དཔེ་འཕྲིན། རྫོང་སར་རྩོམ་རིག་ལོ་དེབ།

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


དཔེ་འཕྲིན། རྫོང་སར་རྩོམ་རིག་ལོ་དེབ། 
                          སྤྱིའི་འདོན་ཐེངས་དང་པོ། 
      ཀློག་མཁན་ལགས།  མི་འགྱང་བར་ཁྱེད་ཀྱི་སྤྱན་ལམ་དུ་འོད་སྣང་དང་བརྩེ་བས་གྲུབ་པའི་རྫོང་སར་རྩོམ་རིག་ཅེས་པའི་ལོ་དེབ་ཅིག་བསླེབ་ལ་ཉེ།  དེ་ནི་ལྗང་སྨྱུག་གི་རེ་བའི་ས་བོན་བཞིན་གཉའ་ཆག་པའི་འཇིག་རྟེན་འདིའི་ས་གཞིའི་གྲུ་ཟུར་ཞིག་ཏུ་སྨིན་ལ་ཉེ་ཡོད།  དེ་ནི་སྙན་གྲགས་དང་ལོངས་སྤྱོད་ལ་འབྲེལ་བ་མེད་ཅིང་།  དབང་ཆ་དང་ནང་བཟང་གི་ལྷད་སྐྱོན་མ་འདྲེས་པའི་ཤིན་ཏུ་དྭངས་གཙང་གི་ས་བོན་ཞིག་ཡིན།  དེ་བས་ལོ་དེབ་འདི་ཉིད་མ་འོངས་ལོ་ཟླའི་ཁྲོད་དུའང་སྤྱི་ཚོགས་ཁེ་ཕན་གྱི་རྫས་དུད་གོས་སུ་མི་འཇུག་པར་དྭངས་གཙང་ངང་སྐྱེད་སྲིང་བྱེད་པའི་ཕུགས་བསམ་དང་རེ་སྨོན་གྱིས་ཁེངས་ཡོད།  ཤེས་སམ།  ང་ཚོས་ལོ་འདིའི་ཟླ་བ་བདུན་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་དེབ་ཀྱི་བརྗོད་བྱའི་འཆར་གཞི་དང་རྩོམ་ཡིག་བསྡུ་གསོག །བརྗོད་ཚིག་ཞུ་དག་དང་རྩོམ་ཡིག་སྒྲིག་སྦྱོར་སོགས་དེབ་འདིའི་ཕྱི་ནང་བར་གསུམ་ལ་ངལ་བ་བརྒྱ་ཕྲག་དང་དུ་བླངས་ནས་ཞིབ་ཚགས་ངང་གྲུབ་པར་བྱས་ཡོད་པས།  གལ་ཏེ་ཁྱེད་ཀྱིས་དེབ་དེ་ལྟ་ཀློག་དང་ཉོ་སྒྲུབ་བྱུང་ན་དུས་ཚོད་དང་ཤོག་དངུལ་གྱིས་འགྲོ་གྲོན་ཆུད་ཟོས་སུ་འགྲོ་མི་སྲིད་ཅེས་སྤོབས་པ་དང་བདེན་པའི་ཚད་ཐིག་གི་སྟེང་ནས་ལབ་རྒྱུ་ཡིན་ཨང་།  མ་ཟད་ཁྱེད་ཅག་གི་རྒྱབ་སྐྱོར་ནི།  ང་ཚོའི་དྭངས་གཙང་གི་ཕུགས་བསམ་ཆུང་ཆུང་འདི་ག་ལེགས་འགྲུབ་འབྱུང་བའི་གདོང་གྲོགས་ཡིན་པས།  བརྩེ་བ་དང་ཡིད་ཆེས་ཀྱི་ངང་ཁྱེད་ཀྱི་རྒྱབ་སྐྱོར་ལ་རེ་བས་བརྟས་ཤིང་བཀའ་དྲིན་ཞུས་པ་ཡིན།  བཀྲ་ཤིས་བདེ་ལེགས། 



མཇུག་བྱང་།
      རྫོང་སར་རྩོམ་རིག་ཅེས་པའི་དུས་དེབ་འདི་ནི།  གཙོ་བོ་ཁོར་ཡུག་གཅིག་ཏུ་གནས་པའི་སྨྱུག་ཐོགས་པ་དག་ལ་དམིགས་ཏེ་བསྐྲུན་པ་ཞིག་ཡིན།  དམིགས་ཡུལ་རྒྱ་ཆེན་པོ་ཞིག་མེད་ཀྱང་།  སྤྱིར་ན་ཉམ་ཐག་གི་ཕ་སྐད་མ་ཡིག་འདིའི་གནས་བབ་ལ།  ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་རང་ངོས་ནས་ནུས་པ་ཅུང་ཟད་འདོན་ཐུབ་པ་དང་། སྒོས་སུ་སོ་སོའི་མི་ཚེའི་ནང་གི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས། རྩོམ་རིག་གི་ས་ལམ་དུ་རུས་སྦལ་ནུར་འགྲོས་ཚུལ་གྱིས་བགྲོད་པའི་མཐུན་རྐྱེན་ཅུང་ཟད་དུ་འགྱུར་བའི་རེ་བ་ཙམ་ཞིག་བཅངས་པ་ལགས།  འོན་ཀྱང་དེང་དུས་སྒེར་གྱིས་སྐྲུན་པའི་དུས་དེབ་ཕལ་མོ་ཆེ་ནི།  ཕྱི་ནང་གི་འགལ་རྐྱེན་གང་མང་གིས་ལོ་ནས་ལོར་མཐུད་དེ་རྒྱུན་བསྲིང་ཐུབ་པར་ཤིན་ཏུ་དཀའ་བས། རྫོང་སར་རྩོམ་རིག་ཀྱང་ཡུན་རིང་རྒྱུན་བསྲིང་ཐུབ་པའི་རེ་བ་ཙམ་ལས་གདེང་ཚོད་ཏིལ་འབྲུ་ཙམ་ཡང་མེད།  དུས་དེབ་ཡུན་རིང་དུ་གནས་མི་གནས་དང་།  གནས་པ་ཙམ་གྱིས་མི་ཚད་དར་རྒུད་ཇི་ལྟར་འབྱུང་བ་ནི།  གཞི་རྒྱ་ཆེ་བའི་ཀློག་པ་པོ་དང་རྩོམ་པ་པོ་རྣམས་ལ་རག་ལས་ཡོད་པས།  ང་ཚོ་གཙོ་སྒྲིག་འགན་ཁུར་བ་འགའ་ཞིག་གིས་ཨུ་ཚུགས་མཐའ་སྐྱེལ་བྱེད་ཐུབ་པ་ཞིག་མིན་ངེས།  འོན་ཀྱང་ང་ཚོ་འགན་ཁུར་བ་རྣམས་ལ་འགན་འཁྲི་ཆེ་ཤོས་གཅིག་ནི།  རྩོམ་ཡིག་སྤུས་ལེགས་བདམས་བཀོད་བྱ་རྒྱུ་དེ་ཡིན་མོད།  ད་ལོ་རེ་ཞིག་ཕྱི་ནང་གི་མཐུན་རྐྱེན་མང་པོ་མ་འཛོམས་པས་སྒེར་ནས་རྩོམ་པ་པོ་འགའ་ཞིག་ལ་ལེགས་རྩོམ་རེ་གནང་བའི་རེ་བ་ཞུས་པས།  ཁོར་ཡུག་སྤྱིའི་རྩོམ་ཡིག་གདམ་གསེས་དང་བསྡུ་རུབ་ཞིབ་པར་མ་གྲུབ།  དེར་བརྟེན།  དུས་དེབ་འདི་ལ་ཐུགས་སྣང་མཛད་པའི་རྩོམ་པ་པོ་ཡོངས་ལ་དགོངས་ཡང་དང་བཟོད་གསོལ་ཞུ་ཞིང་།  རྗེས་ནས་མི་ངོ་ལ་མི་ལྟ་བར་རྩོམ་ངོ་ལ་ལྟ་བའི་སྔོན་ཐོན་དུས་དེབ་དག་གི་རྗེས་འབྲངས་ཏེ།  ལེགས་རྩོམ་བསྡུ་རུབ་དང་གདམ་གསེས་བྱ་རྒྱུ་འཆར་གཞི་ཡིན་པས་དེ་ལུགས་ཐུགས་ལ་འཇོག་པར་འཚལ།

      གཞན་ཡང་དུས་དེབ་འདི་ཉིད་གནས་སྐབས་ལོ་དེབ་ཀྱི་འཆར་གཞི་ཡིན་མོད།  འོན་ཀྱང་དུས་དེབ་འདི་ཉིད་ལོ་དེབ་དང་ལོ་ཕྱེད་ཀྱི་དུས་དེབ།  དུས་ཚིགས་ཀྱི་དུས་དེབ་སོགས་གང་ཞིག་བྱ་རྒྱུའི་དབང་ཆ་དང་གདམ་ག་ལྟ་བུ་ནི།  དེབ་འདིའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱི་ལག་ཏུ་ཡོད་ཅིང་།  ང་ཚོ་གཙོ་སྒྲིག་པ་རྣམས་ཀྱིས་རྣམ་པ་ཚོས་རྔ་ཇི་ལྟར་རྡུང་བ་ལྟར་དུ་འཆམ་རྒྱག་རྒྱུ་ཡིན་ཞེས་ཁས་འཆས་པ་ཡིན།  དེ་བཞིན།  དེང་གི་དུས་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་པས།  ལས་ཁུངས་དང་སློབ་གྲྭ་ཁག་གི་གཉེར་བའི་དུས་དེབ་ཕལ་མོ་ཆེ།  གློག་རྡུལ་དུས་དེབ་ཏུ་གྱུར་དང་འགྱུར་བཞིན་ཡོད་ཅིང་།  དེ་ལ་ཚིག་དང་ཐ་སྙད་ཀྱི་སྙིང་པོ་བསྲུབས་མི་ཤེས་པའི་རྩོམ་སྒྲིག་པ་མང་པོས།   བསྡུ་སྒྲིག་དང་འགྲེམས་སྤེལ།  ལྟ་ཀློག་བཅས་ལ་སྟབས་བདེ་ཞིང་དཀའ་ཚེགས་མེད་པ་སོགས་བསྟོད་བསྔགས་བྱེད་པར་མཐོང་།  དཔེ་ཀློག་དོན་དུ་མི་གཉེར་བའི་རྩོམ་སྒྲིག་པ་དག་ལ་ཚུལ་འདི་སྟབས་བདེ་བ་བདེན་མོད།  གློག་དེབ་དང་ཤོག་དེབ་གཉིས་ཀར་ལྟ་ཀློག་གི་ཉམས་མྱོང་ལྡན་པ་ཀུན་གྱིས་མཁྱེན་གསལ་ལྟར།  དེ་གཉིས་ཀྱི་བཀླགས་པའི་ཕན་ནུས་ནི་གནམ་ས་ལྟ་བུའི་ཁྱད་པར་ཡོད་དེ།  དེ་ཡང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་གི་སྐད་ཆ་ཞིག་གཡར་ན། ཁྱིམ་ནས་གློག་བརྙན་ལྟ་བ་དང་གློག་བརྙན་ཁང་ནས་གློག་བརྙན་ལྟ་བའི་ཁྱད་པར་ནི།  བུ་མོ་ཞིག་གི་པར་ངོས་ལ་འོ་བྱེད་པ་དང་བཞིན་རས་ལ་འོ་བྱེད་པ་ལྟ་བུའི་ཁྱད་པར་ཡོད་ཅེས་པ་སྟེ།  དཔེ་འདི་གློག་བརྙན་ལ་འགྲིག་མིན་མི་འཚལ་ཡང་།  གློག་དེབ་དང་ཤོག་དེབ་ལྟ་ཀློག་ལ་ཤིན་ཏུ་འོས་ཤིང་འཚམ་པར་སྣང་ངོ་། །


      རྒྱུ་མཚན་དེའི་ཕྱིར་ན་དཔེ་དེབ་ཅིག་པར་སྐྲུན་བྱེད་པ་ལ་མི་རྒྱུ་གཉིས་ཀས་འགྲོ་གྲོན་མང་པོ་གཏོང་དགོས་པས།  ཐེངས་འདིར་པར་སྐྲུན་གྱི་འགྲོ་སོང་ཡོངས་རྫོགས་རྫོང་སར་འཆི་མེད་བོད་སྨན་ཁང་གི་སྨན་པ་འཆི་མེད་རྡོ་རྗེ་ལགས་ལ་རེ་བ་ཞུས་ཤིང་།  ཁོང་གིས་ཀྱང་གཏོང་ཕོད་ཆེན་པོས་ཐགས་ཐོགས་མེད་པར་དང་ལེན་གནང་བྱུང་བས།  འདི་ནས་དུས་དེབ་འདི་དང་འབྲེལ་ཡོད་ཀུན་གྱི་ཚབ་ཏུ་རྒན་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ལ། གཞན་ད་དུང་དུས་དེབ་འདིའི་སྟེང་དུ་བཀོད་པའི་རྩོམ་ཡིག་རྣམས་ལ།  ཡང་ནས་ཡང་དུ་ཞུ་དག་གནང་མཁན་གྱི་རྩོམ་གྲོགས་ཀུན་ལ་ཐུགས་རྗེ་ཆེ་ཞུའོ། །མཇུག་ཏུ་དུས་དེབ་འདིའི་ནང་གི་རྩོམ་ལུས་མི་གཅིག་པའི་རྩོམ་ཡིག་སྣ་ཚོགས་དང་།   ཕྱིའི་ཤོག་བུའི་རྒྱུ་སྤུས།  ཕྱི་ནང་གཉིས་ཀའི་ཇུས་འགོད་བཅས་ལ་ཞིབ་ཚགས་ལེགས་པོ་བྱས་མོད་ཀྱང་།  འདི་ནི་ཐོག་མའི་ལས་ཡིན་པས་ད་དུང་མི་འདང་ས་དང་ནོངས་པ་གང་ཞིག་བྱུང་བ་དག་ལ་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱིས་བསམ་འཆར་དང་འཛུབ་སྟོན་གནང་བར་ཞུའོ།། །།
                 གཙོ་སྒྲིག་པས་བྲིས།

དཔེ་དེབ་ཉི་ཤུ་ཡན་ཆད་སྡེབ་ཉོ་བྱེད་མཁན་བྱུང་ན་གང་མཚམས་ཀྱི་རིན་གོང་ཕབ་གཅོག་བྱེད་ངེས་ཤིང་། རྒྱུན་ལྡན་གྱི་གནས་ཚུལ་འོག་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཚུན་ཆད་དུ་ས་ཆ་གང་ལའང་སྐུར་ཐུབ་ངེས་ཡིན། 
འབྲེལ་བྱ་ཡུལ།
མྱི་གསར་བ།                 
15183622029    
བེའུ་བསོད་ཆེན། 
19196622087
                       རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas