དཔའ་བོའི་སྙིང་གཏམ།
རྩོམ་པ་པོ། མྱི་གསར་བ།
རྩོམ་པ་པོ། མྱི་གསར་བ།
དཔའ་བོའི་སྙིང་གཏམ། ལྷུག་རྩོམ།
མྱི་གསར་བ། མི་ཉག
༡
སེམས་ཀྱི་རྒྱལ་ཁབ་འཇིག་ལ་ཉེ་བའི་དུས་འདིར། མཛངས་ཤིང་དཔའ་བ་ནི་འཐབ་རྩོད་ལ་མཁས་པ་དང་རྒྱས་སྤྲོས་ལ་དགའ་བ་གང་ཡང་མ་རེད། བཟང་སྤྱོད་དབེན་པའི་གྲིབ་གཟུགས་འདི་དང་རིག་གནས་སྟོང་བའི་རྣམ་ཤེས་དེ་ནི་དཔའ་བོའི་རིགས་རྒྱུད་མིན། མཁས་པའི་རྗེས་འཇུག་མིན། སྐྱེས་བུ་ལགས། ངས་འདི་ནས་ཁྱོད་ལ་སྙིང་གཏམ་འགའ་བཤད་འདོད། སྙིང་གཏམ་བཤད་པ་ནི་སེམས་པ་རང་དབང་ལ་ཕྱོགས་པའི་རྟགས་མཚན་དང་། སེམས་ཉིད་ངལ་གསོ་བཟོ་བའི་བཅོས་ཀ་ཙམ། ད་ལྟ་ང་ནི་ཕུགས་བསམ་ཡོད་ཀྱང་སེམས་པ་བདེ་ཐང་མིན་པའི་མི་ཞིག་ཡིན། ད་ལྟ་ང་ནི་འཇིག་རྟེན་གནས་ལུགས་ཤེས་ཀྱང་འཚོ་བའི་ལག་ལེན་མེད་པའི་མི་ཞིག་ཡིན། ངས་ད་ལྟ་སྐྱེ་བ་ནི་འཆི་བ་ཡིན་པ་ཤེས་ལ། བདེན་པ་ནི་རྫུན་མ་ཡིན་པ་ཤེས། བདེ་སྐྱིད་ནི་སྡུག་བསྔལ་ཡིན་པ་ཤེས་ལ། ཚད་མ་ནི་འཁྲུལ་ཤེས་ཡིན་པ་ཤེས། དེ་དག་གིས་ཅི་བྱ། རེ་སྨོན་སྟོང་བའི་འཇིག་རྟེན་འདི་ནས་ང་ནི་གཏམ་རྒྱུད་ལ་གཡེང་སྟེ་སེམས་ཀྱི་གནས་མལ་དུ་ལོག་ཐབས་བྲལ། སེམས་ཀྱི་རྒྱང་རིང་མཐའ་དག་རྒྱང་རིང་གིས་ཆོད་ཅིང་ཕུགས་བསམ་མཐའ་དག་དངོས་ཡོད་ཀྱི་རི་མོས་བསྒྲིབས། ང་ནི་སྨིག་རྒྱུའི་ཁྲོད་ཀྱི་རི་དྭགས་བཞིན་ཤར་ནུབ་མེད་པར་ཡང་ཡང་བརྒྱུགས་ཀྱང་ཉམས་དགའ་བའི་ཕ་ཡུལ་རྙེད་ཐབས་མ་བྱུང་། ང་ནི་མྱ་ངམ་ཐང་གི་དམུས་ལོང་བཞིན་གོམ་པའི་གདེགས་འཇོག་ལྷོད་པ་མེད་ཀྱང་ཕུ་ཆོད་པའི་ལམ་སྣེ་ཟིན་པར་མ་བྱུང་། ངས་དུས་རབས་ཤིག་གི་སྐྱོ་གདུང་སྙིང་ལ་བཅངས་ཤིང་། ན་ཚོད་ཅིག་གི་འགན་འཁྲི་ཕྲག་ལ་ཁུར་ནས་རང་ཚོད་ཀྱིས་བདེན་པ་སྲུང་ཞིང་རང་ཚོད་ཀྱིས་ནམ་མཁར་ཚོན་མདངས་བྱུགས། ངས་མུན་པའི་ཁྲོད་ནས་འོད་སྣང་ལ་གསོལ་བ་བཏབ་ཅིང་། དཀའ་ངལ་ཁྲོད་ནས་སང་ཉིན་ལ་རེ་བས་བལྟས། ངས་ད་ལྟའི་དུས་ཚོད་གཅེས་ཤིང་སྐྱོང་བཞིན་རྫོགས་ལྡན་གྱི་མ་འོངས་པའི་ཡོད་ཚད་བློས་བསླངས་བྱས། དེ་བས་འཇིགས་དགོས་པ་ནི་མི་ཚེའི་རྒྱལ་ཕམ་དང་ཤོར་བཞིན་པའི་ལང་ཚོ་མ་རེད། དེ་བཞིན་འཆི་བའི་ཆོས་ཉིད་དང་ན་ཚའི་མནར་གཅོད་མ་རེད། འཇིགས་དགོས་པ་ནི། གཅེས་པའི་དུས་ཚོད་ཀྱི་མདའ་རྩེ་རྣམ་གཡེང་ངང་ཤོར་བ་དང་། ལྷག་བསམ་རྫུན་མའི་སློབ་གསོའི་ཁྲོད་ནས་ལས་དབང་གི་ན་ཚོད་སད་མ་གཉིད་ཀྱི་ངང་མཇུག་རྫོགས་དགོས་པ་དེ་རེད་ལ། འཇིགས་དགོས་པ་ནི། འཁྲབ་གཞུང་བཅོས་མའི་ལེ་ཚན་ལ་བསྟོད་བསྔགས་ཀྱི་ལེགས་སྐྱེས་འབུལ་ཞིང་། སོམ་ཉི་དང་འཚོལ་ཞིབ་མེད་པར་དངོས་བྱུང་ལོ་རྒྱུས་ཀྱི་བདེན་པ་ལ་རྡོག་རྫིས་གནང་བའི་འཇིག་རྟེན་སྐྱོ་གར་གྱི་རྣམ་བཞག་དེ་རེད་དོ།།
༢
ཞིབ་ཏུ་བསམ་ན། ད་ལྟ། རིག་གནས་ཀྱི་བདེན་པ། རྒྱུ་འབྲས་ཀྱི་བློ་མིག མཉམ་གནས་ཀྱི་ལྟ་བ་བཅས་ནི་སྐྱེས་བུ་དམ་པའི་གསུངས་རབ་ལས་ཡང་ཡང་མངོན་པའི་ཐ་སྙད་ཅིག་ལས། མིག་གིས་མཐོང་ཆོག་ཅིང་ལག་པས་རེག་ཆོག་པའི་འདིར་སྣང་གི་དངོས་ཡོད་ཅིག་མིན་པ་འདྲ་ལ། ཁ་གཡང་དང་རེ་སྨོན་ཙམ་ལ་བརྟེན་ནས་ཐོབ་སྲིད་པའི་ཆོས་ཉིད་ཅིག་མིན་ངེས་རེད། དེ་བས་ང་རང་རིག་གནས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ནར་སོན་པར་འདོད་ཅིང་། འབད་བརྩོན་གྱི་ཆུ་རྒྱུན་ཀློང་ནས་ཚེ་སྲོག་གི་བཞུད་ལམ་བརྒལ་བར་འདོད། དེ་བཞིན་ངས་འཇིག་རྟེན་འདིའི་བདེན་པའི་མེ་ཁ་གསོས་ཏེ་མི་རྣམས་ལ་རེ་བའི་གཤོག་ཟུང་གནང་བར་སྟོང་འདང་བརྒྱབ་ཅིང་། འཇིག་རྟེན་འདིའི་རྫུན་མ་མཐའ་དག་རྩད་ནས་བཅོམ་སྟེ་མཉམ་གནས་ཀྱི་ཆོས་ཉིད་ལ་ལེགས་པར་འཇུག་ཆོག་པའི་སྒོ་འཕར་ཕྱེ་བར་འདོད། དེ་བཞིན་ངས་གཟི་བརྗིད་ལྡན་པའི་རྣམ་རིག་གི་རྒྱལ་ཁབ་བཙུགས་ཤིང་། ཤེས་རིག་གི་དཔལ་འབར་བའི་རྫོགས་ལྡན་གྱི་དུས་ཚོད་གསར་བ་བསུ་མ་བྱེད་འདོད། ཨོ། རེད་ཡ། དེ་ནི་ངའི་སྟོང་བསམ་ཁྲོད་ཀྱི་འཇའ་ཚོན་ཡིན་སྲིད་ལ། རྨི་ལམ་ཁྲོད་ཀྱི་རྒྱལ་ཁ་ཡིན་སྲིད་དེ། དུས་འདིར་སྐྱག་རྫུན་གྱི་ཀུན་སྤྱོད་སྟོང་བའི་སྙིང་ཁམས་ཅན་དག དཔུང་དང་དཔུང་བསྒྲིགས་ནས་བདེན་པ་རྡོག་རྫིས་གཏོང་བ་ལ་ཐེ་མི་ཚོམ་པར་ཧམ་སེམས་ཀྱི་སྨྱོ་ཁམས་རབ་ཏུ་རྒྱས་ཡོད་ཅིང་། རིག་གནས་དང་གོམས་གཤིས་ངན་པས་རྨོངས་བ་ལས་གྲོལ་མེད་པས་སོ།། ཁ་ལག་འགལ་བའི་རྒྱུ་འབྲས་བརྩི་སྲུང་གི་འབོད་སྐད་སྟོང་བ་ལ་གོམས་ཡོད་པས་སོ།། འོན་ཀྱང་། དེ་ལྟའི་རྒྱུ་འབྲས་བརྩི་སྲུང་དབེན་པའི་འབོད་སྐད་སྟོང་བའི་ཁྲོད་ནས་ཤེས་རབ་དང་འབད་བརྩོན་བརྒྱ་འགྱུར་དུ་བསྐྱེད་ནས་ཀྱག་ཀྱོག་གི་གཡང་གཟར་འདི་ཉིད་བརྒལ་དགོས་པ་ཡིན་ཨང་། དེ་བས་ངས་བཞུར་གྱིན་པ་ནི་ལོ་ཟླ་ཡིན་པ་ལས་རྔུལ་ཆུ་ཡིན་པ་མ་ཚོར་ལ། འཚོལ་བཞིན་པ་ནི་འོད་སྣང་ཡིན་པ་ལས་རྒྱང་རིང་ཡིན་པ་མ་བསམ། ཚེ་སྲོག་གི་ཁྲག་རྒྱུན་མཐའ་མེད་དུ་བཞུར་ཆོག་ལ། དུས་ཚོད་ཀྱི་མདའ་རྩེ་བར་མེད་དུ་འཁོར་ཆོག ལས་དབང་གི་སྐྱོ་གར་ལ་འཁང་ར་བྱ་མི་སྲིད་ཅིང་། ཆོས་ཉིད་ཀྱི་མནར་གཅོད་ལ་དངངས་སྐྲག་སྐྱེ་མི་སྲིད། དེ་ནི་ངས་ཡོད་ཚད་རང་ཉིད་ནས་འགོ་རྩོམ་དགོས་ཤིང་། ཡོད་ཚད་རང་ཉིད་ནས་མཇུག་བསྡུ་དགོས་པའི་གནས་ལུགས་ཤེས་པས་ཡིན་སྲིད་ལ། འདིར་སྣང་གི་རྣམ་ཤེས་འདི་ཉིད་མི་རྟག་པ་དང་ཆོས་ཉིད་ཀྱི་ར་བ་ལས་ཐར་མ་ཐུབ་པ་ཅི་སྲིད་དུ་མྱོང་དགོས་པའི་འཁོར་བའི་རོ་དང་བྲོ་བ་ཨེན་ཙམ་ཤེས་པས་ཀྱང་ཡིན་སྲིད། དེ་བཞིན། སྐྱེ་བ་གཅིག་ལ་ཐེངས་གཅིག་ལ་དབང་བའི་ལང་ཚོ་འདི་ཡང་། རེ་དོགས་ཀྱི་ཁུར་བོ་ལྗིད་དྲག་ཅིང་རེ་སྨོན་གྱི་རྨི་ལམ་མང་དྲག་པས་ང་ཚོའི་འབད་བརྩོན་དང་ཨུ་ཚུགས་ཀྱི་ཁྲོད་ནས་ཡལ་དགོས་བྱུང་ཞིང་། ངན་ངོན་དང་ཆོག་ཤེས་ཀྱི་ངང་ནས་འདའ་དགོས་བྱུང་། ཤེས་སམ། དེ་ནི་ངས་འཁང་ར་དང་འགྱོད་གདུང་མ་ཡིན་པར་ནང་སེམས་འོད་སྣང་ལ་ཕྱོགས་པའི་རྟགས་མཚན་དང་། དུས་ཚོད་ལ་དགའ་བའི་དཔའ་བོ་ཞིག་གི་སེམས་ཀྱི་སྒྲ་དབྱངས་ཡིན་ཞེས་སྨྲ་ཡང་སྤོབས། འོན་ཀྱང་སྐབས་རེར་ཨུ་ཚུགས་དང་ཚུལ་འཆོས་ཆེ་བའི་མི་ཚེ་འདི་ལ་སྙིང་ནས་སུན་ཡང་འཚོ་བ་ནི་སྔར་བཞིན་རོལ་དགོས་བྱུང་། ཕུགས་བསམ་ནི་སྔར་བཞིན་སྲུང་དགོས་བྱུང་། དབུགས་རྒྱུན་ནི་སྔར་བཞིན་སྐྱོང་དགོས་བྱུང་། དེ་ལྟར་ཤེས་རྗེས་དེ་ལྟར་མི་ཐུབ་པ་ནི་རིག་གནས་ཀྱི་མནར་གཅོད་ཡིན་ནོ།། དེ་ལྟར་རྟོགས་རྗེས་དེ་ལྟར་མི་སྒྲུབ་པ་ནི་ཤེས་ཡོན་གྱི་མནར་གཅོད་རེད་དོ།།
༣
འཇིག་རྟེན་འདིར་མཐའ་གཅིག་ཏུ་བདེན་པ་སྲུང་བའི་མི་མེད་ལ། མཐའ་གཅིག་ཏུ་རྒྱུ་འབྲས་བརྩི་བའི་མི་མེད། འོན་ཀྱང་ངེས་དོན་གྱིས་བདེན་པ་སྲུང་བའི་མི་ནི་འཇིག་རྟེན་གྱི་རྣམ་བཞག་ལས་ཐར་བའི་འཕགས་མི་ཞེས་པ་དེ་ལགས། འཕགས་མིའི་བློ་གྲོས་དང་བྱམས་བརྩེ་ལ་བརྟེན་ནས་འཇིག་རྟེན་ཡང་དག་སྐྱོང་བའི་རྣམ་ཐར་བྱུང་ཞིང་། མི་གཤིས་ཀྱི་གཏིང་ལ་ཟུག་པའི་བདེན་སྐྱོང་གི་བསམ་གཞིག་འཁྲུངས་བ་ཡིན། དེ་བཞིན། འཕགས་མིའི་ཤེས་རབ་དང་། འཕགས་མིའི་ཀུན་སྤྱོད་ལ་དགའ་བའི་མིས་ཀྱང་ད་གཟོད་བདེན་པ་གླེང་ངེས་ཤིང་། བདེན་པའི་རྣམ་བཞག་སྐྱོང་བར་འབད་པར་བྱེད་ངེས། བདེན་དོན་གཙོ་བོ་ལྟ་སྤྱོད་དུ་འཛིན་པའི་མི་རྣམས་ནི་འཇིག་རྟེན་འདིིའི་ཆེས་རྒྱལ་ཁ་ཐོབ་པའི་མི་དང་ལེགས་གྲུབ་བྱུང་བའི་མི་ཡིན་པའི་ངེས་པ་མེད་ནའང་། བདེན་དོན་གཙོ་རྒྱུགས་སུ་འཛིན་པའི་མི་ཁོ་ན་འཇིག་རྟེན་འདིའི་དྭངས་གཙང་དང་ལྷད་མེད། དགེ་བ་དང་ཡང་དག་པའི་མི་ཡིན་ནོ།། འོན་ཀྱང་ད་ལྟར། བདེན་པ་གཙུག་ཏུ་བཀུར་མཁན་ནི་ཉུང་། རྒྱུ་འབྲས་མིག་བཞིན་སྲུང་མཁན་ནི་དབེན། གནས་ལུགས་དོན་བཞིན་སྨྲ་མཁན་ནི་མེད། མི་རྣམས་སྤྱི་ཚོགས་འདིའི་ལྦུ་བ་སོབ་སོབ་ཀྱི་འཚོ་བའི་ཁྲོད་ནས་བཅོས་རྫུན་ལ་གོམས་ཤིང་། གཡོ་སྒྱུ་དང་བསླུ་བྲིད་ཀྱི་དབང་དུ་གྱུར་ཏེ་རིག་གནས་ཀྱི་བདེན་པ་སྲུང་མཁན་ནི་ཉིན་མོའི་སྐར་མ་བཞིན་འགྱུར་བཞིན་པ་ནི་ཅི་འདྲའི་སྐྱོ་ཨང་། ཤེས་སམ། དུས་ངན་གྱི་མཚོན་རྟགས་ནི། ས་ཆུ་མེ་རླུང་གི་འཇིག་པ་བསྟུད་མར་བྱུང་བ་དང་། ནད་ཡམས་དམག་འཁྲུག་གི་མུ་གེ་ཛ་དྲག་བྱུང་བ་ཁོ་ན་མ་རེད། དེ་ལྟར་བཤད་དོན། ཁྱེད་རང་གནས་པའི་དུས་རབས་དང་སྤྱི་ཚོགས། ཁོར་ཡུག་དང་ལྟ་ཚུལ་གྱི་ཁྲོད་དུ། དཔྱོད་ཤེས་ཀྱི་མིག་ལྡོངས་ཤིང་། བཅོས་རྫུན་གྱི་གར་འཁྲབ་ལ་དགའ་བའི་སྐྱེ་བོ་མང་པོ་འཚར་ལོངས་བྱུང་བ་ནི། དུས་ངན་ཚེས་པའི་བརྡ་རྟགས་མངོན་གྱུར་བ་ཡིན་ངེས་རེད། དེ་ནས་བཟུང་། ཧམ་སེམས་དང་ཕྱོགས་ལྷུང་གི་སྦྱོར་བ་སྣ་ཚོགས་བརྩམ་ངེས་ཤིང་། བརྩེ་བ་རྫུན་མས་འཇིག་རྟེན་གྱི་དཀར་འོད་ལ་ནག་ཐིགས་ཕབ་ངེས་པས་སོ།། དེ་ནས་བཟུང་། རྒྱུ་འབྲས་དང་ཡིད་ཆེས། བདེན་པ་དང་གནས་ལུགས་སོགས་ཀྱི་ཐ་སྙད་དག་སྐྱེས་བུ་དམ་པའི་གསུང་རབས་ཁྲོད་དུ་ཁེར་རྐྱང་དང་ནུས་མེད་དུ་ལུས་པའི་མགོ་རྩོམ་པ་ཡིན་ལ། རིག་གནས་ཀྱི་སྙིང་བོ་རྡོག་པས་བརྫི་བའི་ཐ་ཤལ་གྱི་མི་རབས་གང་ཞིག་འཚར་ལོངས་བྱུང་བ་ཡིན། ཤེས་སམ། དེ་བཞིན་ཕྱོགས་ལྷུང་གི་སྤྱོད་ལམ་འདི་ནི་ཉོན་མོངས་རྐྱང་པས་བསྐྱེད་པ་མ་ལགས་པར་སློབ་གསོ་དང་གོམས་གཤིས་ངན་པས་བསྐྱེད་པ་ཡང་ཤིན་ཏུ་མང་། དེ་ལྟར་བསམ་ན་འཇིག་རྟེན་འདིའི་ཆེས་ནག་ཉེས་ཆེ་བའི་མི་ནི་རྡུལ་ཕྲན་མཚོན་ཆ་བཟོ་བའི་མི་དང་། གཞན་གྱིས་སྲོག་དམར་གཅོད་པའི་ཤན་པ་ཁོ་ན་མ་ཡིན་པར། བཅོས་འཛུམ་གྱི་ཕག་ཏུ་རལ་གྲི་ཉར་ནས་མི་གཞན་གྱི་ཚེ་སྲོག་གི་བདེན་པའི་གཏིང་ལ་རྒོལ་བའི་སྒེར་སེམས་ཀྱིས་ཁེངས་པའི་སློབ་གསོ་བ་དང་། རང་ཉིད་ཚད་གྲུབ་དུ་བསམ་ནས་འཇིག་རྟེན་གྱི་ངོས་གཅིག་ལ་ལྷག་བསམ་རྫུན་མའི་དགའ་སྟོན་གཤོམ་མཁན་དང་། འཚོ་གནས་ཀྱི་ཁེ་ཕན་ཆེད་དུ་བརྩེ་བ་སྟོང་བའི་འཁྲབ་སྟོན་སྣ་ཚོགས་སྟོན་པའི་སེམས་པ་དུག་གིས་ཟིན་པའི་མི་ཡང་རེད་དོ།། དེ་བས་ང་རང་འཇིག་རྟེན་འདིའི་བདེན་པ་འཚོལ་སྙེག་ལ་འཚེར་སྣང་བྱུང་ཞིང་། བདེན་པ་འཚོལ་སྙེག་ནི་འཇིག་རྟེན་འདིའི་ཆེས་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་པའང་རྟོགས་ཡོད། དེ་བས་ངས་འཇིག་རྟེན་འདིར། རྟག་བརྟན་གྱི་ཕུགས་བསམ་འཆིང་ཞིང་། བདེན་དྲང་གི་འཚོ་བ་རོལ་བའི་སྐྱེས་བུ་ནི་ཤིན་ཏུ་ཉུང་སྟེ། དོན་དམ་པར་འཇིག་རྟེན་འདིར་སྙིང་ཐག་པ་ནས་གསོན་ཞིང་འཚོ་བའི་མི་ནི་ཤིན་ཏུ་ཉུང་བས་སོ་བརྗོད་པར་འདོད།
༤
སྐབས་ཤིག་ལ། ངས་རང་ཚོད་ཀྱིས་དཔྱོད་ཅིང་ཤེས་པའི་བདེན་པའི་གོ་དོན་མི་རྣམས་ལ་ཁྱབ་བསྒྲག་བྱ་འདོད་ཅིང་། སྐྱུག་བྲོ་བའི་མི་གཤིས་ཀྱི་སྐྱོ་གར་དང་བཅོས་མ་ལ་མཚང་འབྲུ་བྱེད་ན་འདོད། ངས་ནམ་ཡང་རང་ཉིད་ཁོ་ན་ཚད་མར་སྒྲུབ་པའི་གོམས་གཤིས་ལ་རྒོལ་འདོད་སྐྱེ་ཞིང་། རང་གི་བཅོས་རྫུན་གྱི་པགས་པ་རེ་རེ་བཞིན་ཕུད་ནས་ཚེ་སྲོག་དང་རྒྱུ་འབྲས་ལ་གུས་བཀུར་བྱེད་ན་འདོད། འོན་ཀྱང་། དེ་ནི་སླ་མོ་ཞིག་ག་ལ་ཡིན་ཏེ་འཇིག་རྟེན་འདིའི་བཀུར་འོས་པའི་ངེས་དོན་གྱི་རྩོམ་མཁན་དུ་མས་བདེན་དོན་གྱི་ཆེད་དུ་གཅེས་པའི་ཚེ་སྲོག་གཡང་གཟར་དུ་ལྷུང་ཞིང་། འཚོ་བཞུགས་ཀྱི་དུས་ཚོད་ཁྲོད་དུ་ཡང་དུས་མ་ཡིན་པའི་སྐྱོ་གར་གྱི་གོད་ཆགས་སྣ་ཚོགས་བྱུང་བར་གྱུར། དེ་དག་ནི་བདེན་དོན་གྱིས་བསྐྱེད་པའི་འབྲས་བུ་མ་ཡིན་པར་བདེན་དོན་འཚོལ་སྙེགས་ནི་དོན་དུ་རྫུན་བརྟོལ་གྱི་སྙིང་སྟོབས་ལས་བྱུང་བས་ལགས་ཤིང་། རྫུན་བརྟོལ་གྱིས་སྙིང་སྟོབས་ལས་ཁོ་ཚོའི་རྨོངས་རྟུལ་དང་ནག་ཉེས་རྣམས་ཐེར་འདོན་བྱེད་སྲིད་པས་སོ།། དཔེར་ན། ཆོས་ལུགས་ལྟ་གྲུབ་ཀྱིས་བདེན་པ་སྨྲ་བའི"དཔལ་ལྡན་ཕྱོགས་ཀྱི་གླང་པོ"ལགས་ཀྱང་བདེན་པའི་རིགས་ལམ་གྱི་འདྲི་རྟགས་འགའ་ལས་རྒྱང་ཕུད་དུ་བཏང་ཞིང་། མཚན་ཉིན་རིག་པའི་ཡབ་ཆེན་དུ་འབོད་པའི"སོ་ཁི་ར་ཋེས"ལགས་ཀྱང་བདེན་སྐྱོང་གི་བསམ་བློའི་རང་ཚུགས་ལས་ཚེ་སྲོག་གི་བཞུར་རྒྱུན་མུན་པ་སྐྱོང་བའི་ཤན་པ་ཞིག་གི་ལག་ནས་ཤོར། དེ་བཞིན། གནམ་རིག་སྨྲ་བའི་སྐྱེས་ཆེན"布鲁诺 པོའུ་ལོ་ནཱོ"ཡིས་འཇིག་རྟེན་གྱི་རྣམ་བཞག་བསྐྱར་རྙེད་བྱུང་བའི་བདེན་པའི་སྐད་སྒྲས་རྐྱེན་ལས་ཚེ་སྲོག་མཆོད་སྦྱིན་དུ་བཏང་ལ། ལོ་རྒྱུས་ཀྱི་དྲང་ཐིག་སྨྲ་བའི་"མཁས་དབང་དགེ་འདུན་ཆོས་འཕེལ"ཡང་བདེན་སྐྱོང་བདེན་སྨྲ་ཡི་ཆེད་དུ་ཚེ་སྲོག་གི་གཟི་བྱིན་མུན་ནག་གི་ལྗོངས་ནས་ཡལ་བའི་བཀྲ་མི་ཤིས་པའི་གནས་ཚུལ་སྣ་ཚོགས་བྱུང་ཡོད། དེ་བས་བདེན་པ་འཚོལ་སྙེག་ནི་ཚེར་མའི་ལམ་དུ་བགྲོད་པ་དང་མཚུངས་ཤིང་། འཇིགས་རུང་གི་གཡང་གཟར་བརྒྱུད་ནས་རྒྱང་རིང་དུ་འགྲོ་བ་དང་ཤིན་ཏུ་མཚུངས། ཤེས་སམ། ད་ལྟ། འཇིག་རྟེན་གྱི་བདེན་པའི་ཟླ་བ་ཁྲོན་པའི་ནང་དུ་ལྷུང་ནས་ཡུན་རིང་འགོར་ཟིན། འོན་ཀྱང་ང་ཚོས་འཁྲུལ་སྣང་གི་ཟླ་བ་ཡར་ལ་ཚེས་པར་རེ་སྒུག་བྱས་ནས་བསྡད་ཡོད། སྐྱོ་ཨང་།
༥
ད་ལྟ། མི་རྣམས་གཏིང་རིང་བའི་གཡོ་སྒྱུ་དང་རྫུན་སྒྲིག་གི་ཁྲོད་ནས་རང་གི་ཁེ་ཕན་དང་མིག་མདུན་སྐྱོང་བར་དགའ་བ་ལས། རྒྱུ་འབྲས་དང་ཆོས་ཉིད་ནི་ཁོ་ཚོའི་ཁ་གཡང་ཁྲོད་ཀྱི་རེ་སྨོན་ཙམ་དུ་གྱུར་འདུག་ལ། བཟང་སྤྱོད་དང་བརྩེ་སེམས་ནི་ཁོ་ཚོའི་གཞན་སེམས་བསླུ་བྱེད་ཀྱི་ལག་ཆ་ཙམ་དུ་གྱུར་འདུག དེ་བས་ཀླ་ཀློ་དང་བཅོས་རྫུན་གྱི་དུས་རབས་ཁྲོད་དུ་བདེན་པ་ནི། གཏན་དུ་མངོན་གྱུར་དཀའ་བའི་དཔེ་ཆའི་ནང་གི་བརྡ་ཆད་ཙམ་དུ་གྱུར་དགོས་བྱུང་བ་རེད་ཨང་། མི་རྣམས་གཞོན་དུས་སུ། རང་གི་རྐང་པ་གཉིས་ཀ་འགྲོ་བྱེད་ཡིན་པ་དང་། ལག་པ་གཉིས་ཀ་གསར་གཏོད་བྱེད་ཆས་ཡིན་པའི་ངོས་འཛིན་ཡོད་ལ། དེ་བཞིན་མིག་གིས་ཀྱང་འཇིག་རྟེན་གྱི་བདེན་པ་ལ་བལྟ་དགོས་པ་དང་། ཞལ་དཀྱིལ་གྱི་འཛུམ་མདངས་ཡང་། སྙིང་ཉེ་བའི་གུས་བརྩེའི་ཀུན་སྤྱོད་ཡང་དག་ལས་བྱུང་དགོས་པར་འདོད་ཡོད། འོན་ཀྱང་རིམ་བཞིན་ལོ་ན་ཆེན་པོར་ཆགས་རྗེས་ཡོད་ཚད་འགྱུར་འགྲོ་བ་ག་རེ་ཡིན་ནམ། རེད། དེ་ནི་སྡར་གཤིས་ཀྱི་མུན་པ་སྙིང་ལ་འཁྱིལ་བ་དང་། རིག་གནས་ཀྱི་བཙན་རྫོང་རྨང་ནས་ཉུལ་པའི་རྟགས་མཚན་ཡིན་ལ། དོན་དུ་འཇིག་རྟེན་གྱི་འོད་སྣང་སྲུང་བ་ནི་མི་རེ་རེ་ནས་འགན་འཁྲི་ཡོད་པ་མ་ཤེས་པས་ཀྱང་ཡིན་ཨང་། དེ་བས་འུ་ཅག་གི་འཆམས་མཐུན་གྱི་འཚོ་བ་ནི་རེ་སྨོན་ཁྲོད་ཀྱི་འཚོ་བར་གྱུར་ཞིང་། མཉམ་གནས་ཀྱི་ལྟ་ཚུལ་ཡང་རེ་སྨོན་ཁྲོད་ཀྱི་ལྟ་ཚུལ་ཙམ་དུ་གྱུར་དགོས་བྱུང་། དེ་ནས་བཟུང་འཇིག་རྟེན་སྐྱོ་གར་གྱི་སྣང་ཚུལ་དུ་མ་གཅིག་རྗེས་གཉིས་མཐུད་དུ་བྱུང་བར་མགོ་རྩོམ་པ་ཡིན། གལ་ཏེ་ཁྱོད་ལ་དཔའ་བའི་གདེང་དང་ལྡན་པའི་རིག་གནས་ཀྱི་ལང་ཚོ་མེད་ན། ཁྱོད་ཀྱིས་གཡོ་འཕྲུལ་རྒོད་པའི་སྐབས་འཚོལ་ལ་བརྟེན་ནས་འཚོ་གཞེས་ཀྱི་བདེན་པ་རྟགས་རྒྱབ་དུ་གཡུག་པའི་གོམས་གཤིས་ཆགས་སྲིད་ལ། རྒྱུ་འབྲས་ཆོས་ཉིད་ཀྱི་བརྩི་སྲུང་དང་། ཚེ་སྲོག་ཕན་ཚུན་གྱི་གུས་བཀུར་རྩ་དོན་ཡང་བོར་བརླག་ཏུ་ཐེབས་སྲིད། སྐབས་དེར་ཁྱེད་ཀྱིས་ལག་པ་བྲང་ལ་བཞག་ནས་དེ་ལྟར་འོས་སམ། ཡང་ན་མི་འོས། དོན་དེ་ལ་བསམ་བློ་ཞིབ་དུ་གཏོང་རོགས་ཞེས་སྙིང་ནས་རེ་སྐུལ་བྱས་པ་ཡིན། འདི་ལྟར་ལབ་དོན། འཇིག་རྟེན་ལེགས་ལམ་དུ་འགྲོ་བ་ནི་མི་རེ་རེའི་བསམ་བློ་དང་ཀུན་སྤྱོད་ལ་རག་ལས་པས་ཡིན། འོན་ཀྱང་། ད་ལྟའི་གནས་བབས་འདི་འདྲའི་འོག་ནས། ང་ཚོས་ཕྱི་ནུད་བཟོ་ག་ལ་རུང་། ཕྱི་ནུད་བཟོ་བ་ནི་ཕམ་ཁ་ཁུར་བའི་འགོ་བརྩམས་པ་ཡིན་ལ། ཕྱི་ནུད་བཟོ་བ་ནི་རྒྱུ་འབྲས་ལ་ངོ་ལོག་བཟོ་བར་འགོ་བརྩམས་པ་ཡིན། དེ་བས། ཕྱི་ནུད་མི་བྱེད་པ་ནི་དཔའ་བོའི་རྟགས་མཚན་དང་རང་གཤིས་དམིགས་བསལ་བ་ཡིན་ལ། དེ་བཞིན་འཇིག་རྟེན་ལ་བློ་དཀར་བ། འཚོ་བ་ལ་བློ་དཀར་བ། རྒྱུ་འབྲས་ལ་བློ་དཀར་བ། ཚེ་སྲོག་ལ་བློ་དཀར་བ། བདེན་པ་ལ་བློ་དཀར་བ་སོགས་ནི་དཔའ་བོའི་གཏན་ཚིགས་དང་གཤིས་ཀ་ཡིན་པས་སོ།།
༦
སྐྱེས་བུ་ལགས། ད་ནི་ང་རང་སྐྱེ་བ་གཅིག་གི་མི་ཚེའི་བཞི་མདོ་ལ་སླེབས་ཡོད། མི་ཚེའི་བཞི་མདོ་འདི་རུ་དྲག་ཆར་དང་རླུང་འཚུབ། མུན་ནག་དང་ཚ་གཟེར། ཤྭ་འོད་དང་ས་ཡོམ་སོགས་དུས་མ་ཡིན་པའི་འཇིག་པ་སྣ་ཚོགས་ཀྱིས་སྒུག་འདུག ངས་ཞི་བའི་སྤྱན་ཟུང་གཟིམ་པ་མེད་ཀྱང་སྲོག་གི་གཤེད་མ་རྒྱང་ནས་སླེབས་སོང་། ངས་བརྩེ་བའི་ལག་ཟུང་ཆད་པ་མེད་ཀྱང་སེམས་ཀྱི་སྨྱོ་ཧམ་ཉེ་ནས་སླེབས་སོང་། འུར་ཟིང་གི་གྲོང་ཚོ་འདི་ནས་ཞི་བའི་མེ་ཏོག་སད་ཀྱིས་བཅོམ་ཡང་ང་རང་སྔར་བཞིན་རབ་རིབ་ངང་འཚོ་དགོས་བྱུང་། བཅོས་རྫུན་གྱི་སྤྱི་ཚོགས་འདི་ནས་བདེན་པའི་འོད་སྣང་སྨག་གིས་བརྟོལ་ཡང་ང་རང་སྔར་བཞིན་རབ་རིབ་ངང་གསོན་དགོས་བྱུང་། མིན། ད་ནི་མནར་གཅོད་ཀྱི་ལང་ཚོ་འདི་ཡང་ས་ཆེན་ལ་ཕུལ་ཏེ་ཚེ་སྲོག་གི་ལྷག་མ་རང་བྱུང་ལ་སྙིང་ནས་ཕུལ་འདོད། བདེ་ཐང་མིན་པའི་སེམས་པ་འདི་དང་། དྭངས་གཙང་མིན་པའི་ཀུན་སྤྱོད་འདི་ཡང་འཇིག་རྟེན་དང་གྱེས་ཏེ་ཐར་བའི་དོན་ལ་ཡེ་ནས་སྙེག་འདོད། ངས་ཐར་བའི་ངོས་འཛིན་ནི། འཁྲུལ་སྣང་ལས་ཐར་བ། འགྲན་རྩོད་ལས་ཐར་བ། གཞན་དབང་ལས་ཐར་བ། བཅོས་མ་ལས་ཐར་བ། རེ་དོགས་ལས་ཐར་བ། སྒེར་སེམས་ལས་ཐར་བ། ཡིད་མུག་ལས་ཐར་བ། ཧམ་སེམས་ལས་ཐར་བ། ཉོན་མོངས་ལས་ཐར་བ། མཐའ་ལས་ཐར་བ་སོགས་གང་ལའང་ངོས་འཛིན་བྱ་བཞིན་ཡོད་ལ། མི་ལ་ཤས་ནི་མི་ཚེ་གཅིག་ལ་བཅིང་བ་སྣ་ཚོགས་ལས་ཐར་བ་ཐོབ་སྲིད་ཅིང་། མི་ལ་ཤས་ནི་མི་ཚེ་གཅིག་ལའང་བཅིང་བ་གང་གིས་ཀྱང་གཏན་ནས་ཐར་མི་སྲིད་པ་ཤེས་ཡོད། དེ་བས་ང་བཅིང་གྲོལ་ལ་དགའ་ཞིང་བཅིང་གྲོལ་ལ་བརྩོན་པའི་དཔའ་བོ་ཞིག་བྱེད་ན་འདོད། བཅིང་བ་ལས་གྲོལ་བའི་སྐྱེས་བུ་དག་ནི་འབད་བརྩོན་དམིགས་བསལ་བ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པའི་དཔའ་བོ་ཁོ་ན་རེད་ལ། ཁོང་ཅག་གིས་རྣམ་ཐར་སྐྱོང་བའི་འགན་ཁྲི་ནི་འུ་ཚོ་མི་རེ་རེ་ནས་ཀྱང་ཡོད་དོ།།
《 རྫོང་སར་རྩོམ་རིག་སྤྱིའི་འདོན་ཐེངས་དང་པོ་ལས་བཏུས། 》
![]() |
|
Signature is customized by Netease