དཔེ་འཕྲིན། འཇམ་མགོན་དགྱེས་པའི་ཞལ་ལུང་།

    ཕབ་སྒྲིག་པ། ལྷ་ལུང་དགྲ་འདུལ།


དེབ་གསར་འགྲེམ་སྤེལ།
འཇམ་མགོན་དགྱེས་པའི་ཞལ་ལུང་།
འཆད་ཁྲིད་པ། མཁན་ཆེན་ངག་དབང་བསྟན་འཛིན།  ཕབ་སྒྲིག་པ། ལྷ་ལུང་དགྲ་འདུལ།
               རྫོང་སར་མཁན་ཆེན་གཞན་ཕན་སྙིང་པོ།


   འདི་འདྲའི་ཚད་ལྡན་གྱི་གཞུང་ཆ་ཚང་བ་བཀའ་ཁྲིད་དང་སྒྲ་ཕབ་ཐུབ་པ་དགོས་གལ་ཤིན་ཏུ་ཆེ་བ་སྨོས་ཅི་ཞིག་དགོས་ཏེ། ལེགས་བཤད་འདི་ལྟ་བུ་དག་གི་ཚིགས་བཅད་རེ་ཙམ་གྱི་དོན་གཞན་ལ་ངོ་སྤྲོད་ཐུབ་ན་ཡང་། ད་ལྟ་དང་མ་འོངས་པའི་མི་རིགས་འདིའི་ཆོས་རིག་གང་ཅིར་ཕན་པ་ཧ་ཅང་ཆེ་བས་སོ། ། དེས་ན་དེབ་འདི་སུའི་ཕྱག་ཏུ་འབྱོར་རུང་། དགེ་བའི་བཤེས་གཉེན་བཟང་པོ་ཞིག་དང་འཕྲད་པ་ལྟ་བུའི་སྒོ་ནས་རང་གིས་ཀློག་ཅིང་གཞན་ལ་སྤེལ་བའི་ཐབས་སུ་འབད་བརྩོན་བྱ་རྒྱུའི་འབོད་བསྐུལ་ཞུ་བ་དང་། ཐུགས་བཞེད་ཟབ་མོ་ཇི་བཞིན་འགྲུབ་པའི་སྨོན་འདུན་བཅས།
                            དེབ་འདིའི་མགོ་བརྗོད་ལས་དྲངས།

གུས་པས་ཕབ་སྒྲིག་ཞུས་པའི་འཇམ་མགོན་དགྱེས་པའི་ཞལ་ལུང་ཞེས་པ་འདི་མཁན་རིན་པོ་ཆེ་ངག་དབང་བསྟན་འཛིན་མཆོག་གིས་སྐབས་བརྒྱད་པའི་བརྩེ་ཆེན་མི་ཉག་སྨོན་ལམ་ཆེན་མོར་གནང་བའི་འཆད་ཁྲིད་ཅིག་སྟེ། འཇམ་མགོན་ས་པཎ་གྱིས་མཛད་པའི་སྐྱེས་བུའི་རྣམ་འབྱེད་དང་སྦྲགས་ཏེ། དགེ་འདུན་འདུས་པ་ཡོངས་ལ་ཆེད་གཏད་ཀྱིས་གསུངས་པའི་བཀའ་སློབ་ཅིག་ཡིན། དེ་ཡང་མཁན་རིན་པོ་ཆེས་གཙོ་བོར་དགེ་འདུན་པའི་འབྱོན་བཞུགས་ཀུན་སྤྱོད་དང་། ནང་སེམས་ཀྱི་འཁྱེར་སོ་སོགས་འཆད་གཞིར་བཟུང་སྟེ་གསུངས་པ་ཞིག་ཡིན།

ད་ཐེངས་ཀྱི་བཀའ་སློབ་འཇམ་མགོན་དགྱེས་པའི་ཞལ་ལུང་འདི། ཞིབ་ཚགས་གྲུབ་སྟེ་དཔར་སྐྲུན་གྱི་དུས་ལ་བསླེབས་པས། རང་ཉིད་རྩོམ་འབྲི་དང་འབྲེལ་བའི་སློབ་སྦྱོང་ཕྲན་ཙམ་ཡོད་པ་འདི་ཉིད་བེད་སྤྱོད་ཡོད་པ་ཞིག་ཏུ་བྱུང་བར་མ་ཟད། བླ་མའི་གསུང་གི་ཕྲིན་ལས་ལ་ཅི་འཇོན་གྱིས་ཞབས་ཏོག་ཕྲན་བུ་ཞིག་ཞུ་ཐུབ་པ་བྱུང་སོང་སྙམ་བཞིན་སེམས་གཏིང་ནས་དགའ་བ་སྒོམ་བཞིན་ཡོད། མ་གཞི་ཡིག་འབེབས་ཀྱི་བྱ་བ་འདི་འགན་ལྕི་མོ་ཞིག་ཡིན་ན་ཡང་། བདག་ལ་དལ་བའི་རྟེན་དང་སློབ་སྦྱོང་གི་གོ་སྐབས་ལེགས་པར་བསྩལ་བའི་དྲིན་ཕ་མ་གཉིས་དང་། ལེགས་ཉེས་བླང་དོར་འབྱེད་པའི་བློ་གྲོས་ཀྱི་མིག་ཟུང་བསྩལ་བའི་བླ་མ་བཀའ་དྲིན་ཅན་རྣམས་ལ་དྲིན་གཟོ་བའི་མཆོད་ཡོན་ཞིག་ཏུ་བསམས་ཏེ། མ་བསྐུལ་དང་བླངས་ཀྱིས་ཡིག་འབེབས་ཀྱི་བྱ་བ་འདི་ཁུར་དུ་བླངས་པ་ཡིན་ནོ།
    ཕབ་སྒྲིག་པའི་མཇུག་གི་གཏམ་ཞེས་པ་ལས་དྲངས།
འབྲེལ་ཡུལ།


                                      རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas