སྣ་ཚོགས་སེམས་ཀྱི་མེ་ལོང་།

    རྩོམ་པ་པོ། མྱི་གསར་བ།

བཅད་རྩོམ།
          སྣ་ཚོགས་སེམས་ཀྱི་མེ་ལོང་།
                        མྱི་གསར་བ། མི་ཉག

ང་ད་ལྟ་ཨ་སྔོན་ནམ་མཁའ་ཡིན།།
སྤྲིན་ལང་ལོང་མེད་པར་འཁྲུགས་ན་དགའ།།
འཇའ་རིང་ཐུང་མེད་པར་འཚེར་ན་དགའ།།
རླུང་ལྗན་ལྗིན་མེད་པར་གཡུག་ན་དགའ།།
འོད་ཟམ་ཟིམ་མེད་པར་འཕྲོས་ན་དགའ།།
ང་ཟླ་སྐར་འདྲེས་མའི་གཞིས་ཁྱིམ་ཡིན།།
 
ང་ད་ལྟ་མཚོ་ཁའི་བྱེ་མ་ཡིན།།
དབྱར་ཚེས་ན་ཞི་འཇམ་རླུང་གིས་གསོ།།
དགུན་ཚེས་ན་ཚ་གྲང་འཁྱག་པས་སྦར།།
དཔྱིད་ཚེས་ན་ཁངས་ཆར་འདྲེས་མའི་བརྒྱན།།
སྟོན་ཚེས་ན་སྨུག་སྤྲིན་ལང་ལོང་རྒྱུ།།
ང་མཚོ་གཏིང་ནོར་བུའི་སྙིང་སྡུག་ལགས།།

ཡུལ་བྱེ་བྲག་པའི་ངོ་བོ།
 
ཡུལ་འདིའི་ནམ་མཁའ་སྔོ་ཐག་མི་ཆོད་ལ།།
ཡུལ་འདིའི་ཉི་མ་དམར་ཐག་མི་ཆོད་མོད།།
ཡུལ་འདི་མཚོ་བྲག་གཉིས་ཀྱི་བར་ན་ཡོད།།
ཡུལ་འདི་སྨུག་སྤྲིན་གཉིས་ཀྱི་ཀློང་ན་ཡོད།།
ཡུལ་འདི་ཆུ་སྲིན་བཞིན་དུ་ཉལ་ཡོད་ཅིང་།།
ཡུལ་འདི་ཉ་མོ་བཞིན་དུ་འཁྱུག་ཡོད་པས།།
ཡུལ་འདི་བྱང་ཤར་མཚམས་ཀྱི་རི་མོ་ཡིན།།
ཡུལ་འདི་རྒྱ་མཚོའི་འགྲམ་གྱི་སྐྱ་ཐིགས་ཡིན།།
 
ཡུལ་འདིའི་མཛེས་པ་སེམས་ཀྱི་ན་ཚ་དང་།།
ཡུལ་འདིའི་དྲན་པ་སྨྲེང་བའི་རོལ་མོ་བཞིན།།
ཡུལ་འདི་གྱེས་བྲལ་བྱུང་བའི་ཁྲུང་ཁྲུང་ཡིན།།
ཡུལ་འདི་འཆི་བར་ཕྱོགས་པའི་ཉི་ནུབ་ཡིན།།
ཡུལ་འདི་རྨི་ལམ་རབ་རིབ་མཚོན་བྱེད་དང་།།
ཡུལ་འདི་དུས་ཚོད་སྟོང་བའི་ཉིན་མཚན་ལྟར།།
ཡུལ་འདི་སྐྱེ་འཆི་འཚོལ་བའི་དུས་ཚུགས་ཏེ།།
ཡུལ་འདི་མཇུག་མཐའི་མི་ཡི་མཛེས་པ་ལགས།།
 
ཡུལ་འདི་རི་ཁྲོད་འགྲིམ་པའི"མི་ལ"ཡིན།།
ཡུལ་འདི་སྙན་ངག་འཁྲུངས་བའི་ཨ་མ་ཡིན།།
 
ཨེ་མ་སྐྱིད་པའི་ཉམས་མགུར།

 
གནམ་སའི་འཇིག་རྟེན་ཉི་མའི་དྲོས་སོང་ངམ།།
མཛེས་སྡུག་རླུང་བལ་འཇམ་པོ་རྒྱུ་བྱུང་ངམ།།
ལྷིང་འཇགས་སེམས་ཀྱི་གནས་མལ་རྙེད་པ་ན།།
ང་ནི་འབུ་སྐྱོག་བཞིན་དུ་གདུང་བར་བྱེད།།
ང་ནི་ཉ་མོ་བཞིན་དུ་ངུ་བར་བྱེད།།
 
སྟོན་ལོ་རླུང་གིས་རྒུལ་ཡང་མཛེས་སྡུག་ཉིད།།
ལྗོན་ཚལ་རླུང་གིས་རྒུལ་ཡང་མཛེས་སྡུག་ཉིད།།
མི་རྣམས་འགྲོ་འདུག་སྤྲིན་གྱིས་བསྒྲིབ་པ་ན།།
ཞལ་ངོ་ཉི་མའི་དཀྱིལ་འཁོར་གཡོས་བྱུང་ངོ་།།
བྱམས་བརྩེ་ཟླ་བའི་ཨ་མ་དྲན་བྱུང་ངོ་།།
 
རྒྱང་རིང་སྨུག་སྤྲིན་འདྲེས་པའི་ཉི་ཁྱིམ་ནི།།
གངས་ལྗོངས་གཟི་འོད་འཕྲོ་བའི་ཕ་ཡུལ་བཞིན།།
མཛེས་པའི་ལྗོངས་དང་མཛེས་པའི་ཆུ་ཀླུང་གིས།།
སྣ་ཚོགས་སྤྱན་གྱི་ཉི་ཟླ་དྭངས་བར་བྱས།།
ཨ་ཧོ་རླུང་དང་རྡུལ་གྱིས་དྲོད་འཇམ་ཡང་།།
ང་ཡི་གངས་ལྗོངས་ཅི་བཞིན་སྙིང་དུ་སྡུག །
དབེན་ཚལ་ཉམས་ལེན་འཁྲུང་སའི་མགུར་ཆུང་ཡང་།།
མི་རྣམས་རྒྱང་དུ་བཞུད་པའི་ཚུལ་ལ་ལེན།།
མི་རྣམས་འབྲེལ་བ་མེད་པའི་ཚུལ་ལ་ལེན།།
 
སྟོང་བར་ལུས་པའི་མཛེས་སྡུག
 
ཁྱོད་ཀྱི་རྨི་ལམ་ནང་དུ་རལ་གྲི་ཞིག་ཡོད།།
འོད་ཟེར་ཁྲག་ཁྲིག་འབར་བའི་རལ་གྲི་ཞིག་ཡོད།།
སྟག་སེང་ཁྱུང་འབྲུག་ཚེས་པའི་གྲིབ་གཟུགས་ནང་དུ།།
མཚན་ཕྱེད་སྣ་ཚོགས་གསལ་བའི་འོད་ཟེར་སྦས་འདུག །
 
དུས་ཚོད་རྟག་པའི་ནང་ལ་མེ་ཏོག་སྐྱེས་ཚེ།།
འཇིག་རྟེན་སྐར་ཁུང་ནང་དུ་ང་རང་འཆར་ཆོག །
 
མི་རྣམས་ཆུ་ཁར་བྱོན་ནས་གཉིད་ཞོག་བརྒྱབ་བྱུང་།།
མི་རྣམས་སྒང་ལ་འབྱར་ནས་འཆི་བ་བཙལ་བྱུང་།།
ཆང་འཐུང་སེམས་ཉིད་མགོན་པོ་གང་ལ་ཕེབས་འགྲོ།།
སྒྱུ་རྩལ་མཛེས་པའི་སྲོག་ཀྱང་ནམ་ཞིག་གཅོད་འགྲོ།།
 
ཚེ་ཡི་ཆུ་ཚོད་ཉེར་བཞི་སྡོད་པར་མེད་ཀྱང་།།
ཨེ་མ་ཡང་སྙིང་མཛེས་པའི་འཇིག་རྟེན་རྙེད་བྱུང་།།
 
སྒོར་སྒོར་ཟླ་བའི་ནང་དུ་སྙིང་སྡུག་བཞུགས་ཡོད།།
རྒྱང་ཐག་སེམས་ཀྱི་མི་ཆོད་སྐྱོ་བ་འཚུབ་བྱུང་།།
ལས་ནི་མུན་ནག་བཞིན་དུ་མགོ་ལ་གྱོན་ཡང་།།
འཇིག་རྟེན་ཆང་ཁང་བཞིན་དུ་སྐྱོ་བའི་ཁང་འདུག །
 
སྣ་ཚོགས་བརྩེ་དུང་རོལ་བའི་སྐྱོ་བའི་མི་རྣམས།།
ངོས་བཞིན་སེམས་ཀྱོ་མེ་ལོང་འཁྱག་པའི་བཟི་ཡེ།།
 
                          རྩོམ་སྒྲིག་པ། འཕགས་མི།