སེམས་ཀྱི་གནས་མལ།

    རྩོམ་པ་པོ། མྱི་གསར་བ།

ལྷུག་རྩོམ།
        སེམས་ཀྱི་གནས་མལ།
                       མྱི་གསར་བ། མི་ཉག

ཧེ།   ཡིད་འོང་གི་གྲོགས་པོ་ཚོ།   ཁྱེད་ཅག་ནི་རང་དབང་གི་གོམ་ཁ་རྒྱང་རིང་ལ་ཕྱོགས་པའི་ནགས་ཚལ་གྱི་རི་དྭགས་དེ་ཡིན་ནམ།   ཁྱེད་ཅག་ནི་དྭངས་གཙང་གི་དྲོད་ཁོལ་བར་མེད་དུ་རྩོལ་བའི་མཁའ་དབྱིངས་ཀྱི་ཉི་གཞོན་དེ་ཡིན་ནམ།   ཁྱེད་ཅག་ནི་ལྷད་མེད་ཀྱི་ཨ་སྔོན་ནམ་མཁའ་ཡིན་འོས་ཤིང་།    ཁྱེད་ཅག་ནི་དྭངས་གཙང་གི་ཞི་བདེ་རྒྱ་མཚོ་ཡིན་འོས།  
 
མཚར་སྡུག་འོད་སྟོང་འབར་བའི་འཇིག་རྟེན་གྱི་སྐར་ཁྱིམ་རེ་རེ་ན་ཆེས་བླ་ན་མེད་པའི་མཛེས་པ་རེ་ཡོད་ངེས་ཤིང་།   དེ་ལྟ་བུའི་མཛེས་པ་དེ་ནི་འཇིག་རྟེན་འཕེལ་འགྱུར་དང་འབྲེལ་བ་མེད་ཅིང་།   འཇིག་རྟེན་དར་རྒུད་ལའང་འབྲེལ་བ་མེད་ངེས་པ་རེད།   འོ་ན་ཤིན་ཏུ་བླ་ན་མཐོ་བའི་མཛེས་པ་དེ་ནི་ནམ་མཁའ་དང་ཉི་འོད་བཞིན་དུ།  རྩྭ་ཐང་དང་མེ་ཏོག་ལྟར་དུ།   ཚེ་སྲོག་དང་དབུགས་རྒྱུན་ཚུལ་དུ་མི་རེ་རེའི་ནང་སེམས་ཀྱི་རྣམ་ཤེས་དང་འབྲེལ་བ་ཡོད་ཅིང་།   སྲོག་ཆག་རེ་རེའི་ནང་སེམས་ཀྱི་ངོ་བོ་དང་འབྲེལ་བ་ཡོད་པར་ང་ལ་ཡིད་ཆེས་གཏིང་ནས་སྐྱེས་བྱུང་།   ཡིད་འོང་གི་གྲོགས་པོ་ཚོ།   ཁྱེད་ཅག་གིས་རང་སེམས་ཀྱི་གནས་ཁང་བརྒྱུད་དེ་འཇིག་རྟེན་གྱི་རྒྱ་མཚོ་བརྒལ་བར་འདོད་དམ།   ཁྱེད་ཅག་གིས་རང་སེམས་ཀྱི་ང་རྒྱལ་བཅོམ་དེ་ཚེ་སྲོག་གི་མཛེས་སྡུག་མཐོང་བར་འདོད་དམ།   གལ་ཏེ་བློ་སེམས་རྣམ་དག་གིས་སྒོ་ནས་དེ་ལྟར་འདོད་ན།   དེ་ནི་ཁྱེད་ཅག་དང་བར་ཐག་ཡེ་ནས་མི་རིང་སྟེ།   ནང་སེམས་ཀྱི་ངོ་བོར་གནས་པའི་ལྷད་མེད་མཛའ་བརྩེ་ཡི་རིན་ཐང་ཤེས་ཤིང་།   འཇིག་རྟེན་གྱི་སྐྱེ་དངོས་དག་ལ་དྭངས་གཙང་གི་བརྩེ་བ་ཨེན་ཙམ་རྩོལ་དང་ཁྱེད་ཀྱིས་ཤེས་ངེས་པ་རེད་ལགས།    
 
