རིག་མིན་གྱི་གཟུགས་ལ་དཔྱད་པ།

    རིག་འཛིན་དབང་རྒྱལ་གྱིས་བརྩམས།

བྱེ་སྨྲའི་ལུགས་ལ་རིག་མིན་གྱི་གཟུགས་གཟུགས་ཡིན་མིན་ཐད་ཀྱི་དཔྱད་བསྡུས།
 

རིག་འཛིན་དབང་རྒྱལ་གྱིས་བརྩམས།


 

གཅིག ཐོག་མའི་གླེང་སློང་ཞིང་དཔྱད་པའི་སྒོ་དབྱེ་ཚུལ། 

 

ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ༎

སྤྱིར་བཏང་སྐྱེས་སྦྱང་གི་ཤེས་བརྩོན་ན་སྨིན་པའི་སྔོན་གྱི་གཞུང་ལུགས་པ་ཚོས་མཛད་པའི་གཞུང་ལུགས་དཔྱད་རྩོམ་དག་ནི་དགག་གཞག་སྤང་པའི་ཆིངས་གསུམ་གྱིས་སྡོམ་ཞིང་། ལྷག་དོན་གཞུང་ལུགས་རྩོམ་ཡིག་དག་ནི་ཐོག་མཐའ་བར་གསུམ་དགེ་བའི་ར་བར་ཚུད་ནས་ཡོད་པ་ནི་ཏག་ཏག་གཞུང་ལུགས་རྩོམ་པའི་རྒྱུ་གསུམ་མམ། མ་མཐར་ཡང་རིག་པའི་གནས་ཆེན་ལྔ་ལ་ནང་བྱན་ཚུད་ཡོད་པའི་དན་རྟགས་ཤིག་མ་ཡིན་ནམ། འོན་ཀྱང་ཚུལ་གསུམ་གྱི་འགྲོ་ལྡོག་ཙམ་ཡང་མི་ཤེས་པའི་བདག་དང་བདག་ལྟ་བུའི་དཔྱད་རྩོམ་ནི་དངོས་གནས་དཔྱད་རྩོམ་རང་རེད་བཞག ཡིན་ནའང་གཞུང་ལུགས་རེ་ལ་འཐམས་མྱོང་བའི་ཕྱིར་དྲན་ཞིག་གམ་དཔེ་ཀློག་ཚར་གཅིག་གི་ཟིན་ཐོ་རེ་ནི་ཅིས་ཀྱང་འདེབས་འདོད་དེ། གོ་བ་དཔེ་ཐོག་ཏུ་ལུས་པའི་འབད་བརྩོན་ནི་ཅི་འདྲའི་ཕངས་དགོས་པའི་ཕྱིར་དྲན་ཞིག་རེད་ལ། གོ་བ་བརྗེད་ངས་ཀྱིས་ཁྱེར་བའི་འཇིགས་ཡམ་ནི་དེ་ལས་ཀྱང་ཚབ་ཆེ་བའི་གྱོང་གུད་ཅིག་རེད། དེ་བས་ཁོ་བོར་ད་ལོར་བྱེ་སྨྲའི་ལུགས་ཀྱི་གཞུང་ལུགས་ཤིག་ལ་དཔེ་མཇལ་གྱི་སྐལ་བ་ཐོབ་ཅིང་། དཔེ་མཇལ་དེའི་ཁྲོད་ནས་ངེས་ཤེས་ཀྱིས་སྦྲུམ་པའི་ཡིད་ཆེས་ཤིག་རྙེད་མ་ནུས་ཀྱང་། ཐེ་ཚོམས་ཀྱིས་བསླངས་པའི་དོགས་གནས་རེ་མཇལ་ཐུབ་པའང་བསོད་ནམས་འབུམ་ལས་སྐྱེས་པ་ལོས་ཡིན་ཨང་།

 

གཉིས། དཔྱད་པ་དངོས་ལ་ཞུགས་ཏེ་དཔྱད་པའི་རིམ་པ་འགོད་པ། 

 

