འཆར་ཡན་འཁྱག་པ།

    རྩོམ་པ་པོ་ མྱི་གསར་བ།

རང་མོས།
        འཆར་ཡན་འཁྱག་པ།
                           མྱི་གསར་བ། མི་ཉག

ང་ཡི་དམར་པོ་སེམས་ལ་བྲིས་པའི་འཆར་ཡན་དེ
སུས་ཀྱང་མཐོང་བར་མི་ཐུབ    སུས་ཀྱང་རག་པར་མི་ནུས   
སུས་ཀྱང་མྱོང་བར་མི་བྱ་བའི་ཉི་འོད་འཁྱག་པ་ཅིག་ཡིན  
 
ང་ཡི་མཛེས་པ་མིག་ལ་འཚེར་བའི་འཁྲུལ་སྣང་དེ
དཔེར་ན་ཁ་བ་དང་བུ་ཡུག་འཚུབ་པ་ལྟ་བུའི  འཇའ་ཚོན་དང་སྨིག་རྒྱུ་གཡོ་བ་ལྟ་བུའི 
བར་ཐག་དང་སེམས་ཚག་བསྐྲུན་པ་ལྟ་བུའི་འཇིག་རྟེན་འཁྱག་པ་ཞིག་ཡིན
 
ང་ཡི་བརྩེ་བའི་གཏིང་ལ་ལྷུང་བའི་དྲན་གདུང་དེ
རབ་ཏུ་ཤིན་ཏུ་སྐྱོ་སྣང་གིས་ཟིན་པའི    རབ་ཏུ་ཤིན་ཏུ་ཁེར་རྐྱང་དུ་ལུས་པའི
རབ་ཏུ་ཤིན་ཏུ་མདོག་ནག་པའི་མཚན་མོ་འཁྱག་པ་ཅིག་ཡིན
 
ང་ཡི་འཇམ་པོ་ངག་ལས་བོས་པའི་གཅེས་མིང་དེ
མེ་ཏོག་གམ་ཉི་འོད་དམ     ཁ་བ་འམ་སྤྲིན་དཀར་ལམ
སྟོན་མཇུག་གམ་དབྱར་གཞུང་མཚོན་པའི་ཐ་སྙད་འཁྱག་པ་ཞིག་ཡིན
                             2018  3  5
                                 

རང་དབང་གི་རྡོ།
 
རྡོ་བ་ཁྱོད་བཀྲིས་ཤིས་བདེ་ལེགས
ཁྱོད་ནི་མེ་ལ་མི་འཇིགས་ཆུ་ལ་མི་སྐྲག
ཁྱོད་ཀྱི་རང་བཞིན་ནི་དགེ་བ་ཡིན   སྙིང་རྗེ་ཡིན
ཁྱོད་ཀྱིས་མཐོན་པོ་མཁར་རྩིག་ཆོག   དྲོན་མོ་གཞིས་བསྐྲུན་ཆོག
ཁྱོད་ཀྱིས་མི་ལ་ན་ཚ་མི་བསྐྲུན   ཕྱུགས་ལ་གོད་ཁ་མི་གཏོང
ཁྱོད་ནི་འཇིག་རྟེན་འདིར་ཁུ་སིམ་མེར་རང་དབང་དུ་གནས་ཡོད
 
རང་དབང་གི་རྡོ   རྡོ་འཕགས་པ
 
རྡོ་བ་ཁྱོད་བཀྲིས་བདེ་ལེགས
ཁྱོད་ནི་སྐྱེ་བར་མི་འཇིགས་འཆི་བར་མི་སྐྲག
ཁྱོད་ཀྱི་རང་བཞིན་ནི་ལྷད་མེད་ཡིན   དྭངས་གཙང་ཡིན
ཁྱོད་ཀྱིས་འཇམ་པོ་ལམ་བཟོ་ཆོག   བདེ་མོ་ཟམ་བསྐྲུན་ཆོག
ཁྱོད་ཀྱིས་སེམས་ལ་དཀའ་ངལ་མི་བཟོ   ལུས་ལ་ཟུག་གཟེར་མི་གཏོང
ཁྱོད་ནི་འཇིག་རྟེན་འདིར་ཁུ་སིམ་མེར་རང་དབང་དུ་གནས་ཡོད
 
རང་དབང་གི་རྡོ   རྡོ་སངས་རྒྱས
                  2018  7  8

རྩྭ་ཐང་གི་གཞས།
 
རྩྭ་ཐང་འདི་ནས
ཁ་གནམ་ལ་འཁོར་ནས་ཉལ་ན་ཉི་ཟླ་སྐར་གསུམ་མཐོང
ཁ་ཐུར་ལ་འཁོར་ནས་ཉལ་ན་འགྲོ་བ་རིགས་དྲུག་མཐོང
གཡས་ཕྱོགས་སུ་རྫ་རྡོའི་ཚོགས་སྟར་འཕྲེང་དུ་བསྒྲིགས་འདུག
གཡོན་ཕྱོགས་སུ་ནགས་ཚལ་གྱི་རྫོང་སྟུག་པོར་བཞད་འདུག
རྩྭ་ཐང་འདི་ནས་རང་དབང་གི་གཞས་ལེན་ཆོག   རང་དབང་གི་ཀི་འདེབ་ཆོག
 
དངུལ་ལོ་མེད་ཀྱང་མི་སྐྱོན   ལང་ཚོ་མེད་ཀྱང་མི་སྐྱོན 
རྩྭ་ཐང་འདིས་ང་ལ་ཞོཊ་པ་གནང་བྱུང  ཆུ་གནང་བྱུང  ཆར་བ་དང་རླུང་གནང་བྱུང
རྩྭ་ཐང་འདི་ལ་ང་ཚོས་བཀའ་དྲིན་ཞུ་འོས  བཀྲིས་བདེ་ལེགས་ཞུ་འོས
རྩྭ་ཐང་འདིའི་ཉི་འོད་ནི་རྫས་དུད་དང་སྨུག་སྤྲུན་གྱིས་བསྒྲིབས་མེད
རྩྭ་ཐང་འདིའི་ཟླ་འོད་ནི་མུན་ནག་དང་རེ་དོག་གིས་བསྒྲིབས་མེད
 
རྩྭ་ཐང་འདི་མི་རིགས་དང་འབྲེལ་བ་ཡོད   རིག་གནས་དང་འབྲེལ་བ་ཡོད
རྩྭ་ཐང་འདི་ནང་སེམས་དང་འབྲེལ་བ་ཡོད   རང་དབང་དང་འབྲེལ་བ་ཡོད
 
ང་ཚོ་སྙིང་ཐག་པ་ནས་ཕ་མ་ལ་དགའ་བ་བཞིན
རྩྭ་ཐང་འདི་ལ་ངེས་པར་དུ་དགའ་དགོས
ང་ཚོ་སྙིང་ཐག་པ་ནས་རིག་གནས་ལ་དགའ་བ་བཞིན
རྩྭ་ཐང་འདི་ལ་ངེས་པར་དུ་དགའ་དགོས
                      2018  6  22