
དཀར་ནག་རྩིས་རིག་གི་བྱུང་འཕེལ་རག་ཙམ་གླེང་བ་ངོ་མཚར་གཞོན་ནུ་དགའ་བའི་ལང་ཚོ་ཞེས་བྱ་བ།
བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ལམ་མྱི་གསར་བས་བརྩམས།
ཕྱི་སྣོད་གཟའ་སྐར་གོ་ལའི་རྒྱུ་བ་མཁྱེན།།
ནང་བཅུད་རྩ་རླུང་ཐིག་ལེའི་དེ་ཉིད་རྟོགས།།
ཕྱི་ནང་རྟེན་འབྲེལ་ལམ་གྱི་དཀྱིལ་འཁོར་རྫོགས།།
ཉི་མའི་གཉེན་ཁྱོད་ཆོས་ཉིད་གྲངས་ཀྱི་མིག །
ཤམྦྷ་ལ་དང་འཕགས་ཡུལ་གངས་ལྗོངས་སུ།།
རིགས་ལྡན་ཉེར་ལྔ་ཙི་ལུ་དུས་ཞབས་པ།།
རྭ་འབྲོ་ཙ་མི་སྨྲྀ་ཏི་བུ་སྟོན་སོགས།།
ཟབ་རྒྱས་དུས་འཁོར་སྨྲ་བའི་མཁས་པར་འདུད།།
ངོ་མཚར་ཆོས་ཉིད་རྒྱུ་བའི་ནགས་ཀླུང་ནས།།
བློ་གྲོས་ཟེར་བརྒྱས་རྨོངས་མུན་སེལ་དཀའ་ཡང་།།
སྐྱེ་བའི་དོན་གོ་ཆོད་ཕྱིར་སྲིན་མེ་ཙམ།།
ས་ཆེན་གོ་ལའི་ཡང་རྩེར་སྒྲོན་པར་འདོད།།
ཀྱེ་་་་་ཤེས་རིག་ལ་དགའ་བ། ཆོས་ཉིད་ལ་མཚར་བ། གནས་ལུགས་ལ་བརྩི་བ། ཡོན་ཏན་ལ་བཀུར་བ། སྦྱང་བརྩོན་ལ་མོས་པ། བླང་དོར་ལ་མཁས་པ་དག དཔྱོད་ཅིང་སོམ་དང་། བཅུད་ཀྱི་འགྲོ་བ་རྣམས་ཀྱི་ལས་དང་སྨོན་ལམ། བསོད་ནམས་དང་ལས་སྣང་ལ་བརྟེན་ནས་རྟེན་འབྲེལ་སྣོད་ཀྱི་འཇིག་རྟེན་འདི་ཆགས་ཤིང་། འདི་ནི་གླིང་བཞི། རི་རབ། ཉི་ཟླ། གཟའ་སྐར། རྒྱ་མཚོ། ས་གཞི། རྩི་ཤིང་། ཆུ་ཀླུང་། དུས་བཞི། ཆར་རླུང་། མཁའ་དབུགས། བར་སྟོང་སོགས་ཏེ། འབྱུང་བ་སྣ་ཚོགས་འཕྲད་པ་དང་འདུས་པ། བརྟེན་པ་དང་ནུས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་བསམ་གྱིས་མི་ཁྱབ་ལ་བརྟེན་ནས་གྲུབ་ཅིང་བྱུང་བ་རེད་ལ། འདི་དག་གི་སྐྱེ་འགག་གནས་གསུམ། ཤེས་ཁྱད་བྱེད་གསུམ་སོགས་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་སྐྱེ་འཆི་བདེ་སྡུག དར་རྒུད་ལེགས་ཉེས་སོགས་འདི་ཕྱི་གཏན་གྱི་འདུན་མ་དང་འབྲེལ་བ་རྒྱ་ཆེན་པོ་ཡོད། དེ་བས་དཀར་ནག་རྩིས་ཀྱི་རྣམ་བཞག་འདི་ནི་ཤེས་རིག་གི་བཅུད། ཆོས་ཉིད་ཀྱི་གཏེར་ལྟ་བུ་ཞིག་ཡིན་པའི་ངོས་ཟིན་ལེགས་པོ་ལ་བརྟེན་ནས་འདིར་ཡང་གནམ་ལ་ཉི་ཟླ་གཟའ་སྐར་གྱི་རྒྱུ་བ། ས་ལ་དུས་བཞིའི་འགྱུར་ལྡོག་གི་མངོན་རྟགས། བར་ལ་སྲོག་ལུས་དར་གུད་ཀྱི་རྟེན་འབྲེལ་སོགས་ཤེས་བྱའི་ཆོས་རྣམས་གྲངས་དང་རྟགས་མཚན་ལ་བརྟེན་ནས་གཏན་ལ་དབབ་པར་གོ་ཞིང་། དེ་ནི་བོད་ཀྱི་རྒན་པོའི་མྱོང་རྩིས་དང་། རྒྱ་གར་མཁས་པའི་ཨང་རྩིས། རྒྱ་ནག་གནའ་མིའི་འབྱུང་རྩིས་ཀྱི་རིག་པ་སོགས་ལ་བརྟེན་ཏེ། རླུང་དང་སྤྲིན། བྱ་དང་ཤིང་སོགས་ལ་བརྟགས་ནས་དུས་ཀྱི་འགྱུར་ཟློག་སྣ་ཚོགས་ཀྱིས་མྱོང་བ་བསགས་ལ། དུས་ཀྱི་ཆ་ཤས། ཆུ་སྲང་། དབུགས། དུས་ཚོད། སྐར་མ། གཟའ་སོགས་ཀྱི་འཕོ་འགྱུར་རྣམས། བསྒྱུར། བསྒོ། འཕྲུ། སྣོན། བྱས་ཏེ་ལོ་ཟླ་ཞག་དུས་ཀྱི་བཟང་ངན་འཇམ་རྩུབ་མཇལ་ནུས་ཤིང་། དུས་བཞིའི་འགྱུར་ཟློག་དང་རང་བྱུང་འཇིགས་པ་སྣ་ཚོགས་ཀྱང་དཔོག་པར་ནུས། དེ་དག་གི་བླང་དོར་འཇུག་ལྡོག་ཡང་དག་པ་ཤེས་ན་ཞིང་འབྲོག་ཐོན་སྐྱེད་ཀྱི་འཚོ་གཞིས་ལ་ཕན་ཐོག་རྒྱ་ཆེན་ཡོད་ངེས་ཤིང་། ཆོས་སྲིད་བྱ་བཞག་གི་ཕན་གནོད་ལེགས་ཉེས་འབྱེད་པའི་ནུས་པའང་བླ་ལྷག་ཐོན་ངེས། མ་ཟད་ལོ་ཟླ་ཞག་དུས་ཀྱི་འཇམ་རྩུབ་སོ་སོར་ཕྱེས་ཏེ་སྐྱེ་བ་གཅིག་ལ་འཇིག་རྟེན་མཐུན་འཇུག་གི་བྱ་བ་འགྲུབ་པར་འབད་ཆོག་ཅིང་། འཁོར་བའི་གྲིབ་མ་རྒྱང་དུ་དོར་ནས་ཚེ་གཅིག་ཐར་ལམ་སྙེག་པའི་རྟེན་འབྲེལ་གྱི་གཟའ་སྐར་ཡང་སྒྲིག་ཆོག གཞན་ཡང་། ཤིང་། མེ། ས། ལྕགས། ཆུ། ལྔ་ཕན་ཚུན་འཕྲད་ཚུལ་ལ་དཔག་ནས་སྐྱེ་འགྲོ་རྣམས་ཀྱི་ཚེ་གཅིག་ནས་ལོ་ཟླ་ཞག་དུས་གང་གིས་ཀྱང་སྲོག་ལུས་དབང་ཐང་རླུང་རྟ་བླ་སོགས་ཀྱི་དར་རྒུད་དང་བདེ་སྡུག་གི་རྟེན་འབྲེལ་ཤེས་པར་ནུས་ཤིང་། དགྲ་ནག་པོའི་དབང་ཐང་དར་རྒུད། གཉེན་བྱམས་པའི་སྲོག་ལུས་འཕྲོད་སྦྱོར། རོ་བག་གེག་ནད་ཀྱི་བརྩི་ཐབས་སོགས་འཇིག་རྟེན་ཉེར་མཁོའི་འདོད་དོན་སྒྲུབ་པ་ལ་ཤིན་ཏུ་མཁོ་གལ་ཆེ་བའི་རིག་གཞུང་འདི་དག་ནི། འཕགས་པའི་མངོན་རྟོགས་དང་མཁས་པའི་རྙེད་དོན། རིག་པའི་གྲུབ་དོན་དང་མྱོང་བའི་བདེན་དོན་ཞིག་ལགས་པས། མཁས་བླུན་རྒན་གཞོན་གྱི་གྲལ་རིམ་གང་ཡང་མེད་པར་ཤེས་ན་དོན་ཆེ་ལ། མ་ཤེས་ཐབས་ཆགས་པའི་ཆོས་སྲིད་སྤྱི་འདུས་ཀྱི་རིགས་གཞུང་རྒྱ་ཆེ་བ་ཞིག་ཏུ་འདོད་ཅིང་། དེ་ལྟར་ཡང་རེད་དོ།། དེ་བཞིན། འདི་ནི་ཁྱབ་ཁོངས་རྒྱ་ཆེ་བའི་རིག་ཚན་ཞིག་ཡིན་པ་ཚུལ་མཐུན་དཔྱོད་ལ་དགའ་བའི་སྐྱེས་བུ་རྣམས་ཀྱིས་མཁྱེན་ངེས་ན་ཡང་གཟུར་གནས་དོན་གཉེར་མེད་པའི་མི་རྣམས་ལ་རྩིས་རིག་གི་ལྷན་ཐབས་ཀྱིས་ཚུལ་དུ་ལེགས་སྐྱེས་སུ་ཕུལ་བར་འདོད་པས། གཏམ་གྱི་མགོ་མ་གཏད་ཀྱི་ཕུགས་སོ་ལྟ་བུའི་དཀར་ནག་རྩིས་རིག་གི་བྱུང་འཕེལ་ནི་ཅེས་ཀྱང་ཤེས་འོས་པས་ཅུང་ཙམ་འཆད་ཀྱང་སྤྲོའོ།།
སྤྱི་ལོའི་སྔོན་ལོ (༡༢༧) བྷོད་རྒྱལ་ཐོག་མའམ་གནམ་གྱི་ཁྲི་བདུན་གྱི་དང་པོ་གཉའ་ཁྲི་བཙན་པོའི་རིང་ལ། བོད་དམངས་ཚོགས་སོ་སོས་ངལ་རྩོལ་དང་མྱོང་བ་ལ་བརྟེན་ནས་ཉིན་གྲངས་རྡོ་ཤིང་ལ་རི་མོ་བྲིས་ཏེ་བརྩི་ཐབས་བྱེད་ཅིང་། སྐབས་དེར་བོན་ཤེས་པ་བཅུ་གཉིས་ཡང་བྱུང་བས་རྩིས་ཤེས་པ་དང་གཏོ་དང་གར་ཤེས་པ་སོགས་ཀྱང་ཡོད་པར་གྲགས། རླུང་དང་སྤྲིན་སོགས་ལ་བརྟགས་ནས་གནམ་དཔྱད་བརྟགས་པའི་མྱོང་བ་བསགས་ཤིང་། བྱ་དང་ཤིང་སོགས་ལ་བརྟགས་ནས་དུས་ཀྱི་དྲོ་གྲང་དང་འཕོ་འགྱུར་རྟོགས་ཏེ་སོ་ནམས་ཞིང་ལས་དང་། འབྲོག་གི་ཕྱུགས་ལས་སོགས་བྱེད་པ་ལ་ཕན་ནུས་བླ་ལྷག་ཐོན། མ་ཟད་ཉི་མ་ཟླ་བར་བརྟགས་པའི་རིགས་པ་རྙེད་ནས་རང་བྱུང་ཁམས་ཀྱི་གསང་བའི་ལྐོག་གྱུར་སྣ་ཚོགས་ལ་རྟོག་ཞིབ་བྱེད་པའི་མགོ་ཡང་ཚུགས་པར་སྣང་ལ། གཞན་ཡང་བྷོད་རྒྱལ་དགུ་པ་སྟོད་ཀྱི་སྟེང་གཉིས་ཀྱི་ཕྱི་མ་པུ་དེ་གོང་རྒྱལ་གྱི་རིང་ལ་ལྷོ་ཁ་ཡར་ཀླུང་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཞིག་དར་བར་བྱུང་ཞིང་། དེ་ནི་ཤིན་དུ་གཏིང་ཟབ་ཅིང་འཐུས་ཡང་ཚང་བའི་རྩིས་རིག་མྱོང་བའི་བརྩི་ཐབས་ཤིག་ཡིན་ཏེ། དེ་ལས་དྲོད་རླུང་འཕེལ་བའི་དུས་དང་འདབ་མ་རྒྱས་པའི་དུས། འབྲས་ལྡན་དུས་དང་གྲང་རླུང་འཕེལ་བའི་དུས་སོགས་དུས་བཞི་གསལ་བོར་བསྟན་པ་དང་། ཟླ་བའི་འཕེལ་འགྲིབ་དང་ཉི་མ་ལྷོ་བྱང་དུ་བསྒྲོད་པ་སོགས་ཀྱང་ཤེས་རྟོག་བྱུང་ཡོད་པར་མ་ཟད། འདི་དག་ལ་ཞིབ་ཏུ་དཔྱད་ན། ཞག་གསུམ་སོ་སོའི་འགྲོས་ཁྱད་དང་ཟླ་སྐར་གྱི་འགྱུར་བ་སོགས་ཀྱང་རྙེད་ངེས་འདུག་མོད། འདིར་ནི་རྩིས་རིག་གི་བྱུང་འཕེལ་བྲི་བའི་ཁུལ་བགྱི་བས་རྣམ་བཞག་དེ་དག་གཞན་ནས་འབྲི་བ་ལ་བརྩོན་པར་འདོད། གཞན། ཞང་ཞུང་རྒན་པོའི་ངག་རྩིས་དང་བྱ་ཞག་གི་རྣམ་བཤད། སོ་ནམས་འདེབས་ཚིགས་སོགས་གནམ་དཔྱད་ཀྱི་རིག་པ་སྣ་ཚོགས་བྱུང་ལ། རྩིས་མཁན་འགས་འཆད་ན། བོན་གྱི་ལོ་རྒྱུས་འགའི་ནང་དུ་བྷོད་རྒྱལ་ས་ཡི་ལེགས་དྲུག་གི་རིང་ལ་ཡང་། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ་ཞེས་པའི་སྒོ་ནས་གཤིན་རྩིས་ལྟ་བུ་ཞིག་ཀྱང་བོད་ལ་སྔ་མོ་ནས་དར་བ་སོགས་བཤད་ཀྱིན་མཆིས་མོད། དེ་འབྲེལ་གྱི་ཚད་ལྡན་ལོ་རྒྱུས་ཡིག་ཆ་མ་རྙེད་པས་དཔྱད་གཞི་ཙམ་ལས་ཞིབ་དུ་བཀོད་ཐབས་བྲལ། མདོར་ན་རྒྱ་གར་ནག་གི་རྩིས་དཀར་ནག་གང་ཡང་བོད་དུ་མ་བསྒྱུར་བའི་སྔོན་ནས་བཙན་པོའི་རྒྱལ་རབས་ཀྱི་སྐབས་དག་ལ་ཡང་། བོད་ཀྱི་ཞིང་འབྲོག་རྒན་པོའི་ཤེས་རབ་དང་བློ་གྲོས་ལ་བརྟེན་ནས་མྱོང་རྩིས་དུས་བརྟགས་གནམ་དཔྱད་སྣ་ཚོགས་བྱུང་ཡོད་པས། སྤྱིར་རྩིས་རིག་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཡིན་པ་ཤེས་འོས་ལ་དཔྱོད་ལྡན་དག་གིས་ཤེས་ཀྱང་ངེས་མོད། ད་ལྟའི་རང་རིགས་གཞོན་ནུ་བློ་གསལ་བ་དག་གིས་ཀྱང་འདི་དག་རྒྱུད་འཛིན་གཅེས་སྤྲས་བྱེད་འོས་པས་མ་བསྐུལ་འོས་འགན་དུ་ཁུར་བའི་ཆེད་དུ་གླེང་ཙམ་བསླངས་བ་ཡིན།
དེ་ཡང་འདི་ནས་བརྩིས་པའི་ལོ་གྲང (༢༩༠༠) ཙམ་གྱི་སྔོན་རོལ་ལམ། སྤྱི་ལོའི་སྔོན་ལོ (༨༨༡) གི་ལོ་ལ་སྟོན་པ་བཀའ་དྲིན་ཅན་གང་ཉིད་དགོང་ལོ (༨༡) དུ་སོན་ཡོད་ཅིང་། ལོ་དེའི་ཟླ་གསུམ་པའི་ཡར་ཚེས་བཅོ་ལྔའི་དུས་སམ་དཔའ་བོ་ལྕགས་འབྲུག་གི་ནག་པའི་ཉ་ལ། གནས་ཁྱད་པར་ཅན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་མཆོད་རྟེན་གྱི་དྲུང་དུ། བདུད་འཇོམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུས་སྦྱོར་ཕུན་སུམས་ཚོགས་པ་ལ། སྟོན་པ་ཐུགས་རྗེ་ཅན་གང་ཉིད་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང་དཀྱིལ་འཁོར་གྱི་བདག་པོར་སྐུར་བཞེངས་ཏེ། ཤམྦྷ་ལའི་ཡུལ་ནས་ཕེབས་པའི་ཆོས་རྒྱལ་ཟླ་བ་བཟང་པོའི་གཙོས་སེམས་ཅན་སྨིན་པའི་དུས་ལ་བབས་པ་རྣམས་ལ། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད། ཡི་གེ་བརྒྱད་པ་ཚིག་བཅད་སྟོང་ཕྲག་བཅུ་གཉིས་ཡོད་ཅིང་། ཡི་གེའི་གྲངས་སུམ་འབུམ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་དེ་ཉིད་བསྟན་པ་ལགས། དེ་ནི་ཏག་ཏག་སྟོན་པ་བཀའ་དྲིན་ཅན་གང་ཉིད་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་པའི་སྔོན་གྱི་ཟླ་བ་གཅིག་གི་དུས་ཚོད་དུ་ཡིན་ཞིང་། དེའི་རྗེས་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན་ཐུན་ལ་སྟོན་པ་ཐུགས་རྗེ་ཅན་གང་ཉིད་རྩ་མཆོག་གྲོང་ནས་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་ཡིན་ནོ།། དེའི་ལོ་རྗེས་མ་ལྕགས་སྦྲུལ་ལོ་ལ་ཆོས་རྒྱལ་ཟླ་བ་བཟང་པོས་དུས་འཁོར་བཀའ་བསྡུ་དང་དེའི་འགྲེལ་བ་མཛད་ཅིང་། ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་གླེག་བམ་དུ་བྲིས་ཤིང་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་བར་མཛད། དེ་ནས་ཆོས་རྒྱལ་དྲུག་དང་རིགས་ལྡན་དགུའི་རིང་ལ་ལོ (༡༠༠) རེར་ཁྲི་ལ་བཞུགས་ནས་ཆོས་བསྟན་ཞིང་། རིགས་ལྡན་བཅུ་པ་ལོ (༡༨༡) གི་རིང་ལ་ཁྲིར་བཞུགས་ནས་ཆོས་བསྟན། རིགས་ལྡན་བཅུ་གཅིག་པ་ལོ (༢༢༡) གི་རིང་ལ་ཁྲིར་བཞུགས་ནས་ཆོས་བསྟན་པས། རིགས་ལྡན་བཅུ་པ་དང་བཅུ་གཅིག་པ་གཉིས་བསྡོམས་པས་ལོ (༤༠༣) ལ་ཁྲིར་བཞུགས་ཤིང་ཆོས་བསྟན། དེ་ནི་རྩིས་གཞུང་དུ་སྐད་གྲགས་ཆེ་བའི་གྲངས་རྩིས་མེ་མཁའ་རྒྱ་མཚོ་ལ་དཔག་ནས་སྐྱེས་བུ་འཁྲུངས་འདས་དང་རབ་བྱུང་ངོས་འཛིན་མཛད་ཚུལ་གྱི་ཨང་རྟགས་གལ་ཆེན་དེ་རེད་ལ། རིགས་ལྡན་བཅུ་གཉིས་པ་ཁྲི་ལ་ཕེབས་ལོར་རབས་བྱུང་དང་པོ་མེ་ཡོས་ནས་བརྩི་བའི་ཐ་སྙད་ཆགས། དེ་བཞིན། རིགས་ལྡན་བཅུ་གཉིས་པ་ནས་ཉེར་ལྔའི་བར་དུ་ཡང་ལོ (༡༠༠) རེར་ཁྲིར་བཞུགས་ནས་ཆོས་སྟོན་ཞིང་། ད་ལོ་ནི། རིགས་ལྡན་ཉེར་གཉིས་པ་ཁྲི་ལ་བཞུགས་ནས་ལོ (༩༣) འགོར་བའི་ཉིན་མོ་ཡིན། སྐྱེས་བུ་འདི་དག་ནི་དུས་འཁོར་རྩ་རྒྱུད་ལས་ལུང་བསྟན་ཞིང་ཤམྦྷ་ལར་བཞུགས་པའི་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་སྟེ། གདན་རབས་སུམ་ཅུ་རྩ་གཉིས་སུ་གྲགས་པ་དེ་ཡིན་ལ། འདི་དག་གི་ཁྲི་ལོ་ངོས་འཛིན་ལ་བརྟེན་ནས་དུས་འཁོར་ལུགས་ཀྱིས་སྟོན་པ་བཀའ་དྲིན་ཅན་འདས་ལོ་བརྩི་ཐབས་བླ་ན་མེད་པ་དེ་བྱུང་བ་ལགས།
འོ་ན་འཕགས་ཡུལ་རྒྱ་གར་དུ་དཔལ་དུས་ཀྱི་འཁོར་ལོ་ཅི་ལྟར་དར་ཞིང་རྒྱས་པར་གྱུར་རོ་སྙམས་ན། གྲུབ་ཆེན་དྲིལ་བུ་པ་དང་བིར་ཝ་པ་སོགས་ཀྱིས་དུས་འཁོར་གྱི་གཞུང་ལ་སྤྱོད་པར་སྣང་ཞིང་། གྲུབ་ཆེན་བིར་ཝི་པ་ནི་སྤྱི་ལོ (༨༣༧ ནས ༩༠༩) བར་བཞུགས་ཤིང་། འཁྲུངས་འདས་ཀྱི་ལོ་ཚིགས་དེར་དཔྱད་ན། དུས་རབས་བརྒྱད་པ་དགུ་པའི་སྐབས་སུ་ཡང་འཕགས་ཡུལ་དུ་དུས་འཁོར་སྤྱོད་པའི་སྐྱེས་བུ་ཡོད་པ་ཤེས་ནུས། འོན་ཀྱང་འཕགས་ཡུལ་དུ་དུས་འཁོར་འཕེལ་ཞིང་རྒྱས་པའི་དུས་ནི། དུས་འཁོར་བ་གྲགས་པའི་སློབ་དཔོན་ཙི་ལུ་པ་དང་དུས་ཞབས་པ་གཉིས་ཀྱི་རིང་ཡིན་ལ། སློབ་དཔོན་རྣམས་གཉིས་ཀྱིས་ཤམྦྷ་ལའི་ཡུལ་དུ་དུས་འཁོར་ཇི་ལྟར་གསན་པ་དང་། རིགས་ལྡན་གང་ལས་གསན་པ་སོགས་ལ་བཞེད་ཚུལ་མི་འདྲ་བ་དུ་མར་སྣང་ཞིང་། ཕུག་པ་བའི་ལུགས་ལ་ཡང་རྭ་འབྲོ་སོགས་ཀྱི་ངོས་འཛིན་མི་འདྲ་བ་མང་དུ་བྱུང་འདུག་མོད། ཁོང་རྣམས་གཉིས་ནི་ནཱ་ལེནྡྲའི་མཁས་པ་སྒོ་དྲུག་དང་དུས་མཉམ་གྱི་སྐྱེས་བུ་ཡིན་ཏེ། མཁས་པ་སྒོ་དྲུག་གི་ཡ་གྱལ་བྱང་སྒོ་སྲུང་བའི་པཎྜི་ཏ་ནཱ་རོ་པས་ཀྱང་སློབ་དཔོན་དུས་ཞབས་པ་ཆེ་བའི་མདུན་ལ་གཏུག་ནས་དབང་རྒྱུད་མན་ངག་མང་དུ་གསན་ཏེ་དུས་འཁོར་གྱི་རྒྱུད་འགྲེལ་སོགས་མཛད་པར་སྣང་བའི་ཕྱིར་ལ། དེ་བས་དུས་རབས་བཅུ་གཅིག་པ་ཙམ་ལ་འཕགས་ཡུལ་དུ་དུས་འཁོར་གྱི་བསྟན་པ་དར་ཞིང་རྒྱས་པར་སྣང་སྟེ། ནཱ་རོ་པ་ནི་དུས་རབས་བཅུ་གཅིག་པའི་ནང་དུ་ཕྱི་ནང་གི་པཎྜི་རྣམས་ཀྱིས་རྩོད་པར་མི་ནུས་པས་རྩོད་མེད་ཀྱི་པཎ་གྲུབ་དེ་ཡིན་པས་སོ།། དེ་དག་གི་ལོ་ཚིགས་ལ་བརྟགས་ན་ཙི་ལུ་པ་དང་དུས་ཞབས་པ་རྣམས་གཉིས་ཀྱིས་རིགས་ལྡན་ཉི་མ་དང་རིགས་ལྡན་སྣ་ཚོགས་གཟུགས་གང་རུང་གི་མདུན་དུ་གཏུག་ནས་དུས་འཁོར་གསན་པ་འདྲ་མོད། གསལ་ཞིང་ཐང་བ་ནི་བཤད་པར་མ་ནུས་པས་དཔྱོད་ལྡན་དག་གིས་དཔྱད་འཚལ། གཞན་ཡང་། དུས་ཞབས་པ་ཆེན་པོའི་དངོས་སློབ་དུས་ཞབས་པ་ཆུང་བའམ་ཤྲཱི་བྷ་དྲ་བོ་དྷི་དང་། བརྒྱུད་པའི་སློབ་མ་ཨ་བྷ་ཡ་ཀཱ་ར་སོགས་ཀྱི་སྐབས་སུ། འཕགས་ཡུལ་གྱི་སློབ་གླིང་ཆེན་པོ། ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལ་གཉིས་སུ་དུས་འཁོར་གྱི་འཆད་ཉན་དར་ཞིང་རྒྱས་པར་བྱུང་འདུག་གོ།།
འོ་ན། བོད་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོ་ཅི་ལྟར་བསྒྱུར་ཞིང་འཕེལ་རྒྱས་སུ་བྱུང་ངོ་སྙམ་ན། རབ་བྱུང་དང་པོ་དང་། སྤྱི་ལོ (༡༠༢༧) ལོར་གྱི་ཇོ་ལོ་ཙཱ་བས་དུས་ཞབས་པ་ཆུང་བ་གདན་དྲང་དེ། དཔལ་དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་དང་བཅས་པ་བོད་ཡིག་དུ་བསྒྱུར་ཞིང་། དེའི་རྗེས་སུ། རྭ། འབྲོ། ཙཱ། ཤོང་སོགས་ཀྱིས་དུས་འཁོར་གྱི་རྒྱུད་བོད་ཡིག་ཏུ་ཨ་འགྱུར་ཡང་འགྱུར་མཛད་ལ། མཐར་བསྡོམ་པས་སྔ་ཕྱིར་འགྱུར་མི་འདྲ་བ་ཉེར་བདུན་ཙམ་བྱུང་འདུག་སྐད། རབ་བྱུང་གསུམ་པ་དང་། སྤྱི་ལོ (༡༢༠༥) ལ་ས་སྐྱའི་རྗེས་བཙུན་གྲགས་པ་རྒྱལ་མཚན་གྱིས་དུས་ཚོད་ངེས་བཟུང་དང་གཟའ་སྐར་འཕྲོད་མིན་གྱི་རྣམ་བཞག་ཁོལ་བྱུང་གི་བསྟན་བཅོས་མཛད་ཅིང་། འདི་ནི་དུས་འཁོར་ནས་བརྒྱུད་དེ་དར་བའི་བོད་ཀྱི་དཀར་རྩིས་བསྟན་བཅོས་ཐོག་མ་དེ་ཡིན་འདུག དེའི་རྗེས་སུ་ཆོས་རྗེ་ས་སྐྱ་པཎྜི་ཏས་ང་བརྒྱད་མའི་རྩ་འགྲེལ་ལ་གཞུག་ན"དུས་སྦྱོར་ངས་ཤེས"ཞེས་དང་། འགྲེལ་བར་ཡང་། ཡི་གེའི་ཡན་ལག་ལྔ་དང་རྩིས་ཀྱི་ཡན་ལག་ལྔ། གཟའ་ལྔ་སོ་སོའི་མྱུར་བ་སོགས་ལེགས་པར་ཤེས་པར་གསུང་བས་དུས་སྦྱོར་གྱི་མཁས་པ་དམིགས་བསལ་བ་ཞིག་ཀྱང་ཡིན་པ་ཤེས་ཐུབ། རབ་བྱུང་བཞི་པ་དང་། སྤྱི་ལོ (༡༢༦༠) ཙམ་གྱི་རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ལྔ་བསྡུས། སྒྲ་གཅན། གཟའ་ལྔ་དང་བཅས་པའི་རྩིས་གཞི་དུས་འཁོར་གསལ་བའི་སྒྲོན་མེ་སོགས་བརྩམས་ཤིང་། རྒྱ་ནག་གི་ཧྭང་ལེ 黄历དཔེར་བྱས་ཤིང་དཔལ་དུས་འཁོར་གྱིས་བརྩི་ཐབས་སོགས་ལ་བརྟེན་ནས། བོད་ཀྱི་ཞིང་འབྲོག་མི་དམངས་ལ་ཕན་ཐོག་པའི་བོད་ཀྱི་ལོ་ཐོ་ཐོག་མ་སྟེ་ས་སྐྱའི་ལོ་ཐོ་འདོན་སྤེལ་བྱས། རབ་བྱུང་ལྔ་པའི་སྐབས་སུ་ཡང་ཀརྨ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་སོགས་རྩིས་གཞུང་ལ་དམིགས་ཀྱིས་མཁས་པའི་སྐྱེས་བུ་བྱོན་ནས་རྩིས་གཞུངས་སྣ་ཚོགས་མཛད་ཅིང་། ལག་ལེན་ཕྱག་སྲོལ་ཡང་རྒྱ་ཆེར་གནང་། རབ་བྱུང་བདུན་པ་དང་། སྤྱི་ལོ (༡༤༢༥) ལོར་མཚུར་ཕུ་འཇམ་དབྱངས་ཆེན་མོས་གྲུབ་རྩིས་དང་བྱེད་རྩིས་གཉིས་ཀྱིས་སྲོལ་བཏོན་ཞིང་མཚུར་ལུགས་རྩིས་གཞུང་ཆེན་པོ་བརྩམས་ཏེ། མཚུར་ཕུའི་ལོ་ཐོ་ཞེས་བོད་ཀྱི་ཐེངས་གཉིས་པའི་ལོ་ཐོ་འདོན་སྤེལ་བྱས། རབ་བྱུང་བརྒྱད་པའི་ནང་དུ་ཕུག་པ་རྒྱ་མཚོ་རྣམས་གསུམ་རྩིས་སྟོན་མི་ཉག་རྒྱལ་མཚན་ལ་གཏུག་ནས་ཕུག་ལུགས་རྩིས་ཀྱི་སྲོལ་རྒྱ་ཆེར་དར་བར་བྱས་ཤིང་། ཕུག་པ་ལྷུན་གྲུབ་རྒྱ་མཚོས་རྩིས་གཞུང་པད་དཀར་ཞལ་ལུང་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་དེའི་བུ་ཡུག་དང་ལྷན་ཐབས་སོགས་བརྩམས་ནས་ཕུག་ལུགས་དར་ཞིང་རྒྱས་པར་བྱུང་། རབ་བྱུང་བཅུ་གཅིག་པའི་སྨད་དང་བཅུ་གཉིས་པའི་མགོར་རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སོགས་ཀྱིས་ཕུག་ལུགས་གཙོ་བོར་བཟུང་ནས་དཀར་ནག་རྩིས་ཀྱི་འགྲེལ་བ་སྣ་ཚོགས་བརྩམས་ཤིང་། ལོ་ཆེན་གྱིས་བོད་ཀྱི་ལོ་ཐོ་ཐེངས་གསུམ་པ་སྨིན་གླིང་ལོ་ཐོ་འདོན་སྤེལ་བྱས་ཏེ་དེ་ཉིད་དབུས་སུ་དར་ཁྱབ་ཧ་ཅང་ཆེ་བར་གྲགས། རབ་བྱུང་བཅུ་གཉིས་པའི་ནང་དུ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཚུར་ལུགས་གཙོ་བོར་བཟུང་ནས་འབྱུང་རྩིས་ཉེར་མཁོ་སོགས་བརྩམས་ཤིང་། རྒྱ་རྩིས་གསར་མ་འགའ་ཡང་ཁ་སྐོང་བྱས་ཏེ། བོད་ཀྱི་ལོ་ཐོ་བཞི་པ་དཔལ་སྤུང་ལོ་ཐོ་འདོན་སྤེལ་བྱས། རབ་བྱུང་བཅོ་ལྔ་པའི་ནང་དུ་ལྷ་ས་སྨན་རྩིས་ཁང་གསར་ཏུ་བཙུགས་ཤིང་མཁས་དབང་མཁྱེན་རབ་ནོར་བུ་སོགས་ཀྱིས་བོད་ཀྱི་ལོ་ཐོ་ཐེངས་ལྔ་པ་སྟེ། དར་ཁྱབ་ཤིན་ཏུ་ཆེ་བའི་ད་ལྟའི་ལྷ་སའི་ལོ་ཐོ་འདོན་སྤེལ་བྱས། དེའི་རྗེས་སུ། བོད་ཀྱི་ཡུལ་ལུང་དགོན་སྡེ་སོ་སོར་རང་རང་གི་ས་ཁུལ་མི་འདྲ་བའི་རང་བྱུང་གི་འགྱུར་བ་དང་དགོས་མཁོ་གསར་སྣོན་བྱས་ཏེ་ལོ་ཐོ་སྣ་ཚོགས་བྱུང་བས་སོ་ནམས་ཞིང་འབྲོག་གི་ལས་དང་གཟའ་སྐར་འཕྲོད་སྦྱོར་གྱི་རྟེན་འབྲེལ་ཤེས་པ་ལ་ཡང་ཕན་ཐོག་རྒྱ་ཆེ་བར་བྱུང་། རབ་བྱུང་བཅུ་བདུན་པའི་ནང་དུ་རྫོང་སར་ཁམས་བྱེའི་སློབ་དཔོན་ཟླ་བ་ནོར་བུ་སོགས་ཀྱིས་གྲུབ་རྩིས་ཕུག་ལུགས་གཙོ་བོར་བྱས་ཏེ་ད་ལྟའི་རྫོང་སར་བོད་ཀྱི་ལོ་ཐོ་འདི་ཉིད་འདོན་སྤེལ་བྱས་པ་ལགས་ཤིང་། སྤྱིར་ན་རབ་བྱུང་དང་པོ་ནས་རབ་བྱུང་བཅུ་བདུན་པའི་བར་གྱི་རབ་བྱུང་སོ་སོའི་ནང་དུ་བོད་ལ་དུས་འཁོར་ནས་བརྒྱུད་པའི་ཨང་རྩིས་སམ་གནམ་རིག་དཀར་རྩིས་ལ་མཁས་པ་ཕུལ་དུ་བྱུང་བ་མང་པོ་བྱོན་ཞིང་རྩིས་གཞུང་སྣ་ཚོགས་བརྩམས་པར་གནང་འདུག་མོད། ལོ་ཐོའི་ལག་ལེན་ནི་གནམ་རིག་སྐར་དཔྱད་ཀྱི་སྙིང་པོ་བསྡུས་དོན་ལྟ་བུ་ཞིག་ཡིན་ལ། གཟའ་ལྔ། ཁྱིམ་གསུམ། ལྔ་བསྡུས། སྒྲ་གཅན་སོགས་ཀྱི་དོན་གནད་མཐའ་དག་ཀྱང་དེར་འདུས་འདུག་པས། འདི་རུ་རྩིས་ལུགས་འདྲ་མིན་དང་། ལོ་ཐོ་བྱུང་འཕེལ་གྱི་རབ་བྱུང་རྐྱང་བ་ཙམ་ངོས་འཛིན་གནང་བ་ཡིན། རབ་བྱུང་སོ་སོའི་སྐབས་སུ་བརྩམས་པའི་རྩིས་གཞུང་དང་མཁས་པ་སོགས་རེ་རེ་བཞིན་ཤེས་པར་འདོད་ན་བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་སོགས་ལས་ཤེས་པར་བྱའོ།།
ཡང་སྤྱི་ལོའི་སྔོན་ལོ (༨༣༧) ལ་གནས་མཆོག་རི་བོ་རྩེ་ལྔར་འབྱུང་རྩིས་ཀྱི་སྟོན་པ། ཤེས་རབ་ཀྱི་ལྷ་མཆོག འཇམ་དཔལ་དབྱངས་ཉིད་སྐུ་འཁྲུངས། ཁོང་གིས་གནས་ཁྱད་པར་ཅན་དེ་ནས་རྩིས་ཀྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར་ཞིང་། འཇིག་རྟེན་འདི་ཉིད་སྲིད་པའི་རུས་སྦལ་ཆེན་པོ་ཞིག་གི་གཟུགས་སུ་བཀོད་ནས་རྩིས་ཀྱི་རྒྱུད་ཆེན་ལྔ་སྟེ། ཤིང་རྒྱུད། མེ་རྒྱུད། ས་རྒྱུད། ལྕགས་རྒྱུད། ཆུ་རྒྱུད་བཅས་གསུངས་སོ།། དེ་ནས་རྒྱ་ནག་ཏུ་འབྱུང་རྩིས་རིམ་བཞིན་དར་ཞིང་ཐང་རྒྱལ་རབས་ཀྱི་སྐབས་སུ་སྤར་ཁ་དང་ལོ་སྐོར་བརྩི་ཐབས་སོགས་ཀྱང་ཧ་ཅང་དར་ཞིང་རྒྱས་པར་བྱུང་འདུག འོ་ན་དེ་ཉིད་བོད་དུ་ཅི་ལྟར་འགྱུར་རོ་སྙམ་ན། སྤྱི་ལོ (༦༡༧ ) ལོའི་རྗེས་སུ་བྷོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོག་མར་དར་མགོ་ཚུགས་ཏེ། རྒྱ་ནག་ཀོང་ཇོ་རྒྱལ་པོའི་བཙུན་མོར་བསུ་སྐབས་རྒྱ་ཡིས་སྤོར་ཐང་བརྒྱད་ཅུའི་གབ་རྩེ་དང་། ལེགས་ཉེས་སྟོན་པའི་མེ་ལོང་གབ་རྩེ་གཙུག་ལག་སུམ་བརྒྱ་རྫོངས་སུ་བརྫངས་ཤིང་། དེ་དག་མཁས་པ་ཁྱུང་པོ་ཙི་ཙི་སོགས་ཀྱིས་བོད་ཡིག་ཏུ་བསྒྱུར། དེའི་རྗེས་རྒྱ་ཡི་སློབ་དཔོན་དུ་ཧར་ནག་པོ་བོད་དུ་ཐེངས་འགར་ཕེབས་ནས་རྩིས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་ལ། རྒྱུད་འགྲེལ་དམར་ཆུང་སྟག་མགོ་ཞེས་པ་ཡང་བརྩམས་གནང་མཛད། དེ་ནས་བོད་དུ་ཧཱེང་ལེ黄历བརྩི་སྲོལ་ཡང་ཆག་སྐད རིམ་བཞིན་དགེ་སློང་ནམ་སེང་དང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་ཀྱིས་ནག་རྩིས་ཀྱི་འགྲེལ་བ་མང་དུ་བརྩམས་གནང་འདུག་ཅིང་། རིམ་བཞིན་བོད་ཡུལ་འདིར་སྤྱིར་རྩིས་རིགས་དང་བྱེ་བྲག་ནག་རྩིས་ལ་མཁས་པའི་སྐྱེས་བུ་མང་པོ་བྱོན་ཏེ་བོད་ཀྱི་འབྱུང་རྩིས་རིག་གནས་འཕེལ་ཞིང་རྒྱས་པ་འདི་རེད། མདོར་ན། རྩིས་རིག་གི་བྱུང་འཕེལ་རེག་ཙམ་གླེང་བ་ལ་བརྟེན་ནས་འཇིག་རྟེན་སྐྱེ་འགྲོ་རྣམས་ཀྱིས་ཕྱི་ནང་གཞན་གསུམ་གྱི་གནད་གསང་གྲོལ་དེ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཞིང་དུ་སྐྱེ་བར་ཤོག་ཅིག ཅེས་པ་འདི་ནི་ཆོས་མཐུན་རྩིས་གྲོགས་ཀུན་གྱིས་བསྐུལ་བ་ལ་བརྟེན་ནས་རབ་ལོ (༩༩༤) སྟེ་ཀུན་ལྡན་ལྕགས་བྱི་ལོའི་མགོ་ཟླ་བའི་ཡར་ཚེས་བཅུ་བཞིའི་ཉིན་རང་ཤག་རིག་པའི་ལྡང་ཁང་ནས། ཤར་མི་ཉག་པ་ཤཱཀྱའི་དགེ་ཚུལ"བསྟན་འཛིན་འཕྲིན་ལས་རྣམ་རྒྱལ"ལམ"མྱི་གསར་བ"རུ་འབོད་པས་བྲིས་གྲུབ་པར་བྱས་པས་དགེ་ལེགས་འཕེལ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease