དུས་ཚོད་ནང་གི་བརྩེ་བ།

    རྩོམ་པ་པོ། མྱི་གསར་བ།

སྐུ་མགྲོན།

     བརྩེ་བའི་ཡབ་ཆེན་ལགས་འཇིག་རྟེན་འདི་དང་ཁ་བྲལ་རྗེས་སུ།
 
                                  མྱི་གསར་བ། མི་ཉག
 
སྙན་ངག་གི་ཁྲག་དམར་མཆོད་པའི་ཉི་མ་ཡ
དུས་ཚོད་ཀྱི་ནང་དུ་རླུང་དམར་ཅི་ལྟར་ལྡང་ཡང
རང་དབང་གི་ཕ་སྐད་ལྷང་ལྷིང་དུ་གྲགས་བྱུང

 
མུན་ནག་གི་རྫོང་འདི་ན་བྱ་སྒོད་ཀྱི་སྙིང་སྟོབས་མེད་ཀྱང
རང་དབང་སྙིང་གི་འཕར་ལྡིང་འདི་ནི་སུས་ཀྱང་མཚོན་པར་མ་ནུས

 
འཆི་བའི་ཕ་རོལ་དུ་མཛེས་པ་བྲིས་ཏེ་ང་ལ་སྟོན་དང
འདུ་འབྲལ་གྱི་མེ་ལོང་ནང་དུ་རི་དྭགས་ཀྱི་རྨིག་རྗེས་དོད་འདུག
གསོན་པའི་ཡང་སྙིང་དུ་རང་དབང་བྲིས་ཏེ་ང་ལ་སྟོན་དང
འཁྲུལ་སྣང་གི་གངས་རིའི་སྟེང་དུ་སེང་གེའི་གཡུ་རལ་བཞད་འདུག

 
མཇུག་མཐར
སྐུ་མགྲོན་ཁྱེད་ནི་ཉི་ཟེར་གྱི་རྩེ་ནས་མར་འབབས་དོན་ཅི་ཡིན་ཨང
                          2018  8  1

རི་དྭགས་སྐྱོ་གླུ།
 
གློ་བུར་དུ
ཁེར་རྐྱང་གི་རྒྱ་མཚོ་བརྒལ་བའི་མགྲོན་པོ་ལགས་ཕྱིར་ལོག་ཐབས་མེད་ཀྱང
ངའི་སེམས་ཀྱི་སྐྱོ་གདུང་གི་ནང་དུ་ཁྱེད་ཀྱི་དམ་ཚིག་དང་བྱམས་བརྩེ་སྦས་ཡོད
ཁྱེད་ནི་སྐྱེ་བ་གཅིག་ལ་ང་ཡི་རྣམ་ཤེས་ཀྱི་རྩེ་ནས་མར་ལྷུང་ཐབས་མི་འདུག

 
བརྩེ་བའི་འཇིག་རྟེན་གྱི་སྙིང་ལགས
ད་ནི་ང་རང་བརྩེ་དུང་གི་རབ་རིབ་མག་མོག་ཏུ་གྱུར་ཟིན
མཛེས་སྡུག་དང་ཕུགས་འདུན་གྱི་རབ་རིབ་མག་མོག་ཏུ་གྱུར་ཟིན
དེ་བས་ད་ལྟ་ངས་རྣ་བས་ཐོས་པ་སྒྲ་དང་རོལ་མོ་མ་རེད
མིག་གིས་མཐོང་བའང་གཟུགས་དང་ཉི་འོད་མ་རེད

 
ལོ་འདིར
ངས་རི་དྭགས་སྐྱོ་གླུ་ལྟ་བུའི་འཚོ་བ་རོལ་དེ་རང་སེམས་ཀྱི་ཉི་མ་ནུབ་པར་བྱས
དེ་ལྟ་ནའང
མཛེས་སྡུག་གི་ཞལ་ངོ་དེ་ནས་གྱེས་བྲལ་གྱི་མིག་ཆུ་ཐིགས་པ་གཅིག་མར་ཟག་འོང

 
ཨེ་མ
བདག་གི་ལྐོག་གྱུར་གྱི་རྨི་ལམ་ནང་དུ
མི་རྟག་པའི་གཟུགས་དང་སྒྲ་འཁྱུག་ཙམ་འཁྱུག་ཙམ་བྱས
                          2018  8  27
 
  
དུས་ཚོད་ནང་གི་བརྩེ་བ།
 
ནང་སེམས་མུན་པའི་བསྒྲིབས་པའི་དགུན་གཞུང་གི་དུས་ལ
གཅོང་ཞིང་འཁྱག་པའི་དུས་ཚོད་ཀྱི་གཙང་བོ་བཞུར་ན་ཡང
ཁྱེད་ནི་རང་དབང་གི་རི་དྭགས་བཞིན་མཆོང་ཞིང་རྒྱུག་དང
ནགས་ཚལ་སྟོང་བའི་འཇིག་རྟེན་གྱི་ཕ་རོལ་དུ
དཀར་ནག་དང་རིང་ཐུང་སྣ་ཚོགས་པའི་གྲིབ་གཟུགས་མཐོང་དུ་མཆིས་ཤིང
སྐབས་སྐབས་སུ་འཆི་བའི་ངོ་བོ་དང་རྒྱུ་འབྲས་ཀྱི་ངོ་མཚར་ཡང་མཐོང་དུ་མཆིས
དེ་བས་ད་ལྟའི་ཉི་ནུབ་ཀྱི་མཛེས་སྡུག་ནི་མཛེས་སྡུག་མ་རེད་ལ
ད་ལྟའི་ཇ་དང་ཆང་གི་ལོངས་སྤྱོད་ཀྱང་ལོངས་སྤྱོད་མ་རེད
 
 
བག་ཕེབས་ཀྱི་ཁང་སྟོང་འདི་རུ
ང་ཡིས་དྲོ་ཞིང་གྲང་བའི་རྣམ་ཤེས་སྦས་ཏེ
རང་དབང་དང་མཛེས་སྡུག་གི་དོན་སྙིང་བོར་བའི་བྱིས་པ་བཞིན་དུ
སྐྱོ་གདུང་དང་འཇིགས་སྐྲག་ཅི་ཡང་མེད་པར་ཁེར་རྐྱང་ངང་ངུས་ཤིང
གྱེས་བྲལ་གྱིས་གདུང་བའི་མཇུག་མཐའི་མགྲོན་པོ་བཞིན་སེམས་གཅོང་གིས་མནར
དེ་ལྟ་ན་ཡང   རང་བྱུང་ནི་སྔར་བཞིན་མཛེས་ཤིང་སྡུག་ལ
རང་དབང་ཡང་སྔར་བཞིན་དྭངས་ཤིང་གཙང
འོན་ཀྱང་ད་ལྟའི་དུས་ཚོད་ཀྱི་བརྩེ་བ་རབ་རིབ་མག་མོག་ཏུ་གྱུར་ཟིན
 
 
ཁྱེར་རང་ཕྱིར་ལ་ལོག་དང
རྨི་ལམ་གྱི་ལྗོན་ཚལ་དུ་རང་དབང་གི་སེང་གེ་ཤོང་ཐབས་བྲལ་མོད
བརྩེ་བའི་ལག་མཐུལ་དུ་མཛེེས་སྡུག་གི་ནུབ་ཁའི་ཉི་མ་བྲིས་ཏེ
རྒྱང་ཐག་རིང་བའི་ཁྱེད་ཀྱི་སྒེའུ་ཁུང་གི་ངོས་སུ་བརྩེ་དུང་གི་ཉི་ཟེར་བྲན་ཆོག་ལ
སྨྲ་བ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་མཛེས་སྡུག་གི་དུས་ཚོད་སྟོན་ཆོག
 
 
ནང་སེམས་ཀྱི་བརྩེ་དུང་བོར་བའི་དུས་ཚིག་འདི་ལ
ཁྱེད་ཀྱི་རྣམ་ཤེས་དང་འཛུམས་མདང་རྙེད་ཐབས་བྲལ་ཡང
རྟག་ཏུ་ང་ཡི་རྨི་ལམ་གྱི་ཁྲོད་དུ་ཁྱེད་ཀྱི་བྱམས་བརྩེ་ཡི་འཛུམ་ཞལ་ཡང་ཡང་འཚེར
མཚམས་རེར་ང་རང་སྐྱོ་སྡུག་གིས་གདུང་ཡང་ད་ནི་ཁྱེད་རང་ཕྱིར་ལ་ལོག་ཐབས་མེད་པ་ཚོར་བྱུང
    (༢༡༤༥  ༡  ༢༧)   (2019  3  3) ཉིན་མཇུག་གྲུབ། 
                                རྩོམ་སྒྲིག་པ། འཕགས་མི།