དཔེ་འཕྲིན། བྱང་ཐེག་སྐར་ཚོམ་དགུ་པ།

    རྩོམ་པ་པོ། འོལ་བ།


དཔེ་འཕྲིན། བྱང་ཐེག་སྐར་ཚོམ་དགུ་པ།
                   
རྩོམ་པ་པོ། འོལ་བ།


དབུ་ཡི་སྙན་སྒྲོན།

          སྙིང་ཉེ་བའི་ཀློག་པ་པོ་དང་གཟིགས་དཔྱོད་གནང་མཁན་ལགས། ཁྱེད་ཉིད་བདག་གི་རྩོམ་གྱི་གཞིས་ཀ་རུ་བྱོན་པ་ལེགས། ད་ལན་གུས་པའི་གཞུང་ཟིན་དཔྱད་རྩོམ་ཕྱོགས་བཀོད་བྱང་ཐེག་སྐར་ཚོམ་དགུ་པ།བྱ་བ་འདི།  བདག་གི་སྙན་ངག་དང་ལྷུག་རྩོམ་བཏུས་དེབ་ཆིག་དགུ་གོ་དྲུགདཔར་རྗེས་སུ་མགྱོགས་པོར་བསྒྲིགས་པའི་དེབ་ཆུང་ཞིག་ཡིན། དེབ་འདིར་བདག་གིས་སྔོན་ཆད་སློབ་ཞོར་དུ་བྲིས་པའི་གཞུང་ལུགས་དང་རྩོམ་རིག་གི་ཟིན་བྲིས་དཔྱད་རྩོམ་སོགས། དྲྭ་དེབ་ཏུ་བཀོད་པ་དང་མ་བཀོད་པ་ཕོན་པོ་བསགས་པ་ལས་རེ་ཟུང་ཙམ་བདམས་ཤིང་། བརྒྱ་ཆ་དགུ་བཅུ་(༩༠%)ཉེ་ཤས་ཀྱི་ཟླ་བ་རེ་འགར་བྲིས་པའི་རྩོམ་གསར་ཤ་སྟག་ཡིན་པ་ལགས། དེབ་འདི་སྟེས་དབང་ཞིག་གིས་ལྕགས་ཚ་ཐོག་རྡུང་བ་འདྲ་ཞིག་ཆགས་སོང་། གཙོ་བོ་གུས་པ་རང་གིས་ལོ་ཐོག་ཟླ་རུ་བརྩེགས་ཏེ། འོ་སྐོལ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལ་བག་ཆགས་འཇོག་པ་ཙམ་དང་ས་བཅད་ངེས་པ་ཙམ་བྱས་བྱས་པའི་མཐར། “དགེ་བཤེས་”མིང་གི་སློབ་ཐོན་མཛད་སྒོ་སྐབས་ཀྱི་དབུལ་བྱའི་རྟེན་འབྲེལ་ཕ་འབབ་ཙམ་དུ་ལགས། གཞན་ལ་ཕན་ཐོགས་དང་རང་ལ་བློ་བསྐྱེད་ཡོད་མེད་སོགས་ཀྱི་ངོས་ནས་བཤད་ན་གླེང་རིན་མེད་པ་ཞིག་ཏུ་ཡིན་ཆོག །དེ་ནི་སྔོན་ཆད་རང་གིས་རང་ལ་བྲིས་པའི་དཔེ་ཞིག་སྟེ། མི་ཚེ་སློབ་རར་བསྐྱལ། དཔེ་ཆ་ངོ་མི་ཤེས། ཞེས་པ་དེས་ཟུར་ལྟས་ལེབ་མཐོང་དུ་གྲུབ།

འོན་ཀྱང་ངའི་དགའ་དད་སྤྲོ་གསུམ་མཚོན་བྱེད་ནི་ཤོག་གུ་དཀར་པོ་དང་ཡིག་འབྲུ་ནག་པོ་འདི་དག་ལས་མ་འདས། དེ་བཞིན་དུ། བྱང་ཐེག་སྐར་ཚོམ་དགུ་པ་འདི་ལའང་༡༩༩༦ལྟར་དབྱངས་བཞིས་རབ་བྱེད་བཞི་རུ་ཕྱེས་ཡོད་དེ། “ཨི༔ མཆོད་པ་སྒྱུ་འཕྲུལ་སྤྲིན་ཚོགས”སུ་གསར་བྲིས་བསྟོད་རྩོམ་འགའ་དང་། “ཨུ༔ བྱང་གཏེར་ཐེག་རིམ་སྐར་ཚོམ་དགུ་པ།”རུ་དེབ་འདིའི་རྩོམ་གྱི་གཙོ་བོ་བྱང་གཏེར་ཞང་ཞུང་ཐེག་དགུའི་རྣམ་བཤད་དང་། “ཨེ༔ སྔགས་རྫོགས་གཞུང་གི་གནད་ཆུང་ལ་འགྲེལ་ལུང་འགྲེལ།”དུ་གཞུང་ཁྲིད་ལ་གཏོགས་པའི་སྔགས་སེམས་ཀྱི་དཔེ་ཆའི་ཁྲོད་ནས་གལ་གནད་རེ་འགར་རང་གི་བསམ་ཚུལ་བཏབ་པ་དང་། “ཨོ༔ དཔྱད་རྩོམ་དང་གཞུང་ཟིན་སྣ་ཚོགས།”དུ་རིག་གཞུང་དཔྱད་རྩོམ་དང་ཟིན་བྲིས་སོགས་འགའ་བསྡུས་པ་བཅས་སོ། །

དེབ་འདི་ཞིང་ཁམས་གོ་ལ་གཞན་དུ་བྱོན་པའི་ཕ་ཡབ་ལགས་དང་། ངའི་གློ་སྙིང་མཆིན་གསུམ་གྱི་བར་དུ་བཞུགས་པའི་མི་རྣམས་ལ་སྐྱེས་སུ་ཕུལ་བ་མངོན་གསལ་ལགས་ཤིང་། རང་ཡུལ་སྐྱིད་ཀྱི་ལུང་པ་ནས་སྤྲིན་དཀར་པོ་ཐོད་ལ་བཟུང་ཞིང་། ས་ནག་པོ་འདོམ་གྱིས་འཇལ་ཏེ་བྱེས་ཡུལ་གྱི་གྲྭ་ས་འདིར་མི་ལོ་བཅོ་ལྔ་ཙམ་གྱི་འཚོ་བ་བསྐྱལ་བར། དུས་སྐབས་ཤིག་ལ་བཀོད་པའི་རྫོགས་ཚིག་ཅིག་ཀྱང་ཡིན་ནོ། །༢༠༢༣/༩/༡༣ཉིན་རྩོམ་པ་པོས།
                  
བྱང་ཐེག་སྐར་ཚོམ་དགུ་པའི་འགོ་བརྗོད་ལས་བཏུས།



རྩོམ་པ་པོ། འོལ་བ།
མཚན་དངོས་ལ་གར་དབང་ནམ་མཁའ་གཡུང་དྲུང་ཞུ། ༡༩༩༦ལོར་ཁམས་ཉག་རོང་དུ་སྐུ་འཁྲུངས། ཉག་རོང་དབལ་ཁྱུང་དགོན་པའི་བླ་མ། ཁྱུང་ནག་གདུང་སྲས་སྨོན་རྒྱལ་སྐུ་ཚ། ཁྱུང་གཏེར་ཐུགས་རྗེ་གླིང་པའི་ཡང་སྲིད་ཁོང་ནི། ཆུང་ནས་ཉག་ཨ་འཛི་རོང་དུ་བོན་བན་གཉིས་ཀྱི་བླ་མ་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་ལ་གསན་བཞེས་ཉམས་ལེན་མཛད།༢༠༠༩ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭར་ཞུགས། དེ་གའི་དུས་དེབ༼བོན་གཤེན་བསྭོ་སྒྲའི་༽རྩོམ་སྒྲིག་པ་དང་རིག་གནས་ཟུར་ཁྲིད་དགེ་རྒན་སོགས་མཛད། ༢༠༢༢ལོ་མགོར་མདོ་སྔགས་སེམས་གསུམ་གྱི་བཀའ་རབ་འབྱམས་པའི་མཚན་བཏགས་བཞེས། ༢༠༢༣ལོ་མཇུག་ཏུ་དགེ་བའི་བཤེས་གཉེན་གྱི་ཅོད་པན་བཞེས་རྒྱུ་ལགས། སློབ་ཞོར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རྩོམ་ལ་འཇུག་པར་སྤྲོ་ཞིང་། བརྩམས་ཆོས་རེ་འགའ་«བོད་མི་རིགས་རིག་གནས་དྲྭ་བ་»དང་«དེང་རབས་སྙན་ངག་»«རྫ་ཆུའི་རླབས་སྒྲ།»«མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ་»«བོད་རིག་པ།»སོགས་གཞུང་སྒེར་དྲྭ་ཚུགས་ཁག་དང་། «གངས་དཀར་རི་བོ། རྒྱ་ཡིག་ཅན།»«གངས་རྒྱན་མེ་ཏོག»«ཁྲིམས་ལུགས་ཚགས་པར།»«གངས་ལྗོངས་ཉི་གཞོན།»སོགས་དུས་དེབ་ཚགས་པར་ཁག་ཏུ་སྤེལ་ཡོད། ཕྱི་ལོ་༢༠༢༢ལོའི་ཟླ་བདུན་པར་༡༩༩༦ཅེས་པའི་སྙན་ལྷུག་དེབ་ཅིག་དཔར་བ་དང་། ད་ལན་བྱང་ཐེག་སྐར་ཚོམ་དགུ་པ།ཞེས་པའི་གཞུང་ལུགས་དཔྱད་དེབ་ཅིག་བཏོན་པའོ། །‍

བྱང་ཐེག་སྐར་ཚོམ་དགུ་པའིཞུས་དག་མཁན་མཁྱེན་དཔལ་ནས།


 འཕྲིན་ཕྲན་འབྲེལ་གནས། འོལ་བ། 2223448297
                     རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

 

Signature is customized by Neteas