དཔེ་འཕྲིན། རྡོ་ཉི་མ།

    མི་རིགས་དཔེ་སྐྲུན་ཁང་།


དཔེ་འཕྲིན། རྡོ་ཉི་མ། 


                ལོ་ཙཱ་བ། ལྡོང་བུ།

ལོ་ཙཱ་བའི་གསལ་བཤད།
 
     དེབ་འདི་ནི་འདས་པའི་ལོ་ངོ་དུ་མའི་རིང་ཁོ་བོས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་སྙན་ངག་ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་ལ།  ནང་དུ་འཁོད་པའི་སྙན་ངག་དག་ལས་ཌེ་རེག · ཝལ་ཁོད་དང་།   ཋོ་མ་སི·ཐྲན་སི་ཐྲོ་མེར།   ཨོག་ཋ་ཝིའོ · ཕ་སི་གསུམ་གྱི་སྙན་ངག་ཕལ་ཆེ་བ་ཉེ་བའི་ཆར་དེབ་འདི་ལ་ཆེད་དམིགས་ཀྱིས་གསར་དུ་བསྒྱུར་བ་ཕུད།  གཞན་དག་ནི་ཁོ་བོས་ལོ་ངོ་དུ་མའི་སྔོན་ནས་བསྒྱུར་ཟིན་པ་ཤ་སྟག་ཡིན་ལ།   དེ་དག་ལས་ཝལ་ཋི · ཝིད་མན་དང་།   ཋེ་གྷོར།   ཕབ་ལོ·ནེ་རུ་ཌ།   ཝི་སི་ཝ་ཝ · ཤེམ་བྷོར་སི་ཁ།  ཇོ་སེབ · བྷི་རོད་སི་ཀེ་བཅས་ཀྱི་སྙན་ངག་ཆ་ཚང་དང་།   བྷོར་ཧེ་སི་དང་།  ཋོ་མ་སི · ཐྲན་སི་ཐྲོ་མེར་གྱི་སྙན་ངག་རེ་གཉིས་སྔོན་ཆད《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཏུ་བཀོད་མྱོང་ཞིང་།   ཨོག་ཋ་ཝིའོ · ཕ་སི་ཡི་སྙན་ངག་རིང་མོ《རྡོ་ཉི་མ》དེ་སྔོན《རང་གྲོལ》རྩོམ་རིག་བཏུས་དེབ་སྟེང་དུ་མཆན་འགྲེལ་དང་བཅས་པ་བཀོད་ཡོད།  《ང་རང་ཉིད་ཀྱི་གླུ》ནི་ཚན་པ་དང་པོ་ནས་བརྒྱད་པའི་བར་དང་།  《ལྡུམ་ར་བ》ནི་ཚན་པ་དང་པོ་ནས་ཉི་ཤུའི་བར་ཙམ་མ་གཏོགས་སྙན་ངག་ཆ་ཚང་བསྒྱུར་ཐབས་བྱུང་མེད།   དེའང་དུས་དེབ་སྟེང་ལ་སྤེལ་སྐབས་ཀྱི་པར་ངོས་ཆེ་ཆུང་དང་ཤོག་ལྷེ་མང་ཉུང་ལ་ལྟོས་པ་ཙམ་ཁོ་ནས་ཡིན།
སྙན་ངག་འདི་དག——ཡང་ན་སྙན་ངག་པ་འདི་དག་བདམས་པ་ལ་གཅིག་གྱུར་གྱི་མ་ལག་རང་བཞིན་ཞིག་མེད་ལ།   ཐོག་མ་ནས་འཆར་གཞི་བཟོས་ཡོད་པ་ཞིག་ཀྱང་མིན་པར།    ཁོ་བོས་ལོ་ངོ་དུ་མའི་རིང་ལ་སྙན་ངག་བཀླགས་ཤིང་བསྒྱུར་བའི་ཕྱོགས་སྡོམ་ལྟ་བུ་ཞིག་ཏུ་ངོས་འཛིན་ཆོག   གལ་སྲིད་སྙན་ངག་པ་དེ་དག་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ངེས་པར་སྦྱོར་དགོས་ཚེ།   ཝིད་མན་དང་བྷོར་ཧེ་སི་གཉིས་ཕུད་སྙན་ངག་པ་གཞན་ཆ་ཚང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་བ་དེ་རེད།   དེ་ཁོ་ན་ཙམ་རེད།   དེ་ནི་སྙན་ངག་ལས་ལོགས་སུ་གནས་པ་ཞིག་རེད།
     དུས་ཀྱི་ཆ་ནས་ཝིད་མན་ནི་དུས་རབས་བཅུ་དགུ་པ་དང་།  གཞན་དག་ནི་དུས་རབས་ཉི་ཤུ་པར་གཏོགས་ཤིང་།   སྙན་ངག་རྩོམ་སྟངས་ཀྱི་ཆ་ནས་ཝིད་མན་དང་།  ཋེ་གྷོར།  ཡེ་ཚི་གསུམ་ནི་འཆར་ཡན་རིང་ལུགས་དང་མཚོན་བྱེད་རིང་ལུགས།   ནེ་རུ་ཌ་ནི་མཚོན་བྱེད་རིང་ལུགས།   ཋོ་མ་སི·ཐྲན་སི་ཐྲོ་མེར་དང་ཕ་སི་ནི་དངོས་ཡོད་ལས་བརྒལ་བའི་རིང་ལུགས་དང་ཡིད་བརྙན་གྲུབ་མཐའ་རུ་བགྲང་རུང་།   མི་ཝོ་ཧྲི་དང་།   ཤེམ་བྷོར་སི་ཁ།   བྷོར་ཧེ་སི།  བྷི་རོད་སི་ཀེ་བཅས་ལ་མི་ཕལ་པ་ཞིག་གིས་ཁ་བརྡ་བྱེད་པ་ལྟ་བུའི་རྩོམ་སྟངས་ཤིག་ཡོད་མོད།  དེ་ལའང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་ཞིང་།  དེ་ལས་ལྡོག་སྟེ་ཝལ་ཁོད་དང་ཐྲན་སི་ཐྲོ་མེར་གྱིས་བརྗོད་དོན་གབ་ཅིང་བསྡུས་ནས་སྟོན་ལ།  ཕ་སི་ནི་སེམས་ཤུགས་དང་བརྩེ་གདུང་གིས་ཀུན་ནས་ཕྱུག་པ་ཞིག་ཡིན།  དེ་ལྟ་ནའང་། གྲུབ་མཐའ་དང་རིང་ལུགས་ཀྱི་དབྱེ་བས་སྙན་ངག་ཡན་གར་བ་ཞིག་ལ་གོ་བ་ལེན་པར་ཕན་ཐོགས་ཆེན་པོ་མེད་པ་བཞིན།    སྐད་ཆ་འདི་དག་ཀྱང་སྤོམ་བཤད་ཙམ་དང་འོལ་སྤྱི་ཙམ་ཞིག་ཡིན་པ་ལས།   བསམ་བློ་ཕྲ་ཞིང་ཞིབ་པ་ཞིག་ནི་མ་ཡིན་ཏེ།  སྙན་ངག་ཅེས་པ་ནི་སྙན་ངག་གྲུབ་མཐའ་དང་སྙན་ངག་རིང་ལུགས་ལ་མི་གོ་བར།  ཡིག་འབྲུ་རེ་རེ་བསྒྲིགས་ཤིང་གྲུབ་པའི་སྙན་ངག་བྱེ་བྲག་པ་རེ་རེ་ལ་གོ་དགོས་པའི་རྒྱུ་མཚན་གྱིས་ཡིན།   སྙན་ངག་གི་ཡོན་ཏན་ནི་ཡི་གེའི་འབྲུ་རེ་རེ་བདམས་ཤིང་བསྒྲིགས་པའི་སྟེང་དང་།   ཡིག་འབྲུ་དེ་དག་གིས་བསྐྲུན་པའི་སྒྲ་ཡི་འཇིག་རྟེན་དེའི་སྟེང་དུ་ཡོད་པས་ན།  ཡིག་འབྲུའི་འདམ་སྒྲུག་དང་དེ་ལས་བྱུང་བའི་སྒྲ་ཡི་འཇིག་རྟེན་གང་དེ་ནི་སྙན་ངག་ལོ་ཙཱའི་དཀའ་གནད་ཡིན་པ་བསྙོན་དུ་མེད།
ཝིད་མན་དང་།  ཡེ་ཚི།   ཝལ་ཁོད།   བྷི་རོད་སི་ཀེ་བཅས་ཀྱི་སྙན་ངག་ནི་ཐད་ཀར་མ་ཡིག་སྟེ་དབྱིན་ཡིག་ལས་བསྒྱུར་བ་དང་།   གཞན་དག་ནི་རྩོམ་པ་པོ་རང་ཉིད་དམ་ལོ་ཙཱ་བ་གཞན་གྱིས་དབྱིན་ཡིག་ཏུ་བསྒྱུར་བའི་འགྱུར་དེབ་དུ་མ་གཞིར་བཟུང་ནས་བསྒྱུར་བ་ཡིན་ཕྱིར།   སྙན་ངག་ཕལ་ཆེ་བའི་སྒྲ་ཡི་འཇིག་རྟེན་དེ་ནི་སྐད་རིགས་བར་གྱི་ཕུག་ལམ་ནག་པོ་དེ་རུ་སྔར་ནས་བོར་བར་གྱུར་ཏེ།      ཡིག་འབྲུའི་འདམ་སྒྲུག་ཁོ་ན་ཙམ་ལ་གཞོལ་ཁུལ་མི་བྱེད་ཀ་མེད་བྱུང་ཡོད།       དཔེར་ན་ཡེ་ཚི་དང་།   བྷོར་ཧེ་སི།   ཐྲན་སི་ཐྲོ་མེར་གྱི་སྒྲ་རྒྱན་ཅན་གྱི་སྙན་ངག་ཁག་ཅིག་སྒྲིག་གཞི་ཅུང་ཟད་ཆ་མཉམ་ཡོང་ཕྱིར་ཚིགས་བཅད་ཀྱི་ལམ་དུ་བསྒྱུར་ཡོད་ལ།  བྷོར་ཧེ་སིའི་སྙན་ངག《ཆར་པ》དང་། 《རྒྱ་མཚོ》 《སྒྱུ་མའི་ཕོ་བྲང》ལྟ་བུའང་ཚིགས་བཅད་དུ་བསྒྱུར་རུང་བར་སྣང་ཡང་།   སྙན་ངག་གི་ཁམས་དང་ཀློག་པའི་དལ་མྱུར་སོགས་ལ་བསམ་བློ་གཏོང་དུས།   ཚགས་དམ་ཞིང་ཀློག་འགྲོས་མྱུར་བའི་ཚིགས་བཅད་དུ་བསྒྱུར་ཚེ་དེ་འདྲ་མི་འོས་པར་མཐོང་ནས།  མ་རྩོམ་དང་སྒྲིག་གཞི་ཉེ་ཞིང་ཀློག་འགྲོས་དལ་བུར་བྱ་ཆོག་པ་ཞིག་ཏུ་བསྒྱུར་ཅིང་།  ཐྲན་སི་ཐྲོ་མེར་དང་ཕ་སིའི་ཁྱད་པར་ཅན་གྱི་སྒྲིག་གཞི་ཡོད་པའི་སྙན་ངག་དག་ཀྱང་མ་ཡིག་ཇི་ལྟར་ཡིན་པ་དེ་ལྟར་ཐག་ཉེ་བར་བསྒྱུར་བ་ཡིན།    སྔོན་ཆད་བསྒྱུར་སྐབས་དོན་བསྒྱུར་གཙོར་བྱས་ཏེ་མ་ཡིག་གི་སྒྲིག་གཞི་ལ་དོ་སྣང་བྱུང་མེད་པ་དག་དང་།   ཡིག་འབྲུ་དང་ཐ་སྙད་མཁྲེགས་པོའམ་གོ་དཀའ་བའི་རིགས་སྤྱད་པ།  ཚིག་སྣ་རིང་ནས་གྲིམ་ཤ་ཉམས་པ་སོགས་ལ་ད་རེས་བཟོ་བཅོས་བརྒྱབ་སྟེ་ཞུ་དག་ཅུང་ཟད་ཞིབ་ཕྲ་ཞིག་བཏང་བའི་ཁུལ་ཡིན།
དེབ་ཀྱི་མཇུག་ཏུ་སྙན་ངག་པ་དག་གི་རུས་མིང་དང་སྙན་ངག་དག་གི་ཁ་བྱང་དབྱིན་བོད་ཤན་སྦྱར་གྱི་ཚུལ་དུ་བཀོད་ཅིང་སྙན་ངག་འདི་དག་གང་ལས་བསྒྱུར་བའི་ཁུངས་ཀྱང་དཔེ་ཐོ་ཡི་ཚུལ་དུ་སྦྱར་ཡོད།    དེ་ནི་ཀློག་མཁན་ནམ་སྙན་ངག་ལོ་ཙཱ་གནང་མཁན་རིགས་མཐུན་དག་གིས་མ་ཡིག་དང་བསྡུར་ནས་ཁོ་བོའི་འགྱུར་ཡིག་འདི་དག་གི་ནོར་སྐྱོན་འཚོལ་བདེ་བའི་ཆེད་དང་ནོར་སྐྱོན་དེ་དག་གང་མྱུར་ཡོ་བསྲང་ཡོང་ཐུབ་པའི་ཆེད་དུ་ཡིན།
      གང་ལྟར་ཁོ་བོར་མཚོན་ན་སྙན་ངག་ཅིག་ལོ་ཙཱ་བྱེད་པ་ནི་སྙན་ངག་དེ་རང་ཉིད་ཀྱི་སྐད་དུ་ཀློག་ཐབས་ཤིག་དང་རང་ཉིད་ཀྱི་ཡི་གེའི་ལམ་ནས་གོ་བ་ལེན་སྟངས་ཤིག་ཡིན་ལ།   ལོ་ངོ་དུ་མའི་རྗེས་ཀྱི་ད་ལྟ་དེ་ནི་ཁོ་བོའི་སྙན་ངག་ཀློག་པའི་གོམས་གཤིས་གཙོ་བོ་ཞིག་ཏུ་ཧ་ལམ་ཆགས་ཟིན་འདུག
      སྙན་ངག་ཅིག་གི་མཐར་ཐུག་གི་དམིགས་ཡུལ་གང་དེ་ནི། ཀློག་མཁན་ཆེ་གེ་མོ་ཞིག་གིས་སྐད་རིགས་གང་རུང་ཞིག་གི་ལམ་ནས་ཀློག་པར་བྱ་བ་དེ་ལས་མ་འདས་པས།    བདག་གིས་ཁྱེད་ཅག་གཞན་ཡུལ་སྙན་ངག་འདི་དག་གི་བོད་ཡིག་འགྲུལ་བཞུད་ལ་ལྷན་དུ་ཞུགས་པར་གདན་འདྲེན་ཞུ།
      ཞེས་ལྡོང་བུ་ནས།
          2021ལོའི་ཟླ11པའི་ཚེས6ཉིན།
                       རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas