ཐེག་ཆེན་བཀར་སྒྲུབ་ལ་དཔྱད་པ།

    བསོད་ནམས་རིན་ཆེན་གྱིས་བརྩམས།

ཐེག་ཆེན་བཀར་སྒྲུབ་དང་མངོན་པར་རྟོགས་པའི་རྒྱན་གྱི་ལྟ་གྲུབ་གླེང་བ།།
                                འབུར་ལེགས་བསོད་ནམས་རིན་ཆེན་གྱིས་བརྩམས།

རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ།།
         
ལེགས་ན་བྱང་ཆུབ་འདྲེན་པའི་མགོན།།
ཉེས་ན་སྲིད་པར་འཆིང་བའི་བདུད།།
འཁོར་འདས་ཀུན་གྱི་བྱེད་པོ་སྟེ།།
•རང་སེམས་འདི་ལ་ཕྱག་འཚལ་ལོ།།
 
བསྐལ་བར་འོད་རྡུལ་བསཊ་ཤིང་འོད་ཀྱི་ཆ་ཤས་རྫོགས་པའི་དཀྱིལ་འཁོར་གྱིས།།
འོད་ཀུན་པདྨར་སྤྲོས་ཏེ་པད་འདབ་ཕྱོགས་བཅུར་གྲོལ་བའི་སྦྲང་མའི་རྩི།།
སྐལ་བཟང་བུང་བར་བསྣུན་པས་བུང་ཚོགས་གཤོག་དྲུག་རྒྱས་པའི་གཉེན་གྱུར་པ།།
མཉམ་མེད་འདྲེན་པ་མཆོག་གིས་འདྲེན་པའི་སྣང་བ་བདག་ལ་བསྩལ་དུ་གསོལ།།
 
གང་གི་བཀའ་ལས་འབབ་པའི་གཙང་བོའི་རྒྱུན།།
ངེས་དོན་གཅིག་ཏུ་བསྐྱིལ་བའི་རྒྱ་མཚོ་སྟེ།།
སྦས་དོན་མངོན་རྟོགས་འདི་ཡི་རྩ་དོན་འགའ།།
དམ་པའི་རྗེས་སུ་འབྲངས་ཏེ་འདི་ལྟར་འཆད།།
      
          ༡  ༼གཏམ་གྱི་ཐོག་མར་གླེང་བསླང་བ༽
 
        དེ་ཡང་བགྲང་ལོ་དུང་ཕྱུར་བཞི་བཅུ་རྩ་དྲུག་ལ་བརྟན་ཆགས་སུ་ལོ་རྒྱུས་མངའ་བའི་ས་ལྒང་གོ་ལ་འདིའི་སྟེང་དུ། ལོ་ངོ་ས་ཡ་གསུམ་དང་འབུམ་ཕྲག་བདུན་གྱི་ཡར་སྔོན་ནས་འགྲོ་བ་མིའི་བྱུངའཕེལ་གྱི་ཟིན་ཐོ་བཀོད་པ་ནས་བཟུང་སྟེ། སྤྲ་མིའི་དུས་རབས།  འཇོན་མིའི་དུས་རབས། འགྲེང་མིའི་དུས་རབས། བློ་ལྡན་མི་དང་དེང་མིའི་དུས་རབས་བཅས། ནང་གི་ཀླད་ཆེན་གྱི་འཕེལ་མཆེད་དང་ཕྱིའི་གཟུགས་དབྱིབས་ཀྱི་འཕོ་འགྱུར་ལ་བརྟེན་ནས། འཛམ་གླིང་གི་ལོ་རྒྱུས་ཡིག་ཚང་ནང་དུ་དུས་རབས་ཆེན་པོ་བཞི་རུ་ཕྱེས་ཤིང་། བཞི་བ་བློ་ལྡན་མི་དང་དེང་མིའི་དུས་རབས་ཀྱི་འགོ་ནས། སྤྲ་དང་སྤྲེའུའི་རྣམ་པ་ལས་རྦད་དེ་སོ་སོར་གྱེས་ནས་སྨྲ་ཤེས་ཤིང་དོན་གོ་བའི་མིའི་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། དེ་ནས་ལོ་ངོ་སྟོང་ཕྲག་མང་པོ་ལ་མི་དང་མིའི་བར་རམ་ཚོ་བ་དང་ཚོ་བའི་བར་དུ་འཚོ་བ་བདེ་སྡུག་གི་འཐབ་རྩོད་ཡུན་རིང་བྱུང་བས། རྡོ་ཆས་གསར་རྙིང་དང་ཟངས་ཆས་དང་ལྕགས་ཆས་དུས་རབས་རྣམས་རིམ་གྱིས་བྱུང་། བར་སྐབས་ཤིག་ལ་འཚོ་བ་བདེ་སྡུག་གི་རྩོད་པ་ལས་བརྒལ་ཏེ་བློ་གྲོས་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་འདུ་ཤེས་ཡང་ལོག་གི་རྩོད་པའི་དབུ་བཙུགས་ཏེ། མ་ཧཱ་ཙི་ནའི་ཡུལ་གྱི་ཁུང་ཛི་དང་ལོ་ཙི། འཕགས་ཡུལ་གྱི་སྟོན་པ་གོའུ་ཏ་མ་དང་མུ་སྟེགས་མ་ཧཱ་བཱི་ར་བ། ཨི་རན་དུ་ཛོ་རོ་སེ་གསེར་སོགས་ཀྱིས་ནང་སེམས་ཀྱི་ཞི་བདེ་འཚོལ་བའི་ལྟ་གྲུབ་མི་འདྲ་བ་མང་པོ་སྤེལ། དེ་ཡང་ཤར་ཕྱོགས་ཀྱི་རིག་པའི་གནས་བཅུའི་མ་ཕྱི་ཀུན་གྱི་འབྱུང་ཁུངས་ནི་རྒྱ་གར་འཕགས་པའི་ཡུལ་དུ་གྲགས་པས། འཕགས་ཡུལ་གྱི་རིག་གནས་རྒྱ་མཚོ་ལྟ་བུའི་ནང་ནས་ཀྱང་སྟོན་པ་གོའུ་ཏ་མའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད། རྩ་བ་བརྟན་པོར་ཚུགས་ཤིང་རྩེ་མོ་ཕྱོགས་བཅུར་རྒྱས་པ་གྱུར་ཏེ།གནའ་ནས་ད་ལྟའི་བར་དུ་ཤཱཀྱའི་བསྟན་པ་འདི་ཉིད་བཙན་པོའི་དཔུང་དང་མཐོན་པོའི་དབང་སོགས་གང་ལའང་མ་ལྟོས་པར་ཕྱོགས་ཀུན་ལ་འཕེལ་ཞིང་མཆེད་པ་ནི། དེ་ཡང་བསྟན་པ་རང་ཉིད་ཀྱི་ཕ་ཞིང་རྒྱ་གར་འཕགས་པའི་ཡུལ་ནས་ཀྱང“མཁས་པའི་ཆོས་ལུགས”ཞེས་ཡོངས་སུ་གྲགས་ཤིང་། བརྒྱ་ལོ་ཉེར་གཅིག་གི་དེ་རིང་གི་དུས་ལ་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་རྣམས་ཀྱིས་གདེང་འཇོག་ཚོད་མེད་གནང་བཞིན་ཡོད་པའང་། སྟོན་པ་ཉིད་ཀྱི་ཞལ་སྔར་ནས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་བླང་བར་བྱ་བའི་ཕྱིར་དུ་གསུངས་པ་ལས་སྐུ་ཉིད་ལ་གུས་པའི་ཕྱིར་དུ་མ་བསྟན་པར་བཞེད་དེ། རྟོག་གེ་བའི་དགག་སྒྲུབ་དང་དོགས་སློང་ལ་མི་འཇིགས་པའི་གདེང་བཅས་ཤིང་། རྗེས་འཇུག་མཁས་པ་རྣམས་ཀྱིས་ཀྱང་“བདག་ནི་སངས་རྒྱས་ཕྱོགས་མི་འཛིན།། སེར་སྐྱ་སོགས་ལ་མི་སྡང་ཞིང་།། གང་ཞིག་རིགས་པ་ལྡན་པའི་ཚིག། དེ་ཉིད་སྟོན་པར་ཡོངས་སུ་འཛིན།།”ཞེས་གསུངས་པ་ལྟར། "ཐོས་པའི་དུས་སུ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས"པའི་ཟབ་གདམས་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ་རིགས་ལམ་རྣམ་པར་དག་པ་ཁོ་ན་དྲང་བཞག་གནང་ནས་བསྟན་པ་བསྐྱངས་ལ། དེ་བཞིན་དུ་འུ་ཅག་ཁ་བ་གངས་རིའི་ལྗོངས་སུ་ཡང་དམ་པའི་ཚུལ་དགུའི་ཡོན་ཏན་བརྒྱན་དུ་སྤུད་ཅིང་རིག་པའི་གནས་བཅུ་ཐོགས་མེད་དུ་མཁྱེན་པའི་ས་སྐྱ་པཎ་ཊི་ཏས་རྒྱ་གར་ཤར་ནུབ་ཀུན་ལས་རྣམ་པར་རྒྱལ་བའི་འཕྲོག་བྱེད་དགའ་བོ་ཚར་བཅད་པ་དང་། ཉིད་ཀྱི་ཐུགས་སྲས་འགྲོ་མགོན་འཕགས་པས་གནའ་བོའི་རོའུ་ལུགས་ཀྱི་མཁས་པ་ཆེན་པོ་ཞིག་ཕམ་པར་མཛད་དེ་ཧོར་གོང་མའི་དབུ་བླ་བཞེས་པ་སོགས། འཕགས་ཡུལ་གྱི་མཛེས་བྱེད་ཀྱི་རྒྱན་དག་དང་གཉིས་སུ་མ་མཆིས་པའི་ཐུགས་རྒྱུད་དཀྱེལ་ཞིང་ཡངས་ལ། སྨྲ་བར་དྲང་ཞིང་སྲང་བའི་ངེས་དོན་གྱི་མཁས་པ་མང་དུ་བྱོན་ཡང་། དཔལ་ལྡན་ཟླ་བས"བཀྲ་ཤིས་རྣ་ནག་མ་དང་ལྷན་གཅིག་ཏུ" ཡོད་པར་གསུངས་པ་བཞིན། རིགས་ལམ་གྱིས་ཕར་ཚར་བཅད་ཀྱང་རྡོ་དང་དབྱུག་པས་ཚུར་ཚར་བཅད་པའང་འུ་ཅག་གི་དེབ་ཐེར་དག་ཏུ་མང་པོ་ཡོད་ཅིང་། དུས་རབས་གཅིག་གི་ཡར་སྔོན་ཙམ་ལ་བྱོན་པའི་མི་ཕམ་རིན་པོ་ཆེས"མི་ཕམ་མི་ཕམ་ང་མི་ཕམ། ལུང་དང་རིགས་པས་ང་མི་ཕམ། རྡོ་དང་དབྱུག་པས་ང་རེ་ཕམ། ཞེས་ཐུགས་སྐྱོ་གནང་དོན་ཡང་། རྫ་སེར་ཤུལ་དགོན་དུ་གྲྭ་བསྐོར་ཕེབས་སྐབས་རྡོ་དང་དབྱུག་པས་སྐྱེལ་མར་མཛད་སྐད། དུས་ད་ལྟར་ཡང་དགེ་ལྡན་པའི་ཆོས་གྲྭ་འགའ་རེས“ཀུན་མཁྱེན་གོ་རམས་པ་བདུད་ཀྱི་སྤྲུལ་བར་རྩིས་ཏེ་ཁོང་གི་གསུངས་འབུམ་ལྟ་ཀློག་ལ་བཀག་རྒྱ་མཛད་པ་”དང་། ས་སྐྱ་པའི་གྲྭ་ས་ལ་ལས"རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དགག་ལན་ལྟ་ངན་མུན་སེལ་རྩོམ་འཕྲོ་ལྷག་སྟེ། གློ་བུར་དུ་ཞི་བར་གཤེགས་སོང་བ་དེ་གོ་རམས་པའི་རིགས་ལམ་མ་ཐེག་པར་ཀླད་པ་གས་ཏེ་གྲོངས་སོང་བའི་"ངག་རྒྱུན་དག་ནི་ཅི་འདྲའི་ཡ་ང་ཞིང་སྐྱུག་བྲོ་བ་ལ་ཨང་། དེས་ན་ང་ཚོས་"མར་དཔེ་ལྷམ་ལ་བལྟས་ནས་ལྷམ་མཐར་རྩིད་སྐུད་ཀྱིས་མི་ལྷན་པ། ཡར་དཔེ་ཞྭ་ལ་ལྟ་བཞིན་ཞྭ་མཐར་སྟོང་སྐུད་ཀྱིས་བཙེམ་"དགོས་པས། གུས་པས་ཀྱང་རིགས་པའི་དབང་ཕྱུག་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་འབྲངས་ཏེ། སྐབས་བབ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ཐེག་ཆེན་བཀར་སྒྲུབ་དང་མངོན་པར་རྟོགས་པའི་རྒྱན་གྱི་ལྟ་གྲུབ་ལ་རང་བློས་གང་དཔོག་གིས་དཔྱད་པར་སྤྲོ་སྟེ། རྗེ་རེ་མདའ་བས"གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན།། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན།།"ཞེས་གསུངས་པར་ལྟར། གང་ཞིག་ཐོས་བསམ་བགྱི་བའི་གཞུང་དེའི་ཡོང་སའི་ཁུངས་དང་གྲུབ་པའི་མཐའ་རྣམས་ཤེས་པ་བྱ་དགོས་པའི་ཕྱིར་རོ།།

                ༢ ༼ཐེག་ཆེན་བཀར་སྒྲུབ་པ༽
    ཐོག་མར་ཀླུ་ཐོགས་ཡན་ལ་ཐེག་ཆེན་གྱི་སྒྲ་ཡང་མ་གྲགས་པར་རློམ་མཁན་དག་ལ་ཐེག་ཆེན་གྱི་བྱུང་བ་མདོ་ཙམ་ཞིག་ཞུས་ན། དེ་ཡང་མཉམ་མེད་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ནས་བགྲང་ལོ་བརྒྱ་ལྷག་གི་རྗེས་སུ་དམ་པའི་ཆོས་ཀྱི་བཀའ་བསྡུ་གསུམ་པ་མཛད་པ་གྲགས་ཤིང་། དེའི་ལོ་ཁ་ཤས་ཀྱི་སྔོན་དུ་ཡུལ་ཨོ་ཊི་བཱི་ཤར་རྒྱལ་པོ་ཟླ་བ་བསྲུང་བ་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་རྗེ་བཙུན་འཇམ་དབྱངས་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་། མཐར་གླེགས་བམ་ཞེས་ཀྱང་གནང་བཞག་མཛད་པས། མདོ་པ་རྣམས་ཀྱིས་བརྒྱད་སྟོང་པར་བཞེད་ཀྱང་། སྔགས་པ་རྣམས་ཀྱིས་དེ་ཉིད་བསྡུས་པ་ལ་འདོད། གང་ལྟར་གླེགས་བམ་དེ་ཉིད་སྟོན་པ་མྱ་ངན་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་པར་ལུགས་གཉིས་ཀར་མཐུན་པ་སྣང་། དེ་ནས་བཀའ་བསྡུ་གསུམ་པ་མཛད་ཅིང་སྐབས་དེ་དུས་ནས་དཀོན་བརྩེགས་ལང་གཤེགས་སོགས་ཐེག་ཆེན་གྱི་གསུང་རབས་མང་དུ་བྱུང་བ་བཤད། དེ་ནས་རིམ་གྱིས་ཐེག་ཆེན་གྱི་ཆོས་སྨྲ་བའི་སློབ་དཔོན་ལྔ་བརྒྱ་བྱུང་ལ། དེ་དག་ཀྱང་བྱམས་པ་འཇམ་དབྱངས་གསང་བའི་བདག་པོ་སྤྱན་རས་གཟིགས་སོགས་ཀྱི་མདུན་ནས་ཆོས་གསན་ཏེ་ཆོས་རྒྱུན་གྱི་ཏིང་ངེར་འཛིན་ཐོབ་པ་ཤ་སྟག་ཉིད། འོན་ཀྱང་ཆོས་འཆད་པ་པོ་ལྔ་བརྒྱ་ལ་ཉན་པ་པོ་ཡང་ལྔ་བརྒྱ་ལས་མེད་པས། རྒྱལ་པོ་ལཀྵ་ཨ་ཤས་གཙུག་ལག་ཁང་ལྔ་བརྒྱ་བཞེངས་བསྐྲུན་མཛད་དེ། རྒྱལ་པོ་ཉིད་ཀྱི་འཁོར་ལས་བློ་རྣོ་ཞིང་དད་པ་ཆེ་བའི་གཞོན་ནུ་ལྔ་བརྒྱ་ཐམ་པ་རབ་ཏུ་བྱུང་ནས་ཐེག་པ་ཆེན་པོའི་ཆོས་ལ་གསན་བཅུག ཕྱིས་སུ་དགེ་སློབ་ལྔ་བརྒྱ་པ་ཕྲག་གསུམ་པོ་ཐམས་ཅད་ལ་བཟོད་པར་ཐོབ་སྟེ། སྐྱེ་བོ་རྣམས་ལ་རྫུ་འཕྲུལ་དང་མངོན་མཁྱེན་སྣ་ཚོགས་བསྟན་པས་ཐེག་པ་ཆེན་པོ་ཕྱོགས་ཀུན་ལ་གྲགས་པ་རྒྱས། སྐབས་དེར་ཉན་ཐོས་རྣམས་ཀྱིས་ཐེག་ཆེན་བཀའ་མ་རེད་ཅེས་བརྩད་པ་བྱུང་། འོན་ཀྱང་ཐེག་ཆེན་དེ་དག་ཀྱང་སེམས་ཙམ་པ་ཤ་སྟག་ཡིན་ཞིང་། དེ་དག་གིས་ཐེག་ཆེན་གྱི་མདོ་སྡེ་འབོལ་ཆེན་ཞིག་གླེགས་བམ་བཏབ་སྟེ་ཆོས་གཞི་བརྟན་པོར་བཙུགས། ངག་རྒྱུན་དུ་"ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ། རྒྱས་པར་མཛད་པ་སྒྲ་ཅན་འཛིན། ཤིན་ཏུ་རྒྱས་པར་མཛད་པ་ཀླུ་སྒྲུབ་"ཅེས་གྲགས་སོ།
     དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པས་ཉན་ཐོས་རྣམས་ཀྱིས་དེ་ཉིད་ཀླུ་སྒྲུབ་ཀྱིས་བརྩམས་སོ་ཟེར་ཞིང་། ལྷག་པར་དུ་དགེ་སློང་བདེ་བྱེད་ཀྱིས་ཐེག་ཆེན་འབུར་འཇོམས་བྱ་བའི་ཕྱིར་དུ་ཤློོོོོོོོོ་ཀ་སྟོང་ཕྲག་བཅུ་གཉིས་ཅན་གྱི་རིག་པའི་རྒྱན་མཛད་པ། བརྒལ་ལན་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས་ཚིགས་བཅད་ཉི་ཤུ་རྩ་གྲངས་ཀྱིས་དམིགས་སུ་བཀར་ཏེ་ཐེག་ཆེན་བཀར་སྒྲུབ་མཛད་པ་དང་། དེ་བཞིན་དུ་མི་ཕམ་བྱམས་པས་རྒྱན་གྱི་ལེའུ་གཉིས་པ་དང་སློབ་དཔོན་བྷ་བྱས་དབུ་མའི་སྙིང་པོའི་ལེའུ་བཞི་པ་རྣམས་ལས་བཀར་སྒྲུབ་རྒྱས་པར་བྱས་ཤིང་། དབུ་སྙིང་འགྲེལ་བ་རྟོག་གེ་འབར་བ་ལས་ལུང་དང་རིགས་པས་ཞིབ་མོར་རྣམ་པ་བཏགས་ནས་ཐེག་ཆེན་བཀའ་རུ་རྒྱས་པར་གཏན་ལ་ཕབ། ད་དུང་སྤྱོད་འཇུག་སོགས་ལས་བཀར་སྒྲུབ་མང་དུ་མཛད་འདུག སུ་ལའང་དྲིང་མི་འཇོག་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྣམས་ཀྱི་བཞེད་གཞུང་ནི་དཔྱད་པར་སྤྲོ་ཞིང་གླེང་དུ་རི་བས། འབད་འབུངས་ཅི་ཡང་མ་བཟོད་པར་སུན་འབྱིན་ཁོ་ནར་རེམ་པའི་མཁས་རློམ་དག་གིས་བཀར་སྒྲུབ་མི་ནུས་པའི་ཝ་སྐད་ལ་སྙིང་བོ་ཅི་མཆིས། དེས་ན་དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་བསྐྱེད་དུ་མ་སོང་བ་ཞིག་དགོས་པའི་བཀའ་མཆིད་སྙིང་ལ་བཅངས་ཏེ་བསྟན་བཅོས་འདི་དག་གི་དགོངས་པ་ལྟར་དུ་ཐེག་ཆེན་བཀར་སྒྲུབ་པ་ལ། དང་ཐོག་ཉན་ཐོས་སྡེ་བས་འདི་ལྟར་བརྩད་དེ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མེད་པར་འདོད་པས་ཆད་པར་ལྟ་བའི་ཕྱིར་ན་ཐེག་ཆེན་བཀའ་མིན་ནོ་ཞེའོ། འདི་ལ་ཀླུ་སྒྲུབ་ཀྱི་རིགས་ཚོགས་རྣམས་ལས་བྱུང་བའི་དབུ་མའི་རྟགས་ཆེན་ལྔ་དང་ཤིང་རྟ་རྣམ་བདུན་གྱི་རིགས་པས་བསྒྲུབ་དགོས་ཤིང་། གཏན་ཚིགས་དེ་དག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གྲུབ་ཚེ། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཚད་མས་གྲུབ་པ་ཡིན་ཏེ། དབུ་སྙིང་ལས། གཟུགས་ལ་སོགས་པ་དམིགས་པའི་བློ།། རང་རིག་ཉིད་དུ་ཡོད་པས་ཀྱང་།། མངོན་སུམ་གནོད་པ་གང་ཡོད་དེས།། སྐྱེ་མེད་སྨྲ་བ་དེ་ལ་གནོད།། ཅེས་བརྩད་པའི་ལན་དུ། མིག་མེད་གཟུགས་ལ་ཡོད་མ་ཡིན།། བར་དང་གཉི་ག་ལ་མི་གནས།། གང་དུ་དེ་ནི་གནས་གྱུར་པ།། ཡོད་པ་མ་ཡིན་མེད་པ་མིན།། ཞེས་སོགས་རང་བཞིན་མེད་པར་གཏན་ལ་དབབ་ཚུལ་ནི་རྒྱས་པ་དབུ་མའི་གཞུང་ནས་བསྟན་ཟིན་པས་འདི་རུ་ཟློས་པ་མི་བྱའོ། དེའི་འོག་ཏུ་ཉན་ཐོས་རྣམས་ཀྱིས"བདེན་པ་མཐོང་བས་གྲོལ་འགྱུར་གྱི།། སྟོང་ཉིད་མཐོང་བས་ཅི་ཞིག་བྱ། ཞེ་ན་"ཐེག་པ་གཞན་ཉིད་རྒྱུ་ཡིན་ཞེས། ཟེར་བ་དེ་ཡིས་ལན་ཡང་བཏབ།། ཅེས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལས་བཤད་པའི་བདེན་བཞིའི་ལམ་རིམ་ནི་ཉན་རང་གི་བྱང་ཆུབ་ཀྱི་རྒྱུ་རུ་འདོད་པས། དེ་ཉིད་ཀྱིས་ཐེག་ཆེན་གྱི་གྲོལ་བ་མི་ཐོབ་པར་ལན་བཏབ་བོ། གཞན་ཡང་། སྦྱོར་ལས་བྱུང་སོགས་བློ་དག་ནི། འབྱུང་བ་གལ་ཏེ་འགོག་བྱེད་ན། ཤེས་བྱ་ཀུན་ཏུ་མ་གྲུབ་པས། བློ་གང་གང་གི་རྗེས་འབྱུང་བ། ཞེ་ན། དོན་དམ་དུ་སྦྱོར་བ་ལས་བྱུང་བའི་བློ་དག་འབྱུང་བ་འགོག་པ་བདེན་གྱི། ཐ་སྙད་དུ་དེ་ལྟར་འབྱུང་བ་ཡོད་དེ་རིགས་གཏེར་ལས། གོམས་པ་རྫོགས་ནས་དེ་གསལ་བ། མཐའ་གཞན་བཀག་པའི་ངེས་པས་འགྲུབ། ཅེས་ཏེ། གང་རྟེན་བརྟེན་ཅིང་གོམས་རྐྱེན་དང་མ་བྲལ་བར་བསྒོམས་པ་བྱས་ན་བསྒོམ་བྱའི་དོན་ལ་གསལ་སྣང་འབྱུང་བའི་ཁྱབ། དཔེ་ན་འདོད་འཇིགས་གོམས་པའི་བློ་བཞིན། ཞེས་པའི་རྟགས་ཀྱི་ཚུལ་གསུམ་གྲུབ་ཚེ་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཚད་མས་གྲུབ་པ་ཡིན་ལ། འདིའི་རྟགས་ཆོས་ཀྱང་རྒྱས་པར་སྡེ་བདུན་གྱི་དགོངས་འགྲེལ་དང་དེ་འགྲེལ་དག་ལས་བསྒྲུབས་ཟིན་པས་འདིར་ཡིག་ཚོགས་ལ་དོགས་ཏེ་མ་བསྐྱར་རོ། གལ་ཏེ་མདོ་ཡི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་ཡང་དག་པའི་རིགས་པས་གྲུབ་ཀྱང་། དེ་ཉིད་ཀླུབ་སྒྲུབ་ཀྱིས་གསར་དུ་བཟོས་པ་ཡིན་གྱི། སྟོན་པའི་ཐུགས་སུ་འཁྱིལ་བའི་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་རིམ་ནི་ཁོ་བོ་ཅག་གི་སྡེ་སྣོད་ལས་གསུངས་པ་འདི་ཉིད་ལས་མ་འདས་སོ། ཞེ་ན། འདི་ལ་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས་པས། རྣམ་འགྲེལ་ལས། བླང་དང་དོར་བའི་དེ་ཉིད་ནི།། ཐབས་དང་བཅས་པ་རིག་མཛད་པ།། གང་དེ་ཚད་མ་ཉིད་འདོད་ཀྱི།། ཐམས་ཅད་རིག་མཛད་མ་ཡིན་ནོ།། ཞེས་དང་རྒྱན་མཛད་པས། མཐོ་རིས་དང་ནི་བྱང་ལམ་འགྲོ་།། ཇི་བཞིན་དུ་ནི་མཁྱེན་པས་ན།། སྐྱེས་བུའི་དོན་མཁྱེན་ཙམ་གྱིས་ནི།། སྟོན་པ་ཡོངས་སུ་རྫོགས་པར་འདོད།། ཅེས་སོགས་ཀྱིས་དགོས་པའི་དོན་ཀུན་མཁྱེན་པ་བསྒྲུབས་ནས་རྣམ་འགྲེལ་ལས། གཙོའི་དོན་ལ་མི་བསླུའི་ཕྱིར།། གཞན་ལ་རྗེས་སུ་དཔག་པ་ཡིན།། ཞེས་སོགས་ཀྱིས་ཤེས་བྱའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པར་་གྲུབ་ཅིང་། དེང་སང་དམུན་པོ་དག་གི་ཁམས་དང་མོས་པའི་དབང་གིས་ཕྱི་མ་འདི་ཉིད་བློ་ལ་ཤོང་བ་དཀའ་ཡང་། གཏན་ཚིགས་སྔ་མ་གྲུབ་པས་གྲུབ་པ་ཡིན་ཏེ། གོང་དུ་ཚད་མས་གྲུབ་པའི་ཤེར་ཕྱིན་མདོ་ཡི་དངོས་ཤུགས་ཀྱི་བསྟན་དོན་རྣམས་བླང་དོར་གྱི་གནད་དམ་རྫོགས་བྱང་ཐོབ་པ་ལ་ཤིན་ཏུ་དགོས་འགོངས་ཆེ་བར་གྲུབ་པའི་ཕྱིར་རོ། གལ་ཏེ་སྟོན་པས་དེ་ལྟར་མཁྱེན་པ་བདེན་གྱི། འོན་ཀྱང་ཡུལ་དུས་གང་དུ་གདུལ་བྱ་སུ་ཞིག་ལ་བསྟན་ཅེས་མི་ནས་མི་ཡི་རྒྱུད་པའི་ལོ་རྒྱུས་མེད་པའི་ཕྱིར་ན། ཐེག་ཆེན་སངས་རྒྱས་གསུངས་པ་མ་ཡིན་ནོ་ཞེ་ན། འདི་ཡི་ལན་དུ་སྤྱོད་འཇུག་ལས། རྐྱེན་གང་གིས་ནི་དེར་ཡིད་ཆེས། དེ་ནི་ཐེག་ཆེན་ལ་ཡང་མཚུངས་།། ཅེས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་འདི་དག་དང་པོར་སྟོན་པས་གསུངས། བར་དུ་དགྲ་བཅོམ་པས་བཀའ་བསྡུ་མཛད་ཅིང་དགོངས་འགྲེལ་གྱིས་གསལ་བར་བྱས་པ་བླ་མའི་རྒྱུད་པ་ལས་ཐོས་པ་ཙམ་གྱིས་བཀའ་ཡིན་པར་ཡིད་ཆེས་པ་ལྟར། དེ་ནི་ཐེག་ཆེན་ལའང་མཚུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དེ་སྟོན་པ་སངས་རྒྱས་ནས་ལོ་བཅུ་བཞེས་པ་དང་ཤིན་ཏུ་ཚ་བའི་དུས་ཤིག་ལ་བྱ་རྒོད་ཕུང་པོའི་རི་ལ་རིན་པོ་ཆེའི་གདུགས་ཀྱི་ཁང་བཟང་ཙནྡན་གྱི་སྙིང་པོའི་ཁང་པ་བརྩེགས་པའི་ནང་དུ། རབ་འབྱོར་དང་གང་པོ་སོགས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ཤ་སྟག་ལ་གསུངས་པ་སོགས། མདོ་ཕལ་ཆེར་ཡུལ་དུས་གདུལ་བྱ་གསལ་ཞིང་། སྟོན་པ་མྱ་ངན་ལས་འདས་རྗེས་སུ་བྱམས་པ་འཇམ་དབྱངས་སོགས་ཀྱིས་ལྷ་ཀླུ་དྲི་ཟ་སོགས་ནས་བཀའ་བསྡུ་མཛད་ལ། ཕྱིས་སུ་གོང་དུ་ཞུས་པའི་སློབ་དཔོན་ལྔ་བརྒྱ་དང་ཀླུ་སྒྲུབ་ཐོགས་མེད་སོགས་ཀྱིས་མི་ཡུལ་དུ་དར་བ་བྱས་ཏེ་དགོངས་འགྲེལ་འབོལ་ཆེན་བརྩམས་པ་ནས་བཟུང་། ད་ལྟའི་བར་དུ་བླ་མའི་རྒྱུད་པ་ཟམ་མ་ཆད་པའི་ལོ་རྒྱུས་ལྡན་པའི་ཕྱིར་ན། འདི་ལའང་ཡིད་རྟོན་བྱ་རིགས་སོ། ཁོ་བོ་ཅག་ལ་མ་གྲགས་པས་མི་འཐད་དོ་ཞེ་ན། ཤིང་ཤ་པའི་ཚལ་གྱི་མདོ་ལས། ཀུན་དགའ་བོ་ཤིང་ཤ་བའི་ཚལ་འདི་ལ་འདབ་མ་ཇི་སྙེད་ཡོད་པ་བས་ལྷག་པར་མང་བའི་ཆོས་ངས་རྟོགས་པར་གྱུར་ནའང་ཁྱོད་ལ་ནི་ངས་མ་བསྟན་ཏེ། དེ་སྙེད་ཀྱིས་ཁྱོད་སྐྱོ་བ་ཡང་མི་འགྱུར། འདོད་ཆགས་དང་བྲལ་བ་ཡང་མི་འགྱུར་རོ། ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། འདི་དག་ནི་ཉན་ཐོས་རྣམས་ཀྱིས་བརྒལ་བ་ལྟར་དུ་ལན་དུ་བསྐྱོན་པ་ལས་ཡང་དག་པའི་རིགས་པ་མིན་ཏེ། དགེ་ཆོས་ཀྱིས"མི་ལོ་སྟོང་ཕྲག་བཞུགས་པའི་རྒན་པོ་ཞིག་ཡོད་ན་དེར་འདྲི་ཆོག་ཀྱང་གཞན་དུ་སུས་ཤེས་སྲིད།"ཅེས་དང་མཁྱེན་བརྩེ་རིན་པོ་ཆེས"མགོ་སེར་ཚོ་ལ་ཐེག་ཆེན་ཕར་ཞོག་ཐེག་དམན་ཡང་བཀར་སྒྲུབ་པར་དཀའ་ཚེགས་ཆེ་བ"གསུངས་པ་རྣམས་ཀྱིས། ལོ་རྒྱུས་ཀྱིས་རིགས་ལམ་གྱི་དཔང་པོ་མི་འཕེར་བར་ར་སྤྲོད་གནང་བ་འཁུམས། ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་ཡང་དག་རྣམས་དེབ་ཐེར་དང་ཆོས་འབྱུང་གི་ཁྲོད་དུ་བཙལ་བ་ནི་ནོར་བུ་མཚོ་ལ་ཡོད་ཀྱང་རི་སྐམ་རྩེ་རུ་འཛེགས་པ་དང་གཉིས་སུ་མ་མཆིས། དེས་ན་དབུ་་གཞུང་གི་དོན་དཔྱོད་རིགས་པ་དང་ཚད་གཞུང་གི་ཚད་སྒྲུབ་རིགས་པ་རྣམས་ཐེག་ཆེན་བཀར་སྒྲུབ་རིགས་པ་དང་ལྟོ་སྦྱར་ཤེས་ཚེ། ད་གཟོད་ཡང་དག་པའི་བཀར་སྒྲུབ་ཀྱི་གཏན་ཚིགས་དེ་ང་ཚོས་རྒྱུན་པར་བགྲོ་ཞིང་མོལ་བཞིན་པའི་ཐལ་འགྱུར་དག་གི་ཕང་དུ་བསྙལ་ཡོད་པ་ཧ་གོ་ཡོང་། དེང་སང་ཐེག་ཆེན་བཀར་སྒྲུབ་མཛད་པ་ཁ་ཅིག་གིས། ཤེར་ཕྱིན་འབུམ་པ་སྟོན་པ་དང་ཀླུ་སྒྲུབ་གང་གིས་གསུངས་ཀྱང་རུང་། དེ་ལས་བཤད་པའི་ལམ་རིམ་དེ་ཚད་མས་གྲུབ་པ་དེ་ཉིད་ཀྱིས་བཀར་རུ་གྲུབ་པ་སྨྲ་བ་ནི། ཐེག་ཆེན་བཀར་གྲུབ་པ་དང་ཚད་མས་གྲུབ་པ་གཉིས་གོལ་འཛོལ་དུ་ཕྱིན་པས་གླེང་རིན་ཅི་ཡོད། དེ་ལས་ཀྱང་ངོ་སྐྱེངས་འོངས་པའི་གཞན་གྱིས་དབྱིན་ཡིག་དང་རྒྱ་སྐད་སྟེང་དུ་བཞུགས་པའི་འདུལ་བའི་སྡེ་སྣོད་དག་ལས་ལུང་ཚིག་ཐར་ཐོར་རེ་དྲངས་ཏེ་"བྱང་ཆུབ་སེམས་དཔའ"དང་ཐེག་པ་ཆེན་པོ" ཞེས་སོགས་ཀྱི་ཐ་སྙད་བྱུང་བའི་རྒྱུ་མཚན་བྱས་ཏེ་ཐེག་ཆེན་བཀར་སྒྲུབ་མཛད་པ་ནི་"ཁྱི་ཁོག་ཅིག་སྐུལ་དུས། བེའུ་རྣ་ཅོར་འཇུ་བ་"ལས་མ་འདས་པས་མཁས་པ་ཆེན་པོ་དེ་ལ་ཧ་ཧ་ཧོ་ཧོ་འདི་ཙམ་གྱིས་ཆོག་སྟེ། གྲུབ་མཐའ་སྨྲ་བ་བཞི་ཀ་ལ་ཐེག་པ་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་རེ་རེ་ཡོད་པའང་མ་རྟོགས་པའི་ཕྱིར་རོ། ཡང་བསྟན་པ་གཅིག་ལ་སྟོན་པ་གཉིས་སུ་ཐལ་བ་ཙམ་ལ་འཇིགས་ཏེ་ཨུ་ཚུགས་མཁྲེགས་འཛིན་གྱིས་བཅུན་པ་རྣམས་ནི། གནའ་བོའི་རྒྱལ་པོ་རིང་ལུགས་ཀྱི་བག་ཆགས་མ་ཡལ་བའི་བྲན་གཤིས་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་བརྒྱ་སྟོང་ག་ཚད་བྱོན་འོངས་ན་དེ་ཙམ་དགའ་འོས་པ་ལས་ཅིའི་ཕྱིར་སྐྱོ་བར་འགྱུར། སེམས་ཅན་གྱི་ཁམས་དང་མོས་པ་བགྲང་ལས་འདས་པས་དེ་དང་དེར་འཚམ་པའི་ཐར་ལམ་ཡང་བགྲང་ལས་འདས་པ་ཞིག་སྟོན་ན་དེ་ལས་སྤྲོ་བ་བརྟས་པ་ཞིག་ཅི་ཡོད། གཞན་ཡང་ཁས་འཆེ་བ་ཁ་ཅིག མགོན་པོ་ཀླུ་སྒྲུབ་ལ་ཡིད་ཆེས་བྱ་རྒྱུ་མ་གཏོགས་ལྷག་མི་འདུག་ཅེས་འུ་ཐུག་ཐབས་ཟད་པའི་སྡར་སྐད་ཤོར་བ་ནི་དོན་ལ་ཀླུ་སྒྲུབ་ལ་ཡིད་རྟོན་མ་བྱས་པའི་མཚང་ཤོར་བ་ཡིན་ཏེ། ཀླུ་སྒྲུབ་ཀྱིས་འཕངས་པའི་གཏན་ཚིགས་དག་ལ་ཚུལ་གསུམ་ཚང་མི་འདུག་ཅེས་པའི་དོན་ཡིན་པའི་ཕྱིར། འདི་དག་ཁོ་བོ་སྒེར་གྱིས་ཤེས་མདོག་ཁ་བོ་བྱས་ཏེ་རྣམ་རྟོག་གི་འཆར་སྒོ་རྣམས་བྱུང་རྒྱལ་དུ་སྨྲས་བཞག་ན་ཆེན་པོ་དག་གིས་ཁྲེལ་ངེས་ལ་སུའི་རྣ་ལམ་དུ་འགྲོ། དེས་ན་མདོ་སྡེ་རྒྱན་ལས་ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། ཆོས་ཉིད་དང་ནི་འགལ་བ་མེད། ཅེས་དང་རིན་ཆེན་ཕྲེང་བ་ལས་བདག་དང་གཞན་ཕན་ཐར་པའི་དོན། མདོར་ན་སངས་རྒྱས་བསྟན་དེ་དག། ཕ་རོལ་ཕྱིན་དྲུག་ཁོངས་ན་ཡོད། དེ་བས་དེ་ནི་སངས་རྒྱས་བཀའ།།ཞེས་དང་དབུ་མའི་སྙིང་པོ་ལས། ཐེག་ཆེན་སངས་རྒྱས་གསུང་ཡིན་ཏེ། བདག་མེད་ལ་སོགས་སྟོན་པའི་ཕྱིར། དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། ཞེས་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་སྙིང་གི་རྩ་དོན་འདི་ལྟར་གྲུབ་བོ་སྙམ་སྟེ་བྲིས་པའོ།།
      
       ༣ ༼མངོན་པར་རྟོགས་པའི་རྒྱན་གྱི་ལྟ་གྲུབ་གླེང་བ།༽ 
        དེ་ལྟར་བཀར་བསྒྲུབས་པའི་ཐེག་པ་ཆེན་པོ་དེ་ལ་སྟོན་པ་ཉིད་ནས་རྒྱུད་པའི་བཀའ་འབབ་ཀྱི་ཆུ་བོ་ཆེན་པོ་དྲུག་ཏུ་བདོག་ཅིང་། དེ་དག་གི་བརྗོད་སྙིང་ཕྱོགས་གཅིག་ཏུ་དྲིལ་བའི་མན་ངག་གི་བསྟན་བཅོས་ནི་མངོན་པར་རྟོགས་པའི་རྒྱན་འདི་ཉིད་ཡིན་པ་ཡོངས་སུ་གྲགས་།བསྟན་བཅོས་འདིས་བསྟན་པའི་མཐའ་ཐུག་གི་ལྟ་བ་དེ་ཐེག་ཆེན་གྱི་གྲུབ་མཐའ་གང་དུ་བབ་ཅེ་ན། ཐོག་མར་ཐོགས་མེད་སྐུ་མཆེད་ཀྱིས་བྱམས་པའི་མན་ངག་ལ་བརྟེན་ནས་སེམས་ཙམ་དུ་བཀྲལ། ཕྱིས་སུ་འཕགས་པ་གྲོལ་སྡེས་ཉི་ཁྲི་ལེར་བརྒྱད་མ་དང་སྦྱར་ཏེ་ངོ་བོ་ཉིད་མེད་པ་སྨྲ་བའི་གྲུབ་མཐའ་འབུར་དུ་ཐོན་པ་བྱས། སྤྱིར་ན་སློབ་དཔོན་བློ་བརྟན་གྱིས་རྩ་ཤེར་རྣམ་རིག་ཏུ་བཀྲལ་བ་དང་སློབ་དཔོན་ཆོས་སྐྱོང་གིས་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་ལ་བལྟས་ན་སྲོལ་འབྱེད་ཀྱི་བསྟན་བཅོས་གཉིས་ཀ་དབུ་སེམས་གང་དུ་གནས་པར་ཤིན་ཏུ་འཕྱང་མོ་ཉུག ལྷག་ཏུ་བྱམས་པའི་ཐུགས་རྒྱད་ཀྱི་ལྟ་བ་རྣལ་མ་དེ་བས་ཀྱང་ཁ་ཚོན་གཅོད་མི་འཕེར་ཏེ། བྱམས་ཆོས་ཕྱི་མ་གསུམ་རྒྱ་བོད་ཕལ་ཆེས་རྣམ་རིག་ཏུ་འདོད་ཅིང་། བྱམས་པ་ནས་རྒྱུད་པའི་བྱང་སྡོམ་དེ་སེམས་ཙམ་པའི་ཆོ་གར་བཞེད་པ་རྣམས་ཀྱིས་རྣམ་རིག་ཏུ་གྲུབ་པ་མིན་ཡང་སོམ་ཉི་བསྐྱེད་པའི་གཞི་རུ་གྱུར། ཁ་ཅིག་གིས་རྣམ་གྲོལ་སྡེ་འཕགས་པ་ཡིན་པས་བསྟན་བཅོས་འདི་དབུ་མའི་གཞུང་དུ་ཡིད་རྟོན་བྱེད་པ་ནི་ཇོ་ནང་པཎ་ཆེན་གྱི་བཀའ་བཀྱོན་ཐེག་པ་དཀའ་འོ། སེམས་པ་རྣལ་དུ་ཕབ་ནས་སྔོན་བྱོན་མཁས་པ་རྣམས་ཀྱིས་བརྒལ་བརྟག་གིས་ལུང་རིགས་བརྡར་ཚུལ་ལ་ཕྱིར་རྟོག་རེ་བྱེད་དུས། ནང་པའི་གྲུབ་མཐའ་ཀུན་གྱི་ཡོངས་རྩེ་རུ་དབུ་སེམས་གང་ཞིག་སོན་མིན་ནི་ཤིན་ཏུ་དོགས་པའི་གནས་ཏེ། དཔལ་ལྡན་ཟླ་བ་དང་ཙནྡྲ་གོ་མི་གཉིས་ཀྱིས་ལོ་ངོ་བདུན་གྱི་རིང་ལ་དབུ་སེམས་ཀྱི་གྲུབ་མཐར་བགྲོ་ཡང་རྒྱལ་མཚན་སློབ་དཔོན་ལ་ཐོབ་སྟེ། ཉེ་འཁོར་གྱི་བྱིས་པ་དང་རྫི་བོའི་ཚུན་ཆད་ཀྱིས"ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། ལ་ལའི་སྨན་ལ་ལ་ལའི་དུག། མི་ཕམ་འཕགས་པ་ཐོགས་མེད་གཞུང་།། སྐྱེ་བོ་ཀུན་ལ་བདུད་རྩི་ཉིད།། ཅེས་གླུ་རུ་གྱེར་སྐད། དེ་བཞིན་དུ་སློབ་དཔོན་ཆོས་སྐྱོང་གིས་ཟླ་བའི་དབུ་མ་ཉམས་མྱོང་གི་ལྟ་བ་དེ་དུག་ཅན་དུ་འཆད་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་ཟླ་བས་བཤད་པའི་སྟོང་ཉིད་ལ།"ཟབ་མོ་ཐལ་བྱུང་གི་ལྟ་བ་ལ་ང་མི་དད་དོ། ཅེས་དང་། མདོ་སྡེ་དགོངས་པར་ངེས་འགྲེལ་ལས། མཚན་ཉིད་ཐམས་ཅད་མེད་པར་ལྟ་ཞིང་དོན་མ་ཡིན་པ་དོན་དུ་སྟོན་པར་བྱེད་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ངས་སྨྲའོ། ཞེས་དང་། དང་པོ་བདེན་བཞི་ཆོས་འཁོར་དང་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གཉིས་ལ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་དང་། གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལ་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། ཞེས་པའི་ལུང་དག་གིས་རྣམ་རིག་གི་ལྟ་བ་མཐོ་འདེབས་མཛད་ཅིང་། མདོ་འདི་དྲང་དོན་དུ་འགའ་ཞིག་གིས་སྨྲ་ཡང་སྟོན་པས་དོན་དམ་པ་ངེས་དོན་འབའ་ཞིག་བསྟན་པར་བཞེད་ལ། འཁོར་གྱི་བྱང་སེམས་ཕྱིར་མི་ལྡོག་པའི་ཚོགས་ལའང་དེ་ལྟར་དུ་ཟུངས་ཤིག་ཅེས་གདམས་པ་དང་འགལ་བ་ལྟག་སྤྲོད་དུ་སོང་འདུག་པས་བསོད་ནམས་དང་ཤེས་རབ་ཡར་མ་ཕྲལ་བ་དག་གིས་དཔྱོད་མཛོད་ཅིག  ལུང་ཚིག་འདི་དག་གིས་རྣམ་རིག་གི་དཔུང་དུ་སྦྲན་འདུག་པས་ཁོ་བོས་སེམས་ཙམ་འགོག་པར་ཤིན་ཏུ་ཚེགས་ཆེའོ། དེང་སང་སློབ་དཔོན་ཀླུ་སྒྲུབ་ཀྱི་ལམ་ལས་ཕྱི་རོལ་དུ་གྱུར་སོང་ན་ཞི་བའི་ཐབས་མེད་པའི་ལུང་དང་རྡོ་ཆག་བཙན་སྒྲིག་གི་སླད་དུ་རྣམ་རིག་གི་ལྟ་བ་བསྒོམས་པ་ལ་བརྟེན་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ཡན་བརྒལ་བ་མི་བོགས་པ་འདོད་པ་ནི། རྒྱབ་བརྟེན་ལུང་རིགས་གང་ཡང་མེད་པ་མ་ཟད། དེ་ལྟར་ན་རང་ལུགས་སུ་འཇོག་པའི་དབུ་མའི་ལྟ་བ་བསྒོམས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཡན་དུ་འཛེགས་མི་ཐུབ་པར་ཐལ་བ་བཟློག་ཏུ་མེད། གལ་ཏེ་དབུ་མའི་ལྟ་བ་ནི་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ་ཡིད་ལ་བྱེད་པ་ཡིན་པས་འཇིག་རྟེན་པའི་ལམ་ལས་བརྒལ་བ་ནུས་སོ་སྙམ་ན། དེ་ནི་སེམས་ཙམ་ལའང་མཚུངས་ཤིང་། བཀའ་བསྟན་འབོལ་ཆེན་གྱིས་རྫོགས་བྱང་གི་ལམ་རིམ་དུ་བཞེད་པའི་ལྟ་བ་འདིས་ཁམས་གསུམ་འཁོར་བ་ལས་ཀྱང་བསྒྲལ་མི་ཐུབ་པར་སྨྲ་བ་ནི་ཤིན་ཏུ་ངོ་མཚར་ཆེ་འོ། དབུ་སེམས་ཀྱི་ལྟ་གྲུབ་སྨྲ་བར་ཆེས་རྨད་དུ་བྱུང་ནི་རྩོད་དུས་ཐུབ་དབང་གཉིས་པ་ཤིནྟུ་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་བཞེད་དེ། གང་གི་ཞལ་ནས་"བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། ཚད་མ་ལུང་དང་ལྡན་གྱུར་པའི། བདེན་པ་གཉིས་པོ་འདིར་བཤད་བྱ། ཞེས།  ལུགས་གཉིས་ཀའིདབུ་མ་ཚད་ལྡན་དུ་འཆད་ཅིང་། ཀླུ་སྒྲུབ་ཀྱིས་བཞེད་པའི་མཐའ་བྲལ་གྱི་ལྟ་བ་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ་དང་། ཐོགས་མེད་སྐུ་མཆེད་ཀྱིས་སྒོམ་པས་ཉམས་མྱོང་གི་ལྟ་བ་བསྟན་པ་བཞེད་པས།ཁོ་བོས་འདི་ཉིད་ཤིན་ཏུ་འཐད་པ་སྣང་སྟེ། གོམས་པ་མངོན་དུ་གྱུར་པའི་ཚེ་རྣམ་རྟོག་ཀུན་པོ་བྲལ་བའི་མྱོང་བ་གསལ་རིག་ཙམ་དེ་སྒོམ་བྱུང་གི་ལྟ་བ་ཡིན་ལ། དེའི་ཚེ་ཡུལ་གྱི་སྤྲོས་བྲལ་དེ་ཡང་དག་པའི་ལྟ་བ་མ་ཡིན་ཏེ། ཇོ་བོ་རྗེས"མ་མཐོང་བ་ལ་དེ་མཐོང་ཞེས། ཤིན་ཏུ་ཟབ་པའི་མདོ་ལས་གསུངས། "ཅེས་པའི་གཞུང་དོན། གསེར་མདོག་པཎ་ཆེན་དང་གསེར་ཕྲེང་མཁན་པོ་གཉིས་ཀས་མཐོང་ལམ་མཉམ་བཞག་གིས་དོན་ལ་ཅི་ཡང་མ་མཐོང་བ་ལ་མཐོང་ཞེས་བརྡ་སྦྱར་བ་བཤད་ཅིང་། དེ་བཞིན་དུ་ཀུན་མཁྱེན་གྱིས་ལྟ་བ་ཤན་འབྱེད་ལས" བློ་དེ་ཉིད་སྤྲོས་བྲལ་དང་དབྱེར་མེད་པར་མངོན་དུ་གྱུར་པའི་ཡུལ་དེ་ཉིད་ལ། དོན་དམ་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་ཡིན་གྱི། དེའི་ཚེ་ཡང་དོན་དམ་བདེན་པ་འདིའོ་ཞེས་ཅུང་ཟད་ཀྱང་བཟུང་བར་བྱ་བ་མེད་དོ། འདི་ལ་དགོངས་ནས་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལས། མ་མཐོང་བའི་ཚུལ་གྱིས་མཐོང་། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་སོགས་མང་དུ་གསུངས་སོ།" ཞེས་གསུངས་པས། ངེས་དོན་གྱི་མཁས་པ་རྣམས་ལ་"བསྟན་ཚུལ་ཚིག་གི་ཁྱད་པ་མ་གཏོགས་པར། རྟོགས་ཚུལ་ལྟ་བའི་གནད་ལ་ཁྱད་པར་མེད་"པ་ཁོ་བོས་སེམས་སོ། དེས་ན་ཆུ་ལ་འོ་མ་འདྲིས་པ་བཞིན་དུ་བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པར་འདོད་པ་རྣམས་ཀྱིས་ཕ་རོལ་འཇལ་བའི་བློ་ལ་ཚུལ་མཐོང་གིས་ཤན་ཞུགས་པ་སྟེ། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ཀས་སྤྲོས་པ་རྣམ་པར་བཅད་པ་ལས་ཡོངས་གཅོད་དུ་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། འོན་ཀྱང་བསྟན་བཅོས་འདིའི་སྤྱི་ཁོག་ནས་ཞིབ་ཕུབ་སྟེ་བལྟས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་སུ་ལེགས་པ་གནས་ཏེ། འདི་ལ་གཞི་ལམ་འབྲས་གསུམ་དུ་ཕྱེ་ནས་ཞུས་ན། དང་པོ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་པའི་རྩོད་སྤང་གི་འཐད་དུ། རྟེན་རིགས་རང་ངོས་ནས་དབྱེ་བ་མེད་ཀྱང་རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་བྱེ་བྲག་གིས་རྟེན་རིགས་ལའང་བཅུ་གསུམ་དབྱེ་བ་ནི་རྩ་བའི་ངོ་གདོང་གི་གོ་བ་ཡིན་ལ། སེམས་ཙམ་དུ་བཀྲལ་བ་རྣམས་ཀྱིས། ཆོས་དབྱིངས་བདེ་གཤེགས་སྙིང་པོ་དང་ཀུན་གཞི་རང་བཞིན་གནས་རིགས་སུ་འཐད་པས་གཞུང་འདི་རྣམ་རིག་པའི་ལུགས་སུ་འདོད་པ་ནི་གྱི་ན་བ་སྟེ། རང་བཞིན་གནས་རིགས་ཀུན་གཞིའི་སྟེང་གི་ས་བོན་ལ་སེམས་ཙམ་པའི་མདོ་རྣམས་ལས་གསུངས་ཤིང་། ཀུན་གཞི་རང་བཞིན་གནས་རིགས་ཡིན་དུ་འཆུག་ཀྱང་གོང་གི་རྩོད་སྤང་དང་འགྲིག་ཐབས་མེད་དེ། སེམས་ཅན་རྣམས་ཀྱི་ཀུན་གཞིར་དབྱེར་མེད་དུ་སེམས་ཙམ་པས་གང་དུ་ཡང་མ་བཤད་པའི་ཕྱིར་རོ། དེ་བཞིན་དུ་"ཡུལ་ངེས་པ་དང་ཁྱབ་པ་དང"ཞེས་པས་སེམས་ཅན་ཐམས་ཅད་ལམ་ཤེས་སྐྱེ་བའི་ཁྱབ་པ་བསྟན་པ་རྣམས་ཀྱང་སེམས་ཙམ་པར་ཁ་གཏད་དེ་ལངས་འདུག་གོ  གལ་ཏེ་"ཁྱབ་པ་"ཞེས་པས་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་བསྟན་ནོ་ཞེ་ན། དེ་ནི་ལམ་ཤེས་ཀྱི་ཡན་ལག་ཏུ་འཆད་པ་ལ་འབྲེལ་མ་མཆིས་ཤིང་། སེམས་ཙམ་པས་རིགས་ཆད་ཀྱི་གང་ཟག་འདོད་པ་དང་མི་འཐད་དོ། དེས་ན་གཞིའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་དབྱིངས་དབྱེར་མེད་དུ་བཤད་ཅིང་། ལམ་ཤེས་རྒྱུད་ནས་སྐྱེ་བའི་ཁྱབ་པ་རྣམས་དབུ་མ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་འོ། གཉིས་པ་ནི། སྐབས་དང་པོར། དམིགས་པ་མི་རྟག་ལ་སོགས་པ། རྣམ་པ་མངོན་ཞེན་ལ་སོགས་འགོག། ཅེས་དང་སྐབས་གསུམ་པར། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། ཞེས་དང་གཟུགས་རྟག་མ་ཡིན་མི་རྟག་མིན། ཞེས་སོགས་ཀྱིས་དབུ་མ་པའི་ཐུན་མོང་མ་ཡིན་པའི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་གནས་ལུགས་བསྟན་ཅིང་། དེ་བཞིན་དུ་མཐའ་ཐུག་གི་ལྟ་བ་མེད་དགག་འདོད་པའང་ཁེགས་པ་ཡིན་ལ། སྐབས་གཉིས་པ་ནས་ཀྱང་། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། ཞེས་པའི་སྐབས་སུ་ལམ་གསུམ་ལ་བདེན་པར་འཛིན་པའི་བདེན་འཛིན་སྤངས་པའི་སྤང་བ་དེ་བྱང་སེམས་ཀྱི་རྣམ་དག་ཏུ་བཤད་པས། འདི་ཙམ་གྱིས་རྒྱན་འདི་དབུ་མ་པའི་ལུགས་སུ་ལེགས་པར་གྲུབ་སྟེ། རྣམ་རིག་པའི་ཡུལ་ཅན་ལམ་གསུམ་པོ་གཞན་དབང་རྫས་སུ་གྲུབ་པར་འདོད་པའི་ཕྱིར་རོ། དེས་ན་ལམ་གྱི་སྐབས་སུའང་ངོ་བོ་ཉིད་མེད་སྨྲ་བའི་ཕྱོགས་སུ་བབ་བོ། གསུམ་པ་འབྲས་བུའི་སྐབས་སུ། རྣམ་རིག་སྨྲ་བ་རྣམས་ཀྱིས་སྐབས་ལྔ་བར། དྲི་མ་ཟད་དང་མི་སྐྱེ་བའི། ཡེ་ཤེས་བྱང་ཆུབ་ཅེས་པའི་རྐང་བ་ཕྱེད་དང་གཅིག་པོར་ཁུངས་སུ་བཅོལ་ནས་མདོ་སྡེ་རྒྱན་ལས་སྐུ་གསུམ་དག་གི་བྱང་ཆུབ་ཆེ། ཞེས་པ་དང་གནད་གཅིག་ཏུ་བསྒྲིགས་ཏེ། འདི་བསྟན་གྱི་བྱང་ཆུབ་སྐུ་གསུམ་དུ་རྒྱན་དང་རྒྱུད་བླ་ལས་གསུངས་ཤིང་། འདི་ནས་ཟད་མེད་སྐྱེ་མེད་ཀྱི་ཡེ་ཤེས་དེ་བྱང་ཆུབ་ཏུ་བཤད་ལ། དེས་ན་སྐུ་གསུམ་ཡེ་ཤེས་སུ་རྣམ་པར་གཞག་པ་རྣམ་རིག་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཡིན་པས་རྒྱན་འདིའི་བབ་སོ་རྣམ་རིག་དང་གཅིག་པར་སྨྲའོ། བསྟན་བཅོས་འདིའི་མགོ་འཇུག་ལྷུར་གཏུགས་ནས་སྤྱི་ཁོག་གི་གོ་བ་རྩལ་དུ་མ་བཏོན་པར། སྣེ་མོ་གཅིག་ལ་ཤི་འཇུ་རོ་འཐོམ་བྱས་ཏེ་གཞུང་ཧྲིལ་པོར་འོལ་ཚོད་བརྒྱགས་པ་ནི་ཁྲོན་པའི་སྦ་བ་རྣམ་ཐར་ཉིད་དེ། ལུས་རྣམ་གཞག་གི་སྐབས་སུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། བྱ་བའི་ལམ་ནི་སོ་སོ་ལ། རྣམ་པར་རྟོག་པ་རྣམ་བཞི་ཡི། གཉེན་པོ་རྣམ་པ་བཞི་དང་ནི། ཞེས་པས་མཐོང་སྒོམ་གྱི་སྤང་བྱ་རྣམ་རྟོག་བརྒྱད་དང་གཉེན་པོ་མཐོང་སྒོམ་རྩེ་སྦྱོར་བསྡུས་ཏེ་བསྟན་ནས། ལན་ལག་རྒྱས་བཤད་དུ། མཐོང་སྤང་རྟོག་པའི་མཇུག་ཐོག་དེ་མ་ཐག་ཏུ་བྱང་ཆུབ་ཀྱི་རྒྱུ་དང་"ཡེ་ཤེས་བྱང་ཆུབ་"ཅེས་པའི་གཞུང་རྣམས་བྱུང་བས། བསྡུས་དོན་དང་བསྒྲིགས་ན་འབྲས་བུ་སྐུ་གསུམ་དངོས་སུ་བསྟན་པར་འབྲེལ་སྤུ་ཙམ་མེད་ཅིང་། གཞུང་དེའི་མཚམས་སུ་"འགོག་པ་མེད་པའི་རང་བཞིན་ལ་" ཞེས་སོགས་བཅད་པ་གཅིག་གིས་ཡུལ་གདོད་མ་ནས་རང་བཞིན་མེད་པའི་ཆོས་ལ་མཐོང་ལམ་གྱིས་སྤང་ཐོབ་ཅི་ཡང་མི་ནུས་པ་དངོས་སུ་བསྟན་པས། "ཡེ་ཤེས་བྱང་ཆུབ་"ཅེས་པས་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་བསྟན་པར་སྨྲ་བ་ནི་གཞུང་དོན་གནད་ལ་འཁེལ་བའི་ལེགས་བཤད་དུ་སེམས། དེ་བཞིན་དུ་"གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ"ཞེས་པའི་སྐབས་སུ། སྤང་བྱ་བདེན་པར་གྲུབ་པ་དང་སྟོན་པས་དེ་སྤངས་པ་འདོད་པ་ལ་མགོན་པོ་བྱམས་པས་ངོ་མཚར་ཆེན་པོར་དགོངས་ཏེ་བཞེད་ཀྱིན་པ་མ་མཐོང་ངམ། མདོར་ན་རྒྱན་འདི་རྣམ་རིག་ཏུ་བཀྲལ་བ་རྣམས་ཀྱིས་བཀོད་པ་གང་ཞིག་འཐེན་ཀྱང་འགག་སྒོ་འདི་དག་ལས་ཧ་ཅང་ཐར་བར་དཀའ་འོ། བསྟུན་རྒོལ་ཚུལ་གྱིས་སྨྲས་ན་འབྲས་བུའི་སྐབས་སུའང་དབུ་མ་པའི་ལུགས་སུ་འབྱོར་ཞིང་། སྔོན་ཆད་གཞུང་འདི་དག་དབུ་སེམས་གང་དུ་གནས་མིན་ལ་རྩོད་གཞི་ཆེན་པོར་བརྩིས་སྲོལ་ཡོད་སྟབས། ཁོ་བོས་ཀྱང་འགྲེལ་བ་རྣམས་ཀྱི་བཞེད་ཚུལ་རེ་ཞིག་ལྟག་རྒྱབ་ཏུ་གཡུགས་ཏེ་རྩ་རྐྱང་གི་སྟེང་ནས་རང་བློས་ལྕོགས་ཚོད་ཀྱིས་རྣམ་གཞག་ཕྲན་བུ་བྱས་བཞག  སྤྱིར་ན་རྣམ་གཞག་འདི་དག་སྟོན་པ་ཉིད་ཀྱིས་ཞལ་ནས"སུ་ལ་བསྟན་ཀྱང་གོ་བ་མི་ནུས་པའི"ཟབ་དོན་ཐོག་ཏུ་འཁེལ་འདུག་པས་ཐ་མལ་བ་བདག་གིས་ཇི་ལྟར་སྨྲ་བར་སྤོབས་ཏེ།  དབུ་སེམས་ཀྱི་སོ་མཚམས་ཕར་ཞོག་ཕྱི་ནང་གི་ལྟ་གྲུབ་ཕྲ་མོ་ཤན་འབྱེད་པ་ལའང་བར་སྐབས་ཤིག་ལ་ནཱ་ལནྡྲའི་པཎ་གྲུབ་རྒྱུ་སྐར་ལྟ་བུའི་ཁྲོད་དུ་མཉམ་མེད་ཇོ་བོ་རྗེ་མ་གཏོགས་མེད་གཤིས། དེ་བཞིན་དུ་རྟ་དབྱངས་དང་འཕགས་པ་ལྷ་གཉིས་ཀྱིས་གྲུབ་མཐའི་གནད་གསང་ཕྲ་མོ་ཞིག་ལ་བརྩད་དུས་མཁས་བླུན་སུས་ཀྱང་རྒྱལ་ཕམ་ཕྱེ་མ་ཤེས་པ་དང་། དགེ་ཆོས་ཀྱིས"སྟོང་པ་བདེན་མེད་སོགས་ནི་ཕྱི་རོལ་པའི་ཆོས་སྐད་དུ་འབྱམས་ཤིང་། འུ་ཅག་གིས་ཤིན་ཏུ་སྡིགས་སྨོད་གཏང་སའི་མུ་སྟེགས་བདག་ཀྱང་མཐའ་བརྒྱད་སྤྲོས་པ་དང་བྲལ་བའི་རང་བཞིན་ལ་འདོད་ཅིང་། དེས་ན་ཕྱི་ནང་གི་སོ་མཚམས་ནི་དར་སྐུད་ལས་ཀྱང་ཕྲ་བར་སོང་། ཞེས་གསུངས་པ་སོགས་མཇལ་དུས། སྐྱེས་སྟོབས་དང་སྦྱང་བྱུང་གཉིས་ཀ་དམན་པའི་བདག་དང་བདག་ལྟ་བུ་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ཏེ་དགག་སྒྲུབ་ཀྱི་ངར་སྐད་སྒྲོག་པ་ནི་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་མངོན་དུ་གྱུར་པ་ཡིན་ནམ་སྙམ་མོ། བརྗོད་དོན་ཁ་ཚང་ཞིང་རྗོད་བྱེད་རྒྱ་ཡན་དུ་མ་སོང་བའི་ཚུལ་གྱིས་འདི་ནས་འཇུག་བསྡུས་ན།
 
      ཉིན་མོར་ཟས་ཆད་མཚན་མོར་གཉིད་ཆག་སྟེ།།
      གོན་པ་ངན་ངོན་འབྱོར་བ་ཐན་ཐུན་གྱིས།།
      རྒྱ་ཆོས་བོད་ལ་འདྲེན་པའི་ཁུར་ལྕི་བའི།།
      ལོ་པཎ་དཀའ་དྲིན་ཅན་ཚོ་བརྗེད་ཐབས་མེད།།
      མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ།།
      ཐབས་མཁས་ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱིས།།
      གཙང་མའི་ཁྲིམས་ཀྱིས་ཞི་བདེའི་དཔལ་བསྐྲུན་པའི།།
      ཆོས་རྒྱལ་མཛངས་བློན་ལྷག་བསམ་དཀར་པོ་ཡང་།།
      རིགས་དང་རིགས་གཞུང་རྟག་བརྟན་ཐེར་ཟུག་ཕྱིར།།
      དུག་སྦྲུལ་ཚང་དུ་ལྕེབས་པར་ཐུགས་དགྱེས་ཤིང་།།
      སྐུ་སྲོག་རྒྱན་དུ་འཇོག་པའང་རབ་མགུ་བའི།།
      སྐྱེས་མཆོག་གང་གི་ཁྲག་དང་རྣམ་ཤེས་ཀྱང་།།
 
        ཀུན་སློང་དད་དང་ཤེས་རབ་མཚུངས་ལྡན་གྱིས།།
        སྦྱོར་བ་ལུང་དང་རིགས་པ་དཔུང་སྦྲན་ཏེ།།
        གླེགས་བམ་གཏིང་ནས་བསྔོགས་པའི་ཟླ་ཤེལ་འདི།།
        ཤིང་རྟ་མངོན་པར་དགའ་བའི་གསེར་སྐྱེམས་ཡིན།།
              
             འདིར་བྱུང་དཀར་པོ་དགེ་བའི་ཆོས།།
             སྤྱིར་ན་འགྲོ་ཀུན་བདེ་ཞིང་སྐྱིད།།
             སྒོས་སུ་ར་བ་གངས་ཅན་གྱི།།
             དམིཊ་འདུན་འགྲུབ་པའི་སོན་གྱུར་ཅིག།
                                      
 •མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས།།
ཅེས། འབུར་ལེགས་བསོད་ནམས་རིན་ཆེན་གྱིས་ལོ་མཇུག་ལ་ཕར་ཕྱིན་རྒྱུགས་རྩོམ་དུ་ཕུལ་བའོ།།
                                                                      རྩོམ་སྒྲིག་པ། མྱི་གསར་བ།