༡༽ རིག་མིན་གྱི་གཟུགས་ཡོད་པའི་སྒྲུབ་བྱེད་འགོད་པ།

དེ་ཡང་བྱེ་སྨྲའི་རང་ལུགས་ལ་མདོ་ལས་གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་པའི་ལུང་གིས་རིག་མིན་གྱི་གཟུགས་ཡོད་པར་བསྒྲུབས་ཤིང་། རྫས་ལས་མ་བྱུང་བའི་བསོད་ནམས་བདུན་དུ་གསུངས་པ་རྣམས་ཀྱང་བར་མ་དགེ་བའི་རིག་བྱེད་མ་ཡིན་པ་ཡིན་གྱི། རིག་བྱེད་དང་སེམས་པ་སོགས་ཡིན་ན་ཉལ་བ་སོགས་ཀྱི་གནས་སྐབས་སུ་མི་འབྱུང་བར་ཐལ་བ་ལས་དེ་དག་གི་ཚེ་ཡང་འབྱུང་བར་གསུངས་པའི་ཕྱིར་དང༌། གཞན་ཡང་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་ཟག་མེད་ཀྱི་གཟུགས་ཀྱང་མེད་པར་འགྱུར་ལ། དེ་ལྟ་ན་འཕགས་ལམ་ཡན་ལག་བརྒྱད་མེད་པར་འགྱུར་ཏེ། མཉམ་པར་བཞག་པའི་ཚེ་ལུས་ངག་གི་རིག་བྱེད་ནི་མེད་ལ། རིག་བྱེད་མ་ཡིན་པ་ཡང་མེད་ན་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་མེད་པར་འགྱུར་བ་ལས་དེ་དག་ཡོད་པར་བཤད་པའི་ཕྱིར། ཞེས་པས་རིག་མིན་ཡོད་པར་རིགས་པས་བསྒྲུབས་སོ༎ ཁ་ཅིག་གིས་ནི་མཛོད་རྩའི་གཡེངས་དང་སེམས་མེད་པ་ཡི་ཡང་།།དགེ་དང་མི་དགེ་རྗེས་འབྲེལ་གང་།།འབྱུང་བ་ཆེ་རྣམས་རྒྱུར་བྱས་པ།། དེ་ནི་རྣམ་རིག་བྱེད་མིན་བརྗོད།། ཅེས་པས་རིག་མིན་གྱི་གཟུགས་ཀྱི་ངོ་བོ་བསྟན་པར་ཡང་འདོད་ལ། སློབ་དཔོན་འདུན་བཟང་ནི་དེས་རིག་མིན་གྱི་ངོ་བོ་བསྟན་ན་མི་འཐད་པར་གསུངས་ཤིང་རང་གི་ལུགས་ལ།  བྱས་པ་དང་ཡང་མི་འདྲ་བའི༎ སེམས་པའང་སེམས་མེད་པ་ལ་གང་༎ ལུང་བསྟན་ཐོགས་པ་མེད་པའི་གཟུགས༎ དེ་ནི་རྣམ་རིག་བྱེད་མིན་འདོད་ཅེས་པས་རིག་མིན་གྱི་ངོ་བོ་བསྟན་པར་ཡང་འདོད།

 

༢༽ རིག་མིན་གཟུགས་ཡིན་མིན་དངོས་ལ་དཔྱད་པ། 

རྗེ་ཐམས་ཅད་མཁྱེན་པ་ལྷ་མོ་དོན་གྲུབ་ཀྱི་ཞལ་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛོད་ཀྱི་འཇིག་རྟེན་བསྟན་པ་རྩོམ་སྐབས་རང་གིས་ཀྱང་ལུགས་དེར་ཡིད་ཆེས་ཅི་ཙམ་བྱས་ཡོད་མི་ཤེས་གསུངས་པ་ལྟར། བྱེ་སྨྲའི་གྲུབ་མཐའ་འཆད་པའི་སློབ་དཔོན་དག་གིས་ཀྱང་རིག་མིན་གྱི་གཟུགས་འཆད་སྐབས་རིག་མིན་གྱི་གཟུགས་ཡོད་པར་ཡིད་ཆེས་ག་ཚོད་བྱས་ཡོད་མི་ཤེས། རྒྱུ་མཚན། བྱེ་སྨྲའི་ལུགས་ལ་མདོ་ལས་བསྟན་དུ་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཤིག་ཡོད་པར་གསུངས་པ་ཙམ་གྱིས་རྫས་ལས་བྱུང་བའི་བསོད་ནམས་བདུན་སོགས་ཤེས་པ་དང་རིག་བྱེད་ནི་མིན་པས་རིག་མིན་ལས་འོས་མེད་དོ་ཞེས་པ་ཙམ་ལས། རྩ་བའི་ཆ་ནས་བསྟན་མེད་ཐོགས་མེད་ཀྱི་ངོ་བོར་གྱུར་བའི་རིག་མིན་གྱི་གཟུགས་ཤིག་ཡོད་པའམ་ཡོད་ན་གཟུགས་ཡིན་པར་སྒྲུབ་པའི་རིགས་པ་ནི་མེད་ཅིང་། ལྷག་ཏུ་རིག་མིན་གཟུགས་ཡིན་ན་གཟུགས་ཀྱི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་ཡོད་པར་ཐལ་བའམ་རིག་མིན་གྱི་གཟུགས་རིག་མིན་གྱི་གཟུགས་མ་ཡིན་པར་ཐལ་ཏེ། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཡིན་ལ། གཟུགས་སུ་རུང་མི་རུང་གི་དོན་ནི་ཕན་ཚུན་འཕྲད་པས་འགྱུར་བ་བསྐྱེད་རུང་མི་རུང་ལས་གཞན་དུ་འཆད་པའི་སྐབས་མེད་ན། རིག་མིན་ནི་བསྟན་དུ་མེད་ལ་ཐོགས་པའང་མེད་པ་ཞིག་ཡིན་པས་གཟུགས་སུ་མི་རུང་སྟེ། ཐོགས་མེད་ཡིན་ན་འཕྲད་པ་མེད་ཅིང་འཕྲད་པ་ཡོད་ན་ཐོགས་མེད་དུ་མི་རུང་བའི་ཕྱིར། དེས་ན་གཟུགས་སུ་རུང་བ་དང་བསྟན་མེད་ཐོགས་མེད་ཡིན་པ་གཉིས་ནི་མཐའ་གཅིག་ཏུ་འགལ་བ་མ་ཡིན་ནམ།


 

གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དང་།།
བསྟན་དུ་མེད་ལ་ཐོགས་པ་མེད་པ་གཉིས།།

གཅིག་གི་རྣམ་གཞག་གཅིག་གིས་བཤིགས་མཐོང་ནས།།

རིག་མིན་གཟུགས་སུ་འཇོག་ལ་བློ་མ་བདེ༎

 

ཡོད་པའི་སྒྲུབ་བྱེད་མདོ་ཡི་ལུང་ལ་གཏུགས།།
མདོ་ཡི་ལུང་དོན་གྲུབ་མཐའི་འདོད་པས་འཁྲིད།།

གཅིག་གི་རྒྱབ་རྟེན་གཅིག་གིས་བྱེད་མཐོང་ནས།།
རིག་མིན་གཟུགས་སུ་འཇོག་ལ་བློ་མ་བདེ།།

 

གཞན་ཡང་གཟུགས་ཡིན་ན་བེམ་པོ་ཡིན་དགོས་ལ། བེམ་པོ་ཡིན་ན་རྡུལ་གྲུབ་ཡིན་དགོས་པའི་ཕྱིར་ཡང་། རིག་མིན་གྱི་གཟུགས་གཟུགས་སུ་མི་འཐད་དེ། རྡུལ་གྲུབ་ནི་ཡིན་ལ་བསྟན་མེད་ཐོགས་མེད་ཡིན་པ་ཞིག་འགལ་བ་མ་ཡིན་ནམ་སྙམ་མོ།། གལ་ཏེ་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དུ་མི་འཇོག་པའམ་གཟུགས་སུ་རུང་བའི་དོན་གཞན་ཞིག་འདོད་ན་ནི་རིག་མིན་གྱི་གཟུགས་གཟུགས་ཡིན་མིན་ཡང་དཔྱད་སྒོ་གཞན་ཞིག་རེད་ལ། འོ་ན་རྫས་ལས་བྱུང་བའི་བསོད་ནམས་བདུན་སོགས་རིག་མིན་དུ་བཤད་པ་དག་བེམ་ཤེས་ལྡན་མིན་འདུ་བྱེད་གང་རེད་ཟེར་ན་དེ་ཡང་དཔྱད་སྒོ་གཞན་ཞིག་རེད་དོ༎ དེ་ལྟ་ནའང་དེ་དག་རིག་མིན་ནི་མི་འདོད། དེ་ལས་གཞན་ནི་འདི་རེད་ཅེས་སྨྲ་རྒྱུ་མེད་ན། སྔར་ཡོད་ནི་བོར། གསར་བཏོད་ནི་མི་ཤེས་པའི་དེང་སང་གི་དགག་རྐྱང་རང་ལུགས་པ་དངོས་མ་ཞིག་གི་རང་ཞལ་བསྟན་པས། དེ་དག་གི་དོན་ནི་མདོ་སྡེ་པ་ལྟར་འཆད་དགོས་སམ་གཞན་ཞིག་ཏུ་འཇོག་སླད་ནས་རང་ཅག་གིས་གཟུ་བོར་གནས་ཏེ་རིམ་གྱིས་དཔྱད་འོས་ལ། རིག་མིན་གྱི་གཟུགས་མི་འདོད་ན་དེ་དང་འབྲེལ་བའི་རྣམ་གཞག་ཐམས་ཅད་ཞིག་པར་འགྱུར་བས་ཧ་ཅང་ཐལ་ལོ་ཞེ་ན་དེའང་བདེན་མོད་ཀྱང་འདོད་ན་གཟུགས་ཀྱི་རྣམ་གཞག་རྣམས་ཀྱང་ཞིག་པ་དངོས་གནས་ཡིན་འདྲ་བས་དེའང་སླད་ནས་བློ་ལྡན་གཟུར་གནས་དག་གིས་དཔྱད་འཚལ་ལོ༎

 

གསུམ། དཔྱད་པའི་རྟིང་བསྐུམས་ཏེ་མཇུག་གི་དོན་སློག་ཚུལ།

 

འདི་ལྟར་མི་ཐེག་པའི་ཁུར་ཆེན་པོ་ཞིག་བཏེགས་པ་ནི་བྱེ་སྨྲའི་གྲུབ་མཐའ་འགོག་པའི་འགོང་པོའི་ལག་པ་སྤྲེངས་པ་མིན་ལ། ལྷག་ཏུ་སྔོན་ཀྱི་དམ་པ་ཚོས་མ་དཔྱོད་པའི་དཀའ་གནས་ཤིག་དཔྱོད་པའི་ང་རྒྱལ་གྱི་ཆོ་ངེ་བསྒྲགས་པའང་མིན། འདི་ནི་གཟུགས་ལ་རིག་རིག་མིན་གཉིས་འདོད་པ་བྱེ་སྨྲའི་གྲུབ་མཐའ་ལ་ཁས་ལེན་པའི་གཟུགས་ཀྱི་རྣམ་གཞག་གི་གཙོ་བོ་ཞིག་ཡིན་པ་ནི་གོ་ལ། རྣམ་གཞག་དེ་ཅི་ལྟར་འཇོག་དགོས་ནི་མ་ཤེས་པར། འུ་ཐུག་སྟེ་ལྡོག་ཕྱོགས་ནས་སྨྲས་ན་རིག་མིན་གྱི་གཟུགས་ཡོད་པའི་སྒྲུབ་བྱེད་གང་འདྲ་ཡོད་མེད་དང་། རིག་མིན་གཟུགས་སུ་འཐད་པའི་སྒྲུབ་བྱེད་ཅི་འདྲ་ཡོད་མེད་རྟོགས་པར་རེ་བ་དང་བཅས་ཏེ་སྨྲས་ན། མཁྱེན་རབ་ཀྱི་སྤྱན་ཡངས་ཤིང་ཐུགས་རྗེ་ཡི་ཕྱག་རིང་བའི་དམ་པ་ཚོས་ལམ་སྟོན་ཞིག་བྱེད་རྒྱུ་གལ་ཆེ་བ་ལས། འདི་ནི་གྲུབ་མཐའ་དང་འགལ་བས་གཞུང་ལུགས་ཀྱི་ཟབ་དོན་གླེང་བའི་སྐལ་བ་མེད་ཅིང་སྐབས་མེད་དོ་ཞེས་བཀའ་མི་བཀྱོན་པའི་ཡིད་ཆེས་དང་རེ་བ་བརྒྱ་ཕྲག་ཐོགས་ཏེ་ཡོད་ལ། དེ་ལས་ཀྱང་དཔྱད་ཕྲན་འདི་ལ་བརྟེན་ནས་བསྟན་བཅོས་དང་གང་ཟག་ལ་མ་གུས་པའི་ལས་རེ་བྱས་ཡོད་ན་མཐོལ་བཤགས་ཀྱི་ཐལ་མོ་གཙུག་ཏུ་ཟུམ་པ་ཡིན་ལ། འདི་ལས་སོགས་པའི་བསོད་ནམས་ཀྱི་ཆ་ཤས་རེ་ཡང་མཆིས་ན་དེ་ནི་འགྲོ་བ་མཐའ་དག་ལ་བླང་དོར་གྱི་མིག་སྦྱིན་པའི་ནུས་པ་མཆོག་ཐོབ་པའི་རྒྱུར་ཅིག་གུ།

 

ཞེས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་ལོ་༡༢པའི་ཚེས་༡༢་དང་བོད་ཟླ་༡༡པའི་ཚེས་༢༦ལ་མངོན་པའི་འཛིན་གྲྭ་འོག་མའི་སློབ་གཉེར་པ་མི་ཉག་རིག་འཛིན་དབང་རྒྱལ་གྱིས་དགོང་མོར་རང་ཤག་ཏུ་གྲུབ་པར་བགྱིས།
                                           
 
རྩོམ་སྒྲིག་པ། མྱི་གསར་བ།