ཁྲོན་པའི་ནམ་མཁའ། སྙན་ཚོམས།

    རྩོམ་པ་པོ། མྱི་གསར་བ།


ཁྲོན་པའི་ནམ་མཁའ། སྙན་ཚོམས།

                         མྱི་གསར་བ། མི་ཉག
 
དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ
ཚེ་སྲོག་གི་བར་སྟོང་དུ་འཚང་བའི་རྣམ་ཤེས་གྲངས་མེད
བརྩེ་སེམས་དང་ཕུགས་བསམ་གྱི་རྒྱལ་ཁབ་བོར་ཏེ
འཇིག་རྟེན་འདིའི་ཁྲོན་པའི་ནམ་མཁའ་དུ་མའི་བདག་པོ་བྱས
ཁྲོན་པ་གཅིག   ཁྲོན་པ་གཉིས
 
མིག་གི་ཡུལ་ལྗོངས   ཁྲོན་པའི་ནང་གི་ཡུལ་ལྗོངས་ཙམ
ལག་པའི་བར་སྣང   ཁྲོན་པའི་ནང་གི་བར་སྣང་ཙམ
 
བགྲེས་པོ་ལགས་་་་ཁྱེད་ཀྱིས་མི་ཚེ་འདིར
གནས་ལུགས་ཚད་སྒྲུབ་དང་བདེན་པ་ཚད་སྒྲུབ་དོར་ནས
རང་ཉིད་ཁོ་ན་ཚད་སྒྲུབ་བྱེད་དོན་ག་རེ་ཡིན
ཡང་ན་རང་གི་ཁྲོན་པ་ཁོ་ན་ཚད་སྒྲུབ་བྱེད་དོན་ག་རེ་ཡིན
 
ཁྲོན་པའི་ནམ་མཁའ
འོད་སྣང་དང་རྒྱང་ཐག་རིང་བ་མ་ཡིན་ཡང
ཁྲོན་པའི་ཉི་མ་དྲོད་འཇམ་དང་འོད་སྣང་གིས་དབུལ་ཡོད
ཁྲོན་པར་བཞུགས་པའི་ཁྱོད་རང
ཁྲོན་པའི་ནམ་མཁའི་མཛེས་སྡུག་དང་དགེ་མཚན་འཆད་པར་སྤྲོ
ཁྱོད་ཀྱི་སེམས་ངོར་ཁྲོན་པའི་ནམ་མཁའི་ཕྱི་རོལ་གཞི་གྲུབ་པ་མ་ཡིན
ཁྱོད་ཀྱི་སྣང་ངོར་ཁྲོན་པའི་ནམ་མཁའ་ཁོ་ན་འཇིག་རྟེན་གྱི་ནམ་མཁའ་གཅིག་པུའོ་སྙམ
 
 
གཅེས་པའི་བགྲེས་པོ་ལགས
ཁྱོད་རང་ཁྲོན་པའི་ནང་དུ་ལྷུང་ནས་ཡུན་རིང་འགོར་འདུག
ཁྲོན་པ་དེའི་ནང་དུ་ཁྲོན་པ་དེ་དང་འཚམ་པའི་ནམ་མཁའ་ལས་མེད
ཁྱོད་རང་ཁྲོན་པ་དེའི་ནང་ནས་མཆོང་ལྡིང་བྱེད་སྐབས
ཁྱོད་མཐའ་མེད་པའི་མཁའ་དབྱིངས་སུ་འཕུར་གྱིན་ཡོད་སྙམ་སྲིད
དེ་ནི་ཁྲོན་པའི་ནང་གི་མིག་དང་སྤོབས་པའི་རྟགས་མཚན་ཡིན
 
ཁྱོད་ཀྱིས
བྱིས་པ་རྣམས་ལ་རྒྱང་རིང་དང་ཉི་འོད་ཀྱི་གཏམ་རྒྱུད་འཆད་མོད
དོན་དུ་ཁྲོན་པའི་ནང་གི་རྒྱང་རིང་དང་ཉི་འོད་གླེང་བ་ཙམ
དེ་ལྟར་བསམ་ན
བཅོས་འཛུམ་དང་ཨུ་ཚུགས་ཀྱིས་སྲུང་བའི་ཁྲོན་པ་འདི་ཀ
སྨྲ་ལྕེ་རྫུན་མ་དང་ལྷག་བསམ་རྫུན་མས་སྐྱོང་བའི་ཚེ་འདིའི་གཞིས་ཀའོ
 
དེ་བཞིན
ཁྲོན་པའི་ནང་གི་འདྲ་མཉམ་ཡང་ཁྲོན་པའི་ནང་གི་སྐད་བརྡ་ཙམ
 
ལོ་ངོ་མཐོན་པོར་ཆགས་པའི་ཁྱོད་རང
རེ་དོགས་ཀྱི་ཁྲོན་པའི་འཆིང་ཐག་ལས་གྲོལ་བར་དཀའ་སྟེ
དུས་ཚོད་ཀྱི་བཙའ་ཆགས་པའི་བདག་འཛིན་དེ་ནི
ག་ལེར་རང་གི་ཚེ་སྲོག་དང་བདེ་སྐྱིད་ལ་འཇབ་རྒོལ་བྱེད་པའི་ནད་ཡམས་ཤིག་གོ
 
ནམ་ཞིག་གི་དུས་སུ
ཁྱོད་ཀྱིས་ང་རྒྱལ་གྱི་རལ་གྲི་ཡང་ཡང་བརྡར་ཏེ
རིག་གནས་ཀྱི་བཙན་རྫོང་དུ་ལོག་ཐབས་བྱས་ཀྱང
དེ་ནི་རྨི་ལམ་ནང་གི་འཕུར་སྐྱོད་བཞིན་ག་ལ་ཡིན
 
ཤེས་སམ
དུས་ཚིགས་རིམ་བཞིན་འགྱུར་ཡང
ཁྲོན་པའི་ནམ་མཁའ་སྔར་བཞིན་བག་ཡངས་སུ་གནས
ལོ་ཟླ་རིམ་གྱིས་བརྒལ་ཡང
ཁྲོན་པའི་ནམ་མཁའ་སྔར་བཞིན་ཁུ་སིམ་མེར་གནས
ཁྲོན་པ་གཅིག   ཁྲོན་པ་གཉིས
 
 
བགྲེས་པོ་ལགས
ཁྱོད་རང་རིག་ལམ་རྟུལ་པོའི་ཉོན་མོངས་སུ་བྱིངས་ནས
ནམ་མཁའི་རྒྱ་ཁྱོན་ཁྲོན་པའི་རྒྱ་ཁྱོན་དུ་འགྲེལ་བར་བྱས
རང་གི་རྟོག་པ་འཇིག་རྟེན་གྱི་བདེན་པའི་ཡངས་རྩེ་རུ་བསྒྲགས
དེ་ནི་འཇིག་རྟེན་གསར་བའི་མཁའ་དབུགས་དང་མཐུན་ནམ
ཡང་ན་་་རྒྱུ་འབྲས་རིག་གནས་ཀྱི་སྙིང་པོ་དང་མཐུན་ནམ
 
དབང་ཆ་དང་ཨུ་ཚུགས་ཀྱིས་སྲུང་བའི་ཁྲོན་པ་འདི་ལ
ཁྱོད་ཀྱིས་ཤེས་རབ་དགའ་ཚལ་ཞེས་མཚན་སྙན་གནང་ཡང
དོན་དུ་ཤེས་རྨོངས་ཀྱི་བྲག་རོང་འཛིངས་པའི་གནས་ཡུལ་ཙམ
 
ཁྱོད་ཀྱིས་ལབ་ན
ཁྲོན་པའི་ནམ་མཁའི་ཁ་དོག་ནག་པོ་ཡིན་པ་བཞིན
འཇིག་རྟེན་འདིའི་ནམ་མཁའི་ཁ་དོག་ནག་པོ་ཡིན་ནོ་ཟེར
དེ་ལྟར་་་ཁྱོད་ཀྱིས་གཉིད་དུ་ཡུར་བའི་ང་ཚོ
སྙིང་རྗེ་གང་ཡང་མེད་པར་ཁྲོན་པ་འདིའི་གཏིང་ལ་དྲུད
ད་ནི་ང་ཚོས་སྨིག་རྒྱུའི་ཐང་སྟོང་ཞིག་ནས
ཁྱོད་ཀྱིས་གནང་བའི་ཁྲོན་པའི་ནམ་མཁའ་ལ་བལྟས་ཡོད
 
ཞོགས་པ་ཞིག་ལ
ཉི་འོད་ཀྱིས་ཀུ་རེ་རྩེ་བའི་ཞོགས་པ་ཞིག་ལ
ཁྱོད་ཀྱིས་ཁྲོན་པའི་ཁ་ལེབ་གཏན་ཏེ
རང་དབང་གི་འོད་སྣང་སྒྲིབ་པར་འབད་བརྩོན་བྱས
དེ་ནས་བཟུང་ང་ཚོ་ཕུགས་བསམ་གྱི་གནམ་འཕང་གཅོད་པའི་རྒོད་པོ་བྱ་ཐབས་བྲལ
 
རིག་གནས་ཀྱི་ཁང་སྟོང་འདི་ནས
ང་ཚོ་སྔར་བཞིན་བྱིས་དུས་ཀྱི་ང་ཚོ་བྱ་དགོས་བྱུང་ཞིང
དུང་སེམས་ཀྱིས་དབྱེ་འབྱེད་གནང་བའི་ཁྱེད་རང
ལོ་ཟླའི་གཙང་བོ་དང་འགྲོགས་ནས་སྒྱུ་འབྲས་ཀྱི་མདུན་དུ་འགྲེང
 
 
ནམ་ཞིག་དུས་ཚོད་ཀྱི་གཙང་བོ་ལུགས་ལྡོག་ཏུ་འཁོར་ན
ཁྱོད་རང་བྱིས་དུས་ནས་རང་བྱུང་དང་ལྷན་དུ་འཚར་ལོངས་བྱུང་ན་སྙམ་ཞིང
ང་རང་བྱིས་དུས་ནས་མཁའ་ཀློང་གི་ཉི་འོད་མཐོང་ཐུབ་པའི་འཇིག་རྟེན་འདིའི
ཚེ་སྲོག་ཆུང་ཆུང་ཞིག་བྱ་ཐུབ་ན་སྙམ
 
དེ་ལྟར་སྨུག་སྤྲིན་གཅིག་ཏུ་འདྲེས་རྗེས་ཀྱི་དུས་ཚིགས་ཤིག་ལ
ཁྱེད་རང་མིག་རྡེབ་དབང་ཙམ་གྱི་ལོ་ན་མཐོན་པོར་ཆགས་ཤིང
མཚར་སྣང་དང་དགོད་སྒྲ་མེད་པར་གཏམ་རྒྱུད་ཅིག་གི་མཇུག་ལ་བསླེབས་ཟིན
 
དུས་ཚོད་ཀྱིས་ལབ་ན
ཁྱོད་ཀྱིས་ཁྲོན་པ་འདིར་སྦྲུལ་ཁྲ་བོ་ཞིག་གསོས་ཏེ་ཡུན་རིང་འགོར་ཡོད་ཟེར
ཡང་ན་་་ཉི་འོད་ཀྱིས་བཞུ་མ་ནུས་པའི་འཁྱག་དར་གྱི་རི་བོ་ཞིག་སྦས་ཡོད་ཟེར
དེ་ལྟར་བསམ་ན
དེ་ནི་རྟོག་བཏགས་ལས་ཀྱང་འཇིགས་སུ་རུང་བའི་ཁྲོན་པ་ཞིག་ཡིན་སྲིད་སྙམ
ཁྲོན་པའི་ནམ་མཁའ  གཏིང་རིང་བའི་མུན་པའི་རྒྱལ་ཁབ
                       2021. 12. ནང་དུ་བློས་བསླངས་བྱས།
                       2022. 3. 25.ལ་འབྲི་འགོ་བརྩམས།
                       2022.  4.  8.ལ་མཇུག་ལེགས་པར་གྲུབ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease