དཔེ་འཕྲིན། སེ་ལེན།

    མི་ཇུས་དཔེ་སྐྲུན་ཁང་།


སེ་ལེན།


                   རྩོམ་པ་པོ། འབྲོག་སྐྱ་བོ།                    


ཀློག་མཁན་ལྷན་རྒྱས།  ཁམས་བདེ་ཞུ།  

     ངའི་མིང་ལ་འབྲོག་སྐྱ་བོ་ཟེར་ཞིང་  འབྲོག   ་ནི་རང་ཉིད་ཀྱིས་གང་བསམ་ཞིག་བཏགས་པ་ཡིན་ལ་སྐྱ་བོ་ནི་སྙན་ངག་སྨྲ་བའི་དབང་བོ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་པིར་མིང་བརྐུས་པའམ་འཕྲོག་པ་འདྲ་བོ་ཡིན་པས། དེ་ནི་ངའི་དངོས་མིང་མིན་མོད་ད་ལྟ་དངོས་མིང་ལྟ་བུ་ཆགས་སོང་།   

  
       སེ་ལེན་ནི་ངས་འབྲི་ཁུལ་བྱས་པའི་བརྩམས་དེབ་རེབ་གསུམ་པ་ཆགས་ཡོད།   དེའི་སྔོན་དུ་ངས་གློའུ་མོ་ཞེས་པའི་དེབ་ཅིག་འབྲི་ཁུལ་བྱས་ཞིང་དེ་ཉིད་བོད་དུ་བྲིན་པོ་ཞེ་དྲག་བྱུང་བས།  དེ་ལ་ཡག་ཉེས་ཞུ་མཁན་ཡང་མང་པོ་བྱུང་མོད་ངས་ནི་དེ་ལ་ཁ་ཡ་ཆེན་པོ་མ་བྱས།  ལས་དབང་ཞིག་གིས་ད་རེས་ང་རང་རྩོམ་འདྲ་མ་འབྲི་ཁུལ་བྱེད་མཁན་ཞིག་ཏུ་གྱུར་ཞིང་མང་པོ་ཞིག་ནི་དེ་ཡི་ཡག་ཉེས་བཤད་མཁན་དུ་གྱུར་སོང་།    ངའི་ལས་ཀ་ནི་དེབ་འབྲི་རྒྱུ་ཡིན་པ་ལས་ཀློག་མཁན་དག་ལ་རྩོད་པ་རྒྱག་རྒྱུ་ནི་མིན།  གང་ལྟར།  དེབ་བྲིན་པོ་བྱུང་བར་ང་རང་ཧ་ལས་པ་ཞིག་དགའ་ཡོད།   དེ་ནི་སེམས་གཏམ་ཡིན།  
       སྔོན་ཆད་ཅིག་ལ།   ངས་རང་གི་གྲོགས་པོ་དེབ་བཟོ་མཁན་སྐོར་ཞིག་ལ། ཁྱོད་ཚོས་བྲིས་པ་ནི་ཡི་གེའི་གད་སྙིགས་རང་རེད་ཅེས་ལབ་པ་ཡིན།  ཡིན་ན་ཡང་།  ད་ལྟ་ང་ལ་རང་གིས་བྲིས་ཡོད་པ་དེ་དག་ཡི་གེའི་གད་སྙིགས་མིན་པའི་གདེང་ཚོད་ཅི་ཡང་མི་འདུག   ངས་རང་གིས་འབྲི་འདོད་པ་དག་རང་གི་འདོད་པ་ལྟར་བྲིས་པ་ཡིན།  ང་ལ་རང་ཉིད་ཀྱིས་བྲིས་པ་དེ་དག་གཞུང་ལུགས་ཤིག་ལ་སྦྱར་ནས་ཟབ་མོ་ཞིག་བཤད་རྒྱུ་མེད།  ཡག་ན་བཙོག་ན་དེ་འདྲ་ཞིག་ཡིན། 
 
      སེ་ལེན་གྱི་ནང་དུ།  ང་རང་རྨི་ལམ་དང་དངོས་ཡོད།  རྒྱང་རིང་དང་ཕ་ཡུལ་གྱི་བར་དུ་སྤྲང་གོག་ཅིག་ཇི་བཞིན་ཅི་བྱ་གཏོལ་མེད་དུ་ལུས་པའི་དུས་ཀྱི་རྒྱུ་མཚན་ཡོད་ལ་མེད་པའི་སྐྱོ་གདུང་དང་ཁེར་རྐྱང་གི་སྣང་བ་བན་བུན   སུ་ལ་ཡང་བཤད་དགོས་མི་ཤེས་པའི་སེམས་ཁམས་དེ་རིགས་ངོ་ལོ་བཞི་ཡི་རིང་གི་དམིགས་ཡུལ་བོར་བའི་འཁྱམ་ཉུལ་གྱི་འཚོ་བ་དང་སྦྱར་ནས་བྲིས་ཡོད་ལ་དུས་ཚོད་དང་བར་སྟོང་འཛོལ་ཏེ་སྐྱོ་གར་དུ་གྱུར་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཀྱང་མངོན་ཆུང་གིས་བྲིས་ཡོད།   
          སེ་ལེན་པར་དུ་མ་སྐྲུན་པའི་ཡར་སྔོན་ནས་དེའི་གནས་ཚུལ་དྲི་མཁན་མང་པོ་བྱུང་ཞིང་སྒུག་ཚོད་མ་བྱུང་བར་ཁོང་ཁྲོ་ཟོས་ཏེ་སྐད་འཕྲིན་སྒེར་ལམ་སོགས་ནས་གཤེ་གཤེ་གཏོང་མཁན་ཡང་འགའ་རེ་བྱུང་མོད།  དེ་དུས་མ་ཤེས་ཀྱང་ད་ལྟ་འདང་བརྒྱབ་ན་དེ་ནི་སྙིང་རྗེ་མོ་ཞིག་རེད་བསམ་བྱུང་།  སེ་ལེན་ལ་སྦྱིན་བདག་འགའ་རེས་ལག་སྔ་བརྩད་ནས་ཐོན་ཡང་མཐར་གྲོགས་པོ་ཞིག་གི་ལག་ཏུ་བཞག་པ་ཡིན།  དཔར་ཐེངས་དང་པོ་ལ་དེབ་སྟོང་གསུམ་ཙམ་ལས་དཔར་བའི་ཕོ་ཚོད་དང་ཆ་རྐྱེན་ལས་མ་འཛོམས་མོད།  བོད་ཀྱི་བྲིན་རྩོམ་ཚང་གི་སྦྱིན་བདག་ལྷག་པ་དཀར་གྱིས་དེབ་སྒོ་རུ་མ་ཐོན་གོང་ནས་ཚར་སྟོང་གཅིག་བླུས་པ་དང་གཞན་པའི་དཔེ་ཁང་འགའ་ཞིག་གིས་ཀྱང་དེབ་མང་ཙམ་བླུ་འདོད་པའི་བརྡ་བཏང་འདུག་པས་སེམས་ནས་དགའ་བོ་བྱུང་ཡོད།   དེ་ནི་ངས༼སེ་ལེན༽ཞེས་པའི་དེབ་འདི་ཡ་མཚན་ཡག་པོ་ཞིག་ཡིན་ལབ་པ་མིན་མོད། འདི་ནི་དུས་རབས་འདིའི་མི་རྣམས་ཀྱིས་ཀློག་ཐུབ་པ་དང་ཀློག་སྤྲོ་བ་དང་བལྟ་ཀློག་གི་དུས་ཚོད་ལ་ཡང་འཚམ་པ་ཞིག་ཡིན་པ་ནི་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཐུབ་བོ།  
                  མཐར་སེ་ལེན་མངག་ཉོ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།  ཞལ་དྲོ། 
             འདིས་ཀྱང་བོད་སྐད་ཡིག་གི་ཚེ་ཡི་ལྗོན་པ་ལ་ཆུ་རྡུལ་ཙམ་ཞིག་སྨན་པའི་སྨོན་ལམ་དང་བཅས་བོད་ཀྱི་རྩོམ་རིག་གི་འཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ་བར་གྱུར་ཅིག  
                         ཟླ་ཚེས་བཟང་པོ་ལ།
                                     རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease