བོད་ཡིག་གི་ཞེ་སྡང་ལས་སྐྱེས་པའི་སྙན་ངག་དེ།

    རྩོམ་པ་པོ། གསར་བརྗེ་བ།


བོད་ཡིག་གི་ཞེ་སྡང་ལས་སྐྱེས་པའི་སྙན་ངག་དེ།
   
     ---ཁམས་མི་ཉག་གི་རྩོམ་པ་པོ“མྱི་གསར་བ”ལགས་ཀྱི་རྩོམ་དེབངག་སྒྲོསབཀླགས་པའི་སེམས་ཚོར་དུ་ཕུལ་བ།
 
                                     གསར་བརྗེ་བ།   རྫ་ཆུ་ཁ།

                                           གཅིག
 
     དུས་ཚོད་ཀྱི་འགྱུ་བག་རེ་རེའི་ངོ་གདོང་བསྟུད་མར་འཇིག་གིན་པ་ནང་བཞིན། དུས་རབས་མང་པོའི་རྩོམ་པ་པོ་དང་ཀློག་པ་པོ་དག་གི་རྩོམ་ཡིག་བྲི་སྟངས་དང་ཀློག་སྟངས་ཀྱི་རྣམ་པ་ཡང་རྦད་དེ་འགྱུར་བཞིན་ཡོད་དེ། སྔོན་ཆད་རྩོམ་ཡིག་ལས་རྩོམ་པ་པོའི་ངོ་གདོང་དང་ནང་སེམས་ཀྱི་ཁ་དོག་སྔོག་འདོན་བྱེད་མི་ཐུབ་པར། དེ་ལས། རྩོམ་པ་པོའི་ཚིག་དང་ངག་གི་སྒྱུ་རྩལ་མཚོན་ཐབས་ཙམ་དུ་ཟད། ད་ལྟར། རྩོམ་ཡིག་རབ་ཅིག་ཡིན་ན། རྩོམ་ཡིག་དེས་རྩོམ་པ་པོའི་ནང་སེམས་ཀྱི་ཁ་དོག་དང་གདུང་སེམས་ཨ་ལེར་དཔར་ཐུབ་སྟེ། འདི་ནི་དུས་རབས་རིང་མོ་གཉིས་ནས་མི་ཚེ་འཚར་བའི་རྩོམ་པ་པོ་དག་གིས། ཕྱི་རབས་པའི་སེམས་ཁོང་དུ་ཕབས་པའི་རྗེས་ཤུལ་མི་འདྲ་བ་གཉིས་ཏེ། སྤྱིའི་ཆ་ནས་བསམ་ཚེ། གཉིས་ཀར་ཡང་དུས་སྐབས་རང་རང་གི་འཁོར་ཡུག་གི་གནས་བབ་དང་འཚམ་པའི་རིན་ཐང་གི་མཛེས་པ་ལྷུག་པོར་གྲོལ་ནས་ཡོད་པས། དུས་རབས་གཉིས་ཀྱི་མཛེས་པ་མཚོན་པའི་རྡོ་རིང་ལྟ་བུའི་གནའ་དེང་གི་རྩོམ་ཡིག་གཉིས་ཀ་ཡང་། ང་ཚོས་མགོ་ཐོག་གི་ཉི་ཟླར་བརྩི་འོས་པ་རེད། ང་ཚོས་ཡ་ཐོད་ཀྱི་མིག་ཟུང་དུ་བསྒོམས་འོས་པ་རེད།
 
     དེ་ལས། དུས་རབས་འདིའི་བོད་ཀྱི་དེ་རིང་གི་ཉིན་མོར་མཚོན་ན། རྩོམ་ཡིག་འབྲི་མཁན་གྱི་བོད་མིའི་གྲངས་ཚད་ནི་དངོས་གནས་ཧང་སངས་བ་ཞིག་ཏུ་ལགས་པས། འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྟེང་གི་ཟིན་ཐོ་དང་རེ་བ་གསར་བ་ཞིག་ཏུའང་བལྟ་རུང་སྟེ། རིག་གནས་ཡོད་མེད་ཀྱི་འགྲོ་མི་གཉིས་ནི་འཇིག་རྟེན་མི་འདྲ་བ་གཉིས་དང་། རིག་གནས་ལ་དགའ་ཞེན་ཡོད་མེད་ཀྱི་འགྲོ་མི་གཉིས་ནི་ཤི་གསོན་གཉིས་ཀྱི་ས་མཚམས་མཚོན་པའི་དན་རྟགས་ལྟ་བུ་རེ་ཡིན་ན། མི་རིགས་དེའི་ཁྱབ་ཁོངས་ཀྱི་རེ་བའི་མེ་དཔུང་ལྟ་བུའི་ན་གཞོན་ཚང་མ་རིག་གནས་ལ་དགའ་བ་ནི། མི་རིགས་དེ་ད་དུང་འཇིག་རྟེན་འདིར་ཡུན་དུ་གནས་པའི་རྟེན་ཕུར་བརྡབས་པ་ལོས་ཡིན་སྙམ། དེ་བས། དེ་རིང་གི་བོད་ཀྱི་ན་གཞོན་དག་གིས། བོད་ཀྱི་དབྱངས་གསལ་གྱི་དར་ཆ་མཁའ་རུ་འཕྱར་བྱུང་། བོད་ཀྱི་སྐད་ཡིག་གི་འཇུ་ཐག་ལག་པས་ཟིན་བྱུང་།
 
     དོན་དུ་དེ་ལྟ་མོད། གང་ཡང་མི་ཤེས་ནའང་ཅི་ཡང་ཤེས་མདོག་གི་འཁྲབ་སྟོན་འཁྲབ་རྒྱུར་དགའ་བའི་བོད་ཀྱི་རྩོམ་པ་པོ་རྒན་གྲས་མང་པོ་ཞིག་གིས་འདི་དག་ནི་བོད་ཀྱི་དབྱངས་གསལ་གྱི་གད་སྙིགས་སོ་ཞེས་གཞོན་སྐྱེས་རྩོམ་པ་པོ་དག་གི་དབུ་འཕང་རྡོག་པས་རྫི་བཞིན་འདུག་མོད། གང་དུ་བོད་ཀྱི་དབྱངས་གསལ་གྱི་རྒྱུད་སྐུད་མ་ཆད་པ་དེ་སྲིད་དུ་བོད་ཡིག་གི་བསྟན་པ་དར་ངེས་པའི་ངེས་ཤེས་སྙིང་ལ་འདྲོངས་བའི་ཁོ་བོས་ནི། འདི་དག་ང་ཚོའི་སྤོབས་པའི་འབྱུང་ཁུངས་ཡིན་པ་ཤེས་ཡོད། འདི་དག་ང་ཚོའི་རེ་བའི་ས་བོན་ཡིན་པ་ཤེས་ཡོད།
 
     ལར། རྩོམ་རིག་མི་འདྲ་བ་སྣ་ཚོགས་དག་ལ་བཟང་ངན་གྱི་དབྱེ་བ་རེ་ནི་འབྱེད་དུ་ལོས་ཡོད་རེད། ཀློག་པ་པོ་དག་ལའང་སྙིགས་དོར་བཅུད་ལེན་གྱི་རང་དབང་གཙང་མའི་ཐོབ་ཐང་རེ་ནི་ལོས་ཡོད་རེད། དེ་ལྟ་ནའང་། འདི་དག་ཡོད་ཚད་གངས་རིའི་ཕ་སྐད་མ་ཡིག་གི་གསེར་སྡོང་དམ་པོར་སྲུང་བའི་གསེར་གྱི་ཨ་ལུང་རེ་རེ་ཡིན་པ་དང་། གངས་རིའི་བསྟན་སྲིད་ཀྱི་མཚོ་མོ་ཡུན་གྱིས་སྐྱོང་བའི་དྭངས་གཙང་གི་ཆུ་ཕྲན་རེ་རེ་ཡིན་པའི་ངོས་འཛིན་དེ་ནི། ཁྱོད་རང་བོད་ཡིག་གི་ཀློག་པ་པོ་ཕལ་བ་ཞིག་ཡིན་པའི་ངོས་ནས་ཕྲག་ཐོག་གི་འགན་འཁྲི་བརྗིད་ཏིག་གེ་བ་དེ་ཡིན་པ་མ་བརྗེད་ཨང་།
 
     ངས་གོང་དུ་བསྙད་པ་བཞིན། རྒྱ་ལོ་ཉེར་གཅིག་པའི་དེ་རིང་གི་ལོ་ཟླ་ནི། བོད་ཀྱི་རྩོམ་རིག་གི་ཚ་རླབས་མཁའ་རུ་འཕྱུར་བའི་དུས་ཚོད་དེ། ཏག་ཏག་དུས་ཚོད་འདིས་ནི། རྩོམ་རིག་ནི་ཐོག་མར་མི་ནས་འགོ་བརྩམས་ཤིང་མཐར་ཡང་མི་ཡིས་མཇུག་བསྡུ་དགོས་པའི་གནས་ལུགས་གསལ་བོར་བསྟན་པ་སྟེ། ལོ་རྒྱུས་ཀྱི་འགོ་ཁུངས་ཡར་ལ་དེད་ན་བོད་ཀྱི་རྩོམ་རིག་གི་ཆུ་རྒྱུན་རིང་མོའི་བཞུར་ཚད་དེ་གང་ཞིག་ཡོད་མེད་བརྗོད་པའི་རྔོ་ང་ལ་མི་ཐོགས་མོད། གང་ལྟར། བོད་ཀྱི་རྩོམ་རིག་གི་བསྟན་པ་ཤིན་ཏུ་རྒྱས་པའི་ད་ལྟའི་དུས་ཚོད་འདིའི་བརྒྱུད་པའི་རྒྱུ་ཡང་མཐར་དེད་ན་འགྲོ་བ་མིའི་རིགས་ཀྱི་བསམ་གཞིག་གི་ནུས་པ་ལ་ཐུག་ཡོད་པ་སྟེ། འབྱུང་འགྱུར་དུ་རྩོམ་རིག་གི་བསྟན་པར་དར་རྒུད་ཅི་བྱུང་ཡང་དེ་ཡང་འགྲོ་བ་མིའི་རིགས་ཀྱི་ཤེས་རབ་ཀྱི་འཕེལ་འགྲིབ་ལ་ཐུག་པ་སྟེ། འདི་ནི་འུ་ཚོས་ངེས་པར་དུ་ཤེས་དགོས་པའི་དོན་གྱི་སྙིང་བོ་ཞིག་ཏུ་འཁུམས་སོ། །
 
     ང་ལ་བོད་ཀྱི་ན་གཞོན་རྩོམ་པ་པོ་དག་ལ་བསམ་ཚུལ་དང་རེ་བ་ཕྲན་བུ་ཞིག་ཡོད་པ་ནི། རྩོམ་རིག་གི་གཞི་རྩའི་ལྟ་གྲུབ་ཀྱི་སྒང་ནས་བལྟས་ཚེ། རྩོམ་རིག་ནི་གང་བྱུང་དུ་བྲི་བཞག་ཆོག་པ་ཞིག་ནི་མིན་པར་སྙམ་པས། གང་བྱུང་དུ་སྦྱར་བ་དང་། ཐོལ་བྱུང་དུ་སྦྱར་བ་དང་། ཤར་མར་དུ་སྦྱར་བ་སོགས་ཀྱིས་མཚོན་པའི་རྩོམ་རིག་ལ་འགན་མ་ཁུར་བའི་ངང་ཚུལ་དག་གི་རིགས་ལ་བོད་ཀྱི་རྩོམ་པ་པོ་དག་གིས་གཟབ་དགོས་པར་སེམས་ཏེ། རྩོམ་རིག་ནི་མ་གཞི་ནས་བསམ་གཞིག་དང་ཤེས་རབ། དུས་ཚོད་དང་ཉམས་མྱོང་དག་གིས་གྲུབ་པའི་བསྡུས་གཟུགས་ཤིག་ཡིན་ན་ལེགས་པས་སོ། །
 
     མདོར་ན། བོད་ཀྱི་རྩོམ་རིག་གི་རྡུལ་ཕྲན་ཆེ་ཆུང་ཡོད་ཚད། བོད་ཀྱི་དབྱངས་གསལ་གྱི་ཉིང་ཁུ་མཚོན་པའི་བདུད་རྩི་རེ་རེ་ཡིན་པ་དང་། བོད་ཀྱི་དབྱངས་གསལ་གྱི་མུ་ཏིག་བསྟར་བར་བརྒྱུས་པའི་རྩོམ་རིག་ཡོད་ཚད་ཀྱང་བོད་ཀྱི་ཕ་སྐད་མ་ཡིག་གི་ཚེ་སྲོག་རིང་དུ་བསྲིང་བའི་གསོས་སྨན་རེ་རེ་ཡིན་པའི་ངེས་ཤེས་ང་ལ་ཡོད་ན། དུས་ཀྱི་གཉན་འཕྲང་ན་ལུས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་འདིའི་ཆེད་དང་། ཤེས་རབ་དང་བློ་ཁོག་འཛོམས་པའི་མེས་པོ་རུས་པ་ཅན་ཚོའི་རེ་བ་གསོན་པོ་དེའི་ཆེད་དུ། མི་མཐུད་དུ་རྩོམ་རིག་གི་ལམ་ཁར་དྲག་ཏུ་བརྩོན་པའི་ཆོད་སེམས་ཁྱོད་ཚོར་ལོས་ཡོད་རེད།

                                       གཉིས།
     ང་རང་མི་ཡུལ་དུ་འབྱོར་བའི་མི་ལོ་ཉེར་ལྔ་འདིའི་རིང་ལ། རྩོམ་རིག་ཡིད་སོས་པ་ཞིག་འཁྱོངས་མ་མྱོང་ཞིང་། མ་འོངས་པ་ནའང་གཏན་ནས་འཁྱོང་བར་མི་འགྱུར་མོད། ང་རང་སེམས་གཏིང་ནས་རྩོམ་རིག་ལ་བློ་དཀར་མཁན་ཞིག་དང་། རྩོམ་རིག་གི་གཞུང་ལམ་རིང་མོར་ཞེ་འཁྲེང་མཁན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་རྩོམ་པ་པོ་དག་གིས་བོད་ཀྱི་རྩོམ་རིག་གི་གཞུང་ལམ་རིང་མོར་ཐུགས་ཡིད་གཅིག་ཏུ་གཞོལ་ནས་བགྲོད་བཞིན་པའི་རྣམ་པ་འདི་ལས་ལྟ་ན་སྡུག་པ་ཞིག་གཞལ་ཡང་མ་མཐོང་ཞིང་། ཀུན་ཏུ་ཡང་མཐོང་བར་ཡང་མི་འགྱུར་རོ། །

     བོད་ཀྱི་ན་གཞོན་དག་གིས་རྩོམ་ཡིག་བྲིས་པ་ནི་ཁ་མ་སོས་པས་བྲིས་པ་མ་རེད་ལ། དུས་ཚོད་དང་ཉི་མ་འགྲོ་ཆེད་དུ་བྲིས་པའང་མིན་ཏེ། ཡིན་རྒྱུ་ནི། རང་གི་གདུང་སེམས་དང་བསམ་ཚུལ་གླུ་རུ་བླངས་པ་ཙམ་སྟེ། ཁྱེད་ཚོས་རྩོམ་ཡིག་བྲིས་པ་ནི། དུས་ཚོད་དང་ཉི་མ་འགྲོ་ཆེད་དུ་བྲིས་པའོ་ཞེས་ལྟར་སྣང་བཅོས་མའི་རྫུ་བག་འཁྲབ་མཁན་དག་ནི། ལོང་བས་གླང་ཆེན་གྱི་རྔ་མ་འཇལ་བའི་སྐྱོ་གར་གྱི་ལོ་རྒྱུས་རང་སྟེ། འདི་དག་ལ་ལུང་རིགས་ཀྱི་རྩོད་ལན་གང་ཡང་མེད་ལ། རྩོད་ལེན་བྱེད་དགོས་པ་ཞིག་ཏུའང་མ་མཐོང་ངོ་། །
 
     མང་པོ་ཞིག་གིས། རྩོམ་རིག་གི་ཁ་གཏོད་ས་དེ་སྤྱི་ཚོགས་ལ་དགག་སྒྲུབ་བྱ་བ་ལས་ཀྱང་། མི་དང་མིའི་བར་དང་། མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ་དང་། ཡང་ན་མཐར་ཐུག་གི་གནས་ལ་དཔྱོད་པ་ལྷུར་ལེན་པ་སོགས་མདོར་ན་སྤྱི་ཚོགས་ལས་མི་རང་མཚན་པ་རང་ལ་ཁ་གཏོད་པ་ནི་རྩོམ་རིག་གི་གཞི་རྩའི་དམིགས་ཡུལ་ཡིན་ཞེས་བསྒྲགས་པ་དང་། ཁ་ཅིག་གིས། རྩོམ་རིག་ནི་དགག་སྒྲུབ་ཀྱི་ཆེད་ཡིན་པ་དང་། དགག་སྒྲུབ་ནི་འཚང་འབྱིན་གྱི་ཆེད་དུ་ཡིན་པ་སྟེ། རྩོམ་རིག་གི་གཞི་རྩའི་ལྟ་གྲུབ་ནི་དགག་སྒྲུབ་ལ་ཐུག་ཡོད་པར་བསྒྲགས་པ་སོགས་རྩོམ་རིག་གི་གཞི་རྩའི་དམིགས་འབེན་ངོས་བཟུང་སྟངས་དེ་སྣ་ཚོགས་པ་ཞིག་བྱུང་ཡོད་ནའང་། རྩོམ་རིག་སྤྱིའི་གཞི་རྩའི་ཁ་ཕྱོགས་དེ་འདི་འདྲ་ཞིག་དགོས་ཞེས་སུས་ཀྱང་ཐིག་བརྡབ་མི་ཐུབ་པས་ན། བོད་ཀྱི་རྩོམ་པ་པོ་དག་གིས་རང་ཅག་ལ་ཡབ་མེས་ཚོས་དྲན་པའི་རྟེན་དུ་ཕུལ་བའི་དབྱངས་གསལ་གཉིས་ཀྱི་སྲོག་གི་གཟུངས་ཞུགས་པའི་རྩོམ་ཡིག་རེ་བྲི་ཐུབ་ཚེ། གཞི་རྩའི་ལྟ་གྲུབ་ཀྱི་ཆ་ནས་ཁ་གང་དུ་བསྐོར་ནའང་ང་ལ་ནི་བསམ་ཚུལ་རྟ་རྔ་ཙམ་ཡང་མེད་དོ། །
 
     རྩོམ་རིག་གི་བགྲོད་ལམ་རིང་མོར་འཇུག་པའི་མི་ཚེའི་ཐོག་མཐའ་བར་གསུམ་ཀུན་ཏུ། དུས་ཚོད་དང་མི་སྣ། འཁོར་ཡུག་དང་སྤྱི་ཚོགས་སོགས་ཀྱིས་སྒོ་ཀུན་ནས་འགལ་རྐྱེན་དང་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་ཅིང་སྤྲད་འགྱུར་ཡིན་པ་ནི། ལམ་འདིར་ཞུགས་ཚར་བ་ཡོངས་ཀྱིས་ཀུན་གཞིའི་བག་ཆགས་ཀྱི་ལྟེབ་ན་མི་བརྗེད་པའི་གསོས་སུ་བཏབས་ཡོད་ངེས་ལ། དེ་ནི་ལམ་འདིར་གཞུག་འགྱུར་གྱི་མི་བུ་ཀུན་གྱིས་ཀྱང་ཆེས་ཐོག་མར་ངེས་དགོས་ཤིང་བརྒྱུད་དགོས་པའི་འགག་འཕྲང་རིང་མོ་ཞིག་ཀྱང་ཡིན་མོད། རྣམ་པ་གཅིག་ཏུ་ན། རྩོམ་རིག་གི་གཞུང་ལམ་རིང་མོའི་ནང་གི་དཀའ་ཁག་གཞན་དག་དང་བསྡུར་ཚེ་དེ་དག་ནི་ཅི་ཡང་མིན་ཀྱང་སྲིད་དོ། །
 
     རྩོམ་རིག་བྱིང་གི་ངོས་ནས་བལྟས་ཚེ། གནའ་རབས་དང་དེང་རབས། གནའ་རབས་སྔ་མའི་རིང་ལུགས་དང་གནའ་རབས་ཕྱི་མའི་རིང་ལུགས། དེང་རབས་སྔ་མའི་རིང་ལུགས་དེང་རབས་ཕྱི་མའི་རིང་ལུགས་སོགས་ཀྱིས་མཚོན་རིགས་ཚན་མང་པོ་བགྲང་དུ་ཡོད་པ་དང་། བྱེ་བྲག་བོད་ཀྱི་རྩོམ་རིག་གི་ངོས་ནས་བལྟས་ཚེའང་། གདོད་མའི་རྩོམ་རིག་དང་། བཙན་པོའི་དུས་ཀྱི་རྩོམ་རིག སིལ་བུར་འཐོར་བའི་དུས་ཀྱི་རྩོམ་རིག་སོགས་རིགས་ཚན་མང་དུ་བགྲང་དུ་ཡོད་པ་ནི་རྩོམ་རིག་ཆེད་མཁས་པ་དག་གི་བློ་གྲོས་ཀྱི་མངའ་ཐང་ཡིན་པ་ལས། ང་ལ་ནི་དེ་དག་བརྗོད་པའི་ལྕེ་གང་ཡང་མི་ཐོགས་ཏེ། ང་ནི་མ་གཞི་ནས་དུང་ཞེན་གྱི་བློས་བསླངས་ཙམ་གྱིས་རྩོམ་རིག་ལ་འཇུག་མཁན་དེ་ཡིན་པས་སོ། ། དེ་ལྟ་ནའང་། ངས་རྣམ་ཀུན་ཏུ། རྩོམ་རིག་གླེང་བ་དང་རྩོམ་གྱི་རིག་གཞུང་གླེང་བ། དེ་བཞིན། རྩོམ་རིག་ཤེས་པ་དང་། རྩོམ་གྱི་རིག་གཞུང་ཤེས་པ་དག་ནི། རིགས་ཚན་མི་འདྲ་བ་གཉིས་སུ་བགོ་བཞིན་ཡོད་པས། རྩོམ་གྱི་རིག་གཞུང་གླེང་སྐབས་གནའ་རབས་དང་དེང་རབས་སོགས་ཀྱི་ས་མཚམས་འབྱེད་པ་ནི་དགོས་གལ་ཆེ་ནའང་། རྩོམ་རིག་གླེང་སྐབས་འདི་དག་ནི་མ་གླེང་ཐབས་མེད་ཅིག་དང་མ་ཤེས་ཐབས་མེད་ཅིག་ནི་མིན་པར་སྙམ་སྟེ། རྣམ་པ་གཅིག་ཏུ་ན། རང་གིས་མ་ཤེས་པའི་རྒྱུ་མཚན་ཙམ་གྱིས་ཡིན་ཀྱང་སྲིད་དོ། །

                                གསུམ།
 
         འབྲེལ་ཡོད་འདྲ་ལ་འབྲེལ་མེད་འདྲ་བའི་གོང་གི་གླེང་ཕྱོགས་དེ་དག་རེ་ཞིག་ཟུར་དུ་བོར་ནས། ཟླ་འདི་དག་གི་རིང་ལ། གཞུང་ཆེན་སློབ་སྦྱོང་གི་དུས་ཚོད་ཀྱི་བར་གསེང་དག་ནས། བོད་ཀྱི་རྩོམ་རིག་སྤྱི་དེབ་དང་སྒེར་དེབ་ཁ་ཤས་ཤིག་བཀླགས་པའི་ནང་གསེས་ཏེ། ཁམས་མི་ཉག་གི་རྩོམ་པ་པོ“མྱི་གསར་བ”ལགས་ཀྱི་ 2018ལོའི་སྒེར་དེབ་ཐོག་མའམ། ཡང་ན་རང་གི་མི་ཚེ་འདིའི་སྒེར་དེབ་ཐོག་མའང་ཡིན་ཀྱང་སྲིད་དེ། གང་ལྟར། དུས་དེབ《ངག་སྒྲོས》བཀླགས་པའི་མྱོང་ཚོར་ཐུང་ངུ་ཞིག་བརྗེད་བྱང་དུ་འབྲི་བར་འདོད་དེ། འདི་ནི་ཀློག་པ་པོ་རང་གི་མྱོང་ཚོར་གྱིས་ཀུན་ནས་བསླངས་པ་ཙམ་ཡིན་པ་ལས། ཆུ་བརྒྱ་གཅིག་འདུས་ཀྱི་རྒྱ་མཚོ་ལྟ་བུ་ནི་མིན་པས། མྱོང་ཚོར་འདིས་ནི《ངག་སྒྲོས》ཀྱི་ཀློག་པ་པོ་ཕལ་བ་གཅིག་གི་མྱོང་ཚོར་མཚོན་ཐུབ་པ་ཙམ་ཡིན།
 
     རྩོམ་པ་པོ་ཁོང་དུས་ཚོད་ནམ་ཞིག་ཏུ་རྩོམ་རིག་གི་ལམ་ཁར་ཞུགས་པ་དང་། རྩོམ་རིག་གི་ལམ་ཁར་ཞུགས་ནས། རྩོམ་རིག་གི་རིགས་ཚན་ཅི་ཞིག་བརྒྱུད་ཡོད་པའི་གོ་རིམ་དེ་ང་ལ་རྒྱུས་མངའ་ཆེར་མེད་ནའང་། ཁོང་གིས་ 2016ལོའི་སྔ་གཞུག་དག་ཏུ《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》དང《མཚོ་སྔོན་པོ་བོད་ཡིག་ཟིན་བྲིས》སོགས་སུ་སྤེལ་བའི་ལྷུག་རྩོམ་རེ་ཟུང་བརྒྱུད་ནས་ངས་ཁོང་ཉིད་ཐོག་མར་ངོ་ཤེས་ཤིང་། དེ་ནས་བཟུང་ང་ལ་རྒྱུས་མངའ་ཡོད་ཤག་ཤག་ཅིག་ནི་ཁོང་ཉིད་རྩོམ་རིག་ལ་གཏན་ནས་ཁྲེལ་མེད་བྱ་མི་སྲིད་ཅིང་རྩོམ་རིག་ལ་སེམས་གཏིང་ནས་བློ་དཀར་མཁན་ཞིག་ཡིན་པ་དེ་ཡིན། ང་ལ་ཁོང་གི་རྩོམ་རིག་བརྒྱུད་ནས་བློ་སྦྱོང་དང་ཉམས་ལེན་ཞིག་ཐོབ་པའང་དེ་ཡིན་ཏེ། རྩོམ་རིག་ནི་རྩེད་ཆས་མ་ཡིན་པ་དང་། རྩོམ་རིག་ནི་ཀུ་རེ་མ་ཡིན་པ་སྟེ། མཐར་གཏུག་ན། རྩོམ་རིག་ནི་མི་རང་རང་གི་ནང་སེམས་ཀྱི་གདུང་འབོད་གླུ་རུ་བཀུག་པ་སྟེ། དོན་དམ་པའི་བོད་ཀྱི་སྙན་ངག་པ་ནི་དོན་དམ་པའི་བོད་ཀྱི་གླུ་བ་ཡིན་པ་དེ་ཡིན།  ཚོད་དཔག་བྱས་པ་ལྟར་ན། རྩོམ་པ་པོ་གང་ཉིད་ལོ་ངོ་ཉི་ཤུའི་སྒོ་ཐེམ་དུ་གོམ་པ་བཞག་ཙམ་གྱི་དུས་ཚོད་དུ་བསླེབས་ཡོད་པ་འདྲ་ལ། “དུས་ཚོད་ཀྱི་ངོས་ནས་བལྟས་ཚེ་མི་ལོ་ཉི་ཤུ་ནི་ཐུང་ཐུང་ཞིག་མ་རེད་ལ། ཚེ་སྲོག་གི་ངོས་ནས་བལྟས་ནའང་མི་ལོ་ཉི་ཤུ་ནི་རིན་ཐང་མི་མངའ་བ་ཞིག་ག་ལ་ཡིན”། དེ་བས། ཁོང་གིས་མི་ལོ་ཉི་ཤུའི་དུས་ཚོད་མཐའ་དག་དོན་མེད་དུ་འཕངས་མེད་པའི་འབྲས་རྟགས་སུ་བརྩམས་ཆོས《ངག་སྒྲོས》ཕུལ་བར་བཀྲིས་བདེ་ལེགས་ཞུ་བཞིན་ཡོད། 
 
     བརྩམས་ཆོས《ངག་སྒྲོས》ནི《སྲོག་གིས་ནམ་མཁའ་གཤགས་པའི་གཞས》  《ཤེས་རབ་ལས་སྐྱེས་པའི་སྙན་ངག 》《གནམ་ས་འབྲི་བའི་ཆིག་ལབ》《སྙན་རྩོམ་སྟོང་ཉིད་བཅུ་དྲུག》སྟེ། རིགས་ཚན་བཞིས་གྲུབ་པ་ཞིག་རེད་འདུག་ལ། ངས་བཀླགས་པའི་སེམས་ཚོར་ལྟར་ན། བརྩམས་ཆོས《ངག་སྒྲོས》ཀྱི་སྙན་རྩོམ་ཚན་པ་བཞིའི་གཞི་རྩའི་བསྟན་དོན་ནི་གཉིས་སུ་མཐོང་སྟེ། རྩོམ་འདི་དག་གིས་རྩོམ་པ་པོ་གང་ལགས་བོད་ཀྱི་མི་རིགས་ཤིག་ཡིན་པའི་ཟུར་སྣེ་ཞིག་ངང་ངམ་ཤུགས་ཀྱིས་སྟོན་པ་དང་། དགོན་སྡེའི་འཁོར་ཡུག་ནས་ནར་སོན་པ་དང་ཐུབ་བསྟན་རིག་གཞུང་གི་རྐང་ཚུགས་ཡོད་པའི་ཟུར་སྣེ་ཞིག་ཀྱང་ཕྱོགས་ཀུན་ནས་སྟོན་ཐུབ་པ་སྟེ། བརྩམས་ཆོས《ངག་སྒྲོས》ཀྱི་ཕྱི་ནང་གསང་གསུམ་དུ་རིགས་ཞེན་གྱི་བརྡ་དང་མིང་ཚིགས་ཀྱི་བླ་ཉར་ཡོད་པ་དང་། ཐུབ་བསྟན་རིག་གཞུང་གི་ལྟ་གྲུབ་སྟོན་པའི་ཟབ་དོན་གྱི་མིང་ཚིག་དག་གིས་ཀྱང་སྲོག་བྱས་ཡོད་པ་སྟེ། གོ་སླ་བར་བརྗོད་ན། བརྩམས་ཆོས《ངག་སྒྲོས》ནི། བོད་ཀྱི་སེར་མོ་བ་ཞིག་གིས་རང་གི་འཇིག་རྟེན་དང་ལྟ་གྲུབ་མཚོན་པའི་ཆེད་དུ། དུས་ཚོད་ཀྱི་གསེར་ཕྱེ་བསགས་པ་ཞིག་ལོས་ཡིན་སྙམ། 
 
     དཔེར་ན།སྲོག་གིས་ནམ་མཁའ་གཤགས་པའི་གཞསདང་། ལྷག་དོན། དེའི་ནང་གིམི་རབས་གཅིགདངརྒུད་པའི་ས་བཅདསོགས་ཀྱིས་ནི། མི་རིགས་ཤིག་གི་དར་རྒུད་ཀྱི་རྣམ་པ་དེ་ཉིད་རྗེན་ཆར་དུ་སྟོན་པའམ། ཡང་ན། དུས་རབས་གཉིས་ཀྱི་མི་རིགས་མི་འདྲ་བ་གཉིས་ཀྱི་འཕེལ་འགྲིབ་ཀྱི་ཆོས་ཉིད་རིང་མོ་དེ་ཉིད་རང་སོར་བཞག་སྟེ་འགྲེལ་བརྗོད་བྱས་ཡོད་པ་དང་། ཕ་ཡུལ་ནས་སེང་གེ་དྲན་པལ་མཚོན་ན། ཡུལ་དུས་ཁྱད་པར་བའི་སྐྱེས་བུ་ཞིག་རང་གི་ཕ་ཡུལ་དང་ཁ་གྱེས་ནས་དུས་ཚོད་ངེས་ཅན་བ་ཞིག་འགོར་བའི་རྗེས་སུ་རྩོམ་པ་པོས་གདུང་ཤུགས་དྲག་པོས་སྐྱེས་བུ་གང་དེའི་སྐུའི་བརྗིད་ཆགས། གསུང་གི་བྱིན་ཆགས། ཐུགས་ཀྱི་སྒལ་བརླང་དག་རེ་རེ་ནས་བྱས་ཏེ་རང་གི་སེམས་ཀྱི་ལྡིང་ཁང་ནས་ཤུགས་འབྱུང་གིས་དྲན་པ་སྟེ། འདིར་རྩོམ་གྱི་ངོ་གདོང་ལ་ཕར་བལྟས་ཚོད་ཀྱིས་གདུང་སེམས་དང་རྗེས་དྲན་ཙམ་གྱི་སྣང་བ་འཆར་ནའང་། ལོག་ཕེབས་དང་རེ་སྒུག་གི་འཆར་ཡན་དག་གིས་ཀྱང་མཐའ་བརྒྱན་ཡོད་པ་དང་།《ངོ་མཚར་བའི་རང་དབང་ལྷ་མོ》ར་མཚོན་ན། རྩོམ་འདིས་དངོས་ཤུགས་ཅི་རིགས་པ་ནས། རྩོམ་པ་པོ་གང་ལགས་རང་དབང་ལ་ཡིད་ནས་སྨོན་མཁན་གྱི་བུས་ཕྲུག་ཅིག་ཡིན་པ་དང་། རང་དབང་ལ་རྣམ་ཀུན་དུ་དད་པ་ཡོད་མཁན་གྱི་མི་སེར་ཞིག་ཡིན་པ་མཚོན་པར་མ་ཟད། རང་དབང་ཡོད་པ་ནས་དར་བའི་གོ་རིམ་དང་། དར་བ་ནས་རྒུད་པའི་གོ་རིམ། རྒུད་པ་ནས་ཤོར་བའི་གོ་རིམ། ཤོར་བ་ནས་གཏན་དུ་ཤོར་བའི་གོ་རིམ་གྱི་བར་གྱི་རང་རིགས་ཀྱི་གཅིག་གྱུར་གྱི་གདུང་འབོད་དང་རྨི་ལམ་གྱི་དར་ཆ་བསྐྱར་དུ་འཕྱར་བ་སྟེ། འདི་ནི་ཡུལ་གྱར་བ་ཞིག་གིས་ས་མཐའ་ནས་ཕ་ཡུལ་གྱི་རང་དབང་དྲན་པ་ལྟ་བུའི་བཅོས་མའི་རྫུ་བག་དེ་འདྲ་མིན་པར། རང་དབང་ལག་ནས་ཤོར་མཁན་གྱི་མི་སེར་ཞིག་གིས་ཕ་ཡུལ་ནས་ཕ་ཡུལ་གྱི་རང་དབང་དྲན་པ་དེའོ། །
 
     ཤེས་རབ་ལས་སྐྱེས་པའི་སྙན་ངགགི་ནང་མཚནསྟོན་པ་ལྷ་མོ་དོན་གྲུབལ་མཚོན་ན། སྒྱུ་རྩལ་གྱི་དམིགས་འབེན་གྱི་ངོས་ནས་གླེང་ཚེཕ་ཡུལ་ནས་སེང་གེ་དྲན་པདང་ཁྱད་པར་མེད་མོད། འཆར་ཡན་དང་ཐ་སྙད་བཀོལ་སྟངས་ཀྱི་ལྡོག་པ་ནས་བལྟས་ཚེ། རྩོམ་འདིར། སྟོན་པ་གོང་ས་མཆོག་གི་གསུང་གི་དྭངས་མ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངསཀྱི་བརྡས་དྲངས་ཏེ། གང་གིས་བོད་ལ་བསྐྱངས་པའི་ཐུགས་བརྩེ་མཚོན་པར་བྱས་ཡོད་པ་དང་། ནོར་པེལ་ཞི་བདེའི་གཟེངས་རྟགས་དང་ནོར་པེལ་ཞི་བདེའི་གཟེངས་རྟགས་ལྟ་བུའི་མཛད་འཕྲིན་རེ་རེས་ཀྱང་གང་གི་སྐུ་ཚེའི་མཛད་འཕྲིན་གྱི་བསྡུས་གཟུགས་རེ་རེ་མཚོན་ཡོད་པའི་སྐོར་དེ་ར་སྤྲོད་བྱས་ཡོད།
 
     གནམ་ས་འབྲི་བའི་ཆིག་ལབཀྱི་ནང་ཚནབརྩེ་དུངལ་མཚོན་ན། གསོན་ཚེ་དྲན་པའི་སྐྱེམས་ཆང་འཐུང་ས་དང་ཤི་ཚེ་སྙིང་གི་རྟེན་ཕུར་བརྡབ་སའི་རྩོམ་པ་པོ་རང་གི་ཕ་ཡུལ་མི་ཉག་གི་རྫོང་ཁག་མཐའ་དག་ལ་སྐུལ་ལྕགས་བྱས་ཡོད་པ་དང་། རྩོམ་འདི་བརྒྱུད་ནས་བོད་ཡུལ་གྱི་ཡུལ་གྲུ་གཞན་དག་ལ་ཡང་སྙིང་གི་སྐད་ཆ་དམར་དམར་བོ་བཤད་ཡོད་པ་སྟེ། མཐར་སྡོམ་ན། རྩོམ་འདིས་རྩོམ་པ་པོ་རང་གི་ཕ་ཡུལ་དང་རང་གི་ཕ་ཡུལ་དང་འདྲ་བའི་ཡུལ་གྲུ་དག་ལ་བསྐྱངས་པའི་བྱང་ཁོག་མཚོན་པར་བྱས་ཡོད།

 སྙན་རྩོམ་སྟོང་ཉིད་བཅུ་དྲུགལ་མཚོན་ན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པའི་ནང་བའི་ཐུན་མིན་གྱི་སྡོམ་ཚིག་དེ་ཉིད་བརྡས་དྲངས་ཏེ་མཚོན་པར་བྱས་ཡོད་པ་དང་། དེ་ལས་ཀྱང་། བདེན་པར་གྲུབ་པའི་ཆོས་ནི་གཞལ་ཡང་མི་རྙེད་དོ་ཞེས་ཆོས་ཀུན་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པའི་ཐེག་ཆེན་དབུ་མ་བའི་ལྟ་གྲུབ་ཀྱི་ཡང་སྙིང་བླ་ན་མེད་པ་དེ་ཉིད་ཚིག་གི་སྒྱུ་རྩལ་གྱི་བཅུད་དུ་སྦས་ཏེ་ཀློག་པ་པོ་དག་ལ་སྟོན་ཐབས་བྱས་ཡོད་པ་སྟེ། ངས་བརྩམས་ཆོསངག་སྒྲོསནི་རྩོམ་པ་པོ་རང་གི་འཇིག་རྟེན་དང་ལྟ་གྲུབ་མཚོན་བྱེད་ཅིག་གོ་ཞེས་ཀྱང་བཤད་དོན་ཡང་དེ་ལ་ཐུག་ཡོད། དེ་ཡང་ཡིན་འོས་ཏེ། མིའི་རིགས་ཀྱིས་མཚོན་པའི་སྐྱེ་འགྲོ་སུ་ལ་མཚོན་ནའང་། རང་རང་གི་ལྟ་གྲུབ་དང་འཚོ་གནས་ལས་གལ་ཆེ་བ་ཞིག་ནི་གཞལ་ཡང་མ་དམིགས་ཤིང་གཏན་དུ་ཡང་དམིགས་པར་མི་འགྱུར་རོ། །
 
     དེ་ལྟ་དེ་ལྟར། བརྩམས་ཆོསངག་སྒྲོསནི་རྩོམ་པ་པོ་རང་གི་ལུས་སྟེང་ན་རྒྱུ་བའི་ཕ་རྒྱུད་ཀྱི་ཟུངས་ཁྲག་དྭངས་མ་དང་། རང་གི་སེམས་གཏིང་ན་ཁོལ་བའི་རིགས་ཞེན་གྱི་ཆུ་མིག་གཙང་མ། གཞན་ཡང་། མི་རྟག་པ་དང་འདུས་བྱས། སྟོང་ཉིད་དང་བདག་མེད་སོགས་རི་བོ་ཧི་མ་ལའི་ཐག་ཉེར་ཆགས་པའི་མི་རིགས་འདིའི་ཆོས་རིགས་གཉིས་ཀྱིས་བཞག་པའི་བག་ཆགས་དང་རྨི་ལམ་མཐའ་དག་སྦ་གསང་མེད་པར་གླུ་རུ་བླངས་པ་སྟེ། ང་ཚོས་དབྱངས་གསལ་གྱི་སྲོག་ཞུགས་ཤིང་རིགས་ཞེན་བླ་བདོག་པའི་བརྩམས་ཆོས་འདི་དང་འདི་ལྟ་བུའི་རིགས་ལ་རྗེས་སུ་ཡི་རངས་ཞུ་འོས་སོ། །
     སེང་རྡོར་གྱི་སྙན་ངག་སྤྱི་བོས་བཀུར་མཁན་མང་པོ་ཞིག་གིས་སེང་རྡོར་གྱི་སྙན་ངག་གླེང་སྐབས། མི་འདིས་ད་སྔོན་སུས་ཀྱང་མ་ཤོད་པ་ཞིག་ཤོད་པ་སྟེ། ངའི་སྙན་ངག་གིས་མི་གསོད་ཐུབ་ཅེས་པ་དེའོ་ཞེས་སྙན་ངག་གིས་མི་གསོད་ཐུབ་པ་ནི་སེང་རྡོར་གྱི་སྙན་ངག་གི་ཁྱད་ཆོས་སུ་བགྲང་ཡོད་ན། ངས་ཀྱང་རྩོམ་པ་པོ་འདིས་ད་སྔོན་སུས་ཀྱང་མ་ཤོད་པའམ་ཤོད་ཀྱང་ངས་མ་ཐོས་པ་སྟེ། “བདག་གིས་སྙན་ངག་འབྲི་སྐབས་ཤེས་རབ་བེད་སྤྱད་དེ་འཇིག་རྟེན་འདི། ཚིག་དང་ཐ་སྙད། འཆར་ཡན་དང་སྒྱུ་རྩལ་གྱིས་མགར་ཆོག”ཅེས་པ་དེའོ། །
 
     ལར། ངས་ཁོང་གི་ཚིགས་བཅད་སྙན་ངག་དག་གི་ཐ་སྙད་དང་ཚིག་སྦྱོར་བཀོལ་སྟངས་དག་ནི་བདག་གི་བློ་ཡུལ་དུ་ཤོང་ཐབས་མེད་པ་ཞིག་གོ་ཞེས་ནམ་དུ་ཡང་ཁས་ལེན་མོད། དེ་ལས་ཀྱང་། ང་ནི་ཁོང་གི་ཚིགས་བཅད་སྙན་ངག་ལས་རང་མོས་སྙན་ངག་ལ་དུང་མཁན་གྱི་ཀློག་པ་པོའི་གྲས་ཏེ། ཁོང་གིས་རང་ཉིད་ཀྱི་ཡབ་ཆེན་འདས་གྲོངས་སུ་ཤོར་བར་རྗེས་དྲན་དུ་བྲིས་པ སྐུ་མགྲོནདངརི་དྭགས་སྐྱོ་གླུ》《དུས་ཚོད་ནང་གི་བརྩེ་བས་མཚོན་པའི་རང་མོས་ཁག་གིས་ང་ལ་བཞག་པའི་བག་ཆགས་ནི་བརྗེད་དུ་མེད་པ་ཞིག་གོ །
 
     ལྡོག་ཕྱོགས་ནས་བཤད་ན། ཁོང་གི་ཚིག་བཅད་སྙན་ངག་ལ་ལ་ཞིག་ནི་མིང་ཚིག་བཙན་བསྒྲིགས་བྱས་པ་ལྟ་བུ་དང་། ཐ་སྙད་ཀྱི་ངོས་ནས་ཚད་བརྒལ་རང་བཞིན་ཅན་དུ་སོང་བའང་རེ་ཟུང་མཐོང་བས། དེ་དག་གི་ཕྱོགས་ལ་ནི་ཅིས་ཀྱང་གཟབ་དགོས་ཞེས་ཀྱང་ཞུ་བར་འདོད་དོ། །   མདོར་ན། ཀློག་ཚོར་འདི་ནི་ཁོ་བོ་སྐྱེས་བུ་སྒེར་གྱི་དྲན་ཚུལ་ཙམ་ཡིན་པ་ལས། འདི་ནི་ཀློག་སྟངས་ཡང་དག་པའོ་འདི་ནི་ཀློག་སྟངས་མི་བསླུ་བའོ་ཞེས་ནི་བརྗོད་པར་མི་ནུས་ཏེ། ང་ནི་མ་གཞི་ནས་ཡིག་ངོ་ཆོད་ཙམ་གྱི་ཀློག་པ་པོ་དེ་ཡིན་པས་སོ། །   མཇུག་མཐར། རྩོམ་པ་པོ་གང་གི་དམིགས་འདུན་ཡོད་ཚད་ལམ་ལྷོང་ཡོང་བ་དང་འབྲེལ། རང་རེའི་འཁོར་ཡུག་འདིས་མཚོན་པའི་བོད་ཀྱི་ཡིག་འབྲི་བ་དག་གིས་ཕན་ཚུན་ལ་ནང་སེམས་ཀྱི་རྒྱབ་སྐྱོར་དང་གཞོག་འདེགས་ཐུབ་པའི་སྨོན་ལམ་སྙིང་ནས་ཞུས་པ་ཡིན།
 
                                 2019 - 5 - 2 ཉིན།
                                        རྩོམ་སྒྲིག་པ། མྱི་གསར་བ།