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ”ཞེས་པ་དང་“ཟླ་བ་ཉ་སྐར་མ་རྒྱལ་གྱི་དུས་སུ་ཞུགས”ཞེས་ཚིག་གོང་འོག་གཉིས་སྒྲ་ཇི་བཞིན་དུ་ཁས་བླངས་ན་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོར་སྐར་མ་ས་ག་དང་རྒྱལ་དུས་གཅིག་ཏུ་ཤར་བར་ཁས་ལེན་དགོས་ཤིང་།  སྐར་མ་རྒྱལ་དང་ས་ག་གཉིས་ཀྱི་བར་དུ་སྐག་དང་།  མཆུ། གྲེ།  དབོ། མེ་བཞི། ནག་པ།  ས་རི་བཅས་རྒྱུ་སྐར་བདུན་གྱིས་ཆོད་པས་ཚེས་གཅིག་ལ་འཆར་བ་མི་སྲིད་པའི་ཕྱིར་རོ།། དེས་ན་བུ་སྟོན་ཆོས་འབྱུང་དུ་(བུ་སྟོན་ཆོས་འབྱུང་རྒྱ་དེབ་ཤོས་ངོས ༨༤ ན་གསལ)(མདོ་ན་འདི་ག་ཡོད་དེ་འགྲིག་པ་བཀའ་འགྱུར་འཆུགས་སམ་གསུངས) ཞེས་པའི་མཆན་ཞིག་བཏབ་ཡོད་པ་དང་།  བོད་པའི་རིག་གཞུང་སྤྱི་ལ་མཐོང་རྒྱ་ཆེ་བའི་དགེ་བཤེས་ངག་གི་དབང་ཕྱུག་ཞུ་བ་ཁོང་གིས་ཀྱང་མདོ་རྒྱ་ཆེན་རོལ་བ་ལ་འགྱུར་མ་དག་པ་ཡོད་པར་གསུངས་འདུག་པའང་གནད་འདི་ལ་དགོངས་པ་མིན་ནམ་སྙམ། 
 
འོན་ཀྱང་འདི་ཡི་འགྱུར་མ་དག་ཅེས་པའི་ཚིག་གང་ཞིག་དག་པ་དང་གང་ཞིག་མ་དག་པར་དཔྱད་འོས་ཤིང་།   དྲང་སྲོང་རྒྱས་པས།  “ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས།།”ཞེས་དང་།  མགོན་པོ་ཀླུ་སྒྲུབ་ཀྱིས“ སྐར་མ་རྒྱལ་ལ་བབ་པ་ན།།  དེ་སྲས་རྩིབ་མའི་མའི་ལོགས་ནས་ནི།། ”  ཞེས་གསུངས་པ་ལྟར་ན“དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ”ཞེས་པ་འདི་ཉིད་འགྱུར་སྐྱོན་ཡིན་པ་འདྲ་སྟེ།  ཀླུ་སྒྲུབ་ཀྱིས་དེ་བཞིན་གཤེགས་པ་སྐར་མ་རྒྱལ་ལ་བབ་པའི་ཚེ་ལྷུམས་སུ་ཞུགས་པར་གསུངས་པ་མདོ་རྒྱ་ཆེན་རོལ་བར་ཕུགས་བཅོལ་བ་ཡིན་ཚེ།  ཀླུ་སྒྲུབ་ཀྱིས་རྒྱ་ཆེན་རོལ་བ་འགྱུར་ཡིག་གི་ཐོག་ནས་གཟིགས་པ་མ་ཡིན་པར་མ་དཔེ་རང་གི་ཐོག་ཏུ་གཟིགས་ཡོད་པར་ངེས་པས་སོ།།  དེས་ན་བོད་ཀྱི་མཁས་པ་མང་ཆེ་བས་ས་ག་ཟླ་བའི་ཚེས་བཅོ་ལྔར་ལྷུམས་སུ་ཞུགས་པར་བཞེད་པ་ནི་རྒྱ་ཆེན་རོལ་བ་ལ་འགྱུར་མ་དག་པ་ཅུང་ཟད་བྱུང་བ་མ་དག་རྒྱུན་འབྱམས་སུ་སོང་བ་མིན་ནམ་སྙམ་སྟེ་ཁོ་བོ་ཐོས་པ་རྒྱ་ཆུང་བས་ཁ་ཚོན་བཅད་ནས་སྨྲ་བར་མི་སྤོབས་སོ།། 
 
དེ་ལྟར་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་ཀྱི་ངོས་འཛིན་ལ་ནང་བའི་རྒྱལ་ཁབ་དག་གིས་གཅིག་མཐུན་གྱིས་དང་ལེན་གནང་ཐུབ་པའི་བཞེད་པ་ཞིག་བྱུང་ཐུབ་མེད་ནའང་།  དགོས་དབང་གིས་འཛམ་གླིང་ནང་བསྟན་མཛའ་གྲོགས་ཚོགས་པས་གྲོས་ཚོགས་ཐེངས་མང་དུ་འཚོགས་ཤིང་འཛམ་གླིང་གི་ནང་བསྟན་པ་དག་ལ་གཅིག་འགྱུར་གྱི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་ཆེན་ཞིག་གཏན་ཁེལ་བྱུང་བའི་ཆེད་དུ་ཕྱི་ལོའི་སྔོན་གྱི (༦༢༤ )ལོར་བཅོམ་ལྡན་འདས་སྐུ་བལྟམས་པ་དང་ཉིན་དེའང་ཟླ་བ་ཉ་གང་བ་ཡིན་པར་ཚོད་དཔག་བྱས་ཤིང་།  ཟླ་བ་དེའང་ཉ་སྐར་གྱི་དབང་དུ་བྱས་ན་ས་ག་ཟླ་བ་དང་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ལ་ཁེལ་ཡོད།  འདི་ཉིད་བོད་ཀྱི་མཁས་པ་མང་ཆེ་བས་ས་ག་ཟླ་བའི་ཚེས་བཅོ་ལྔ་འདི་ལྷུམས་སུ་ཞུགས་པ་དང་།  མངོན་པར་རྫོགས་པར་བྱང་ཆུབ་པ།  སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་སུ་བཞེད་པ་ལྟར་ན་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུར་གནས་དགོས་ཤིང་།   དེ་ཡང་མདོ་རྒྱ་ཆེན་རོལ་བ་སོགས་དང་དངོས་དུ་འགལ་བས་ཅུང་ཟད་འགྲིག་པར་དཀའ་ཡང་།    ང་ཚོས་ཕྱོགས་ཞེན་གྱི་ཨུ་ཚུགས་རིང་དུ་དོར་ནས་འཛམ་གླིང་ནང་བསྟན་འཛའ་གྲོགས་ཚོགས་པས་གཏན་ཁེལ་གནང་བའི་རྒྱལ་སྤྱིའི་སྟོན་པའི་འཁྲུངས་སྟོན་ལ་བརྩི་སྲུང་གནང་རྒྱུ་གལ་ཆེ་སྟེ།   དེ་ལྟར་མ་བྱས་ན་ང་ཚོ་ནང་པ་སངས་རྒྱས་པ་ལ་གཅིག་མཐུན་གྱི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་འཁྲུངས་པའི་དུས་སྟོན་ཞིག་ཡོང་ཐབས་མེད་དོ། །
བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོའི་ས་ག་ཟླ་བའི་ཡར་ཚེས་བཅུ་གསུམ་ཉིན་ངག་དབང་བཟོད་པའམ་དྲན་གསལ་དུ་འབོད་པས་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་དུ་སྦྱར་བ་དགེ་གྱུར་ཅིག།   །།
                                        རྩོམ་སྒྲིག་པ། མྱི་གསར་བ།