ཚེ་སྲོག་གི་མེ་ལོང་དུ་མངོན་པའི་བརྩེ་བའི་རྒྱུད་སྐུད་ཅི་ལྟར་མཉེན་ན་འཚོ་གཞིས་ཀྱི་ནམ་མཁའ་དེ་ལྟར་དྭངས་ཤིང་གཙང་ངེས་ལ།    རང་སེམས་ཞི་འཇགས་ཀྱི་གནས་མལ་ཡང་རྙེད་ངེས།    མཛའ་དུང་གི་སྙིང་པོ་ནི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་རེད་ལ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཛའ་དུང་གི་སྙིང་པོ་རེད།   དེ་བས་འུ་ཅག་གིས་ཕན་ཚུན་འཁོན་འཛིན་དང་གནོད་སེམས་སྐྱེ་མི་འོས་ཤིང་།   འདྲན་སེམས་ཀྱི་དུག་རླངས་འཕྱུར་ཏེ་གཞན་གྱི་སྤྲོ་སྣང་གི་ཚོར་ཤེས་བརླག་མི་རུང་།    བདག་གིས་ཀྱང་ཤེས་ཏེ།   ལྷད་མེད་བརྩེ་འདུན་གྱི་འཇའ་ཚོན་རྣམ་པར་བཀྲ་རྗེས།  ཕྱོགས་སུ་རྒྱུ་བའི་སྨུག་སྤྲིན་གྱིས་ཡིད་འོང་གི་ཚོན་མདང་སྒྲུབ་པར་བྱེད་སྲིད་མོད།  དེ་ནི་ང་ཚོས་མཛེས་ཤིང་སྡུག་པའི་ནང་སེམས་ཀྱི་བར་ཆད་ཙམ་ཡིན་པ་ངོས་ཟིན་དགོས།    རླུང་ཁའི་མར་མེ་བཞིན་བསྐྱོད་པའི་སྙིང་རྗེ་བའི་ཚེ་སྲོག་འདི་ནི།    དུས་ཚོད་ཀྱི་མདའ་རྩེའི་ཐོག་ནས་ཡིད་ཙམ་གནས་དགོས་ཚེ།   ཁྱེད་ཀྱིས་རང་ཉིད་ལ་དབང་བའི་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་བརྩེ་བའི་འཛུམ་ཆུང་དང་དགོད་སྒྲ་ཨེན་ཙམ་རྩོལ་དང་།   ཚེ་སྲོག་གི་ཉིན་མཚན་ཀུན་ཏུ་རང་དབང་དང་སྤྲོ་སེམས་ཚད་མེད་སྟེར་ངེས་ཤིང་།   མཐིང་མདོག་གི་ས་ཆེན་འདི་ནས་ཡང་སྙིང་བརྩེ་སེམས་ཀྱི་དྲོད་ཁོལ་ཕྱོགས་སུ་འཕྲོ་ངེས་པ་རེད།  
 
གལ་ཏེ་འཇིག་རྟེན་དང་འཇིག་རྟེན་གྱི་ལོངས་སྤྱོད་མཐའ་དག་བདག་ལ་དབང་བར་གྱུར་ཡང་།   རང་སེམས་ཀྱི་ཞི་བའི་གནས་མལ་ཏེ་ནི་བདག་གིས་ངོས་ཟིན་པའི་ངེས་པ་མི་འདུག་ལ།   གལ་ཏེ་ཚེ་སྲོག་དང་ཚེ་སྲོག་གི་རིན་ཐང་མཐའ་དག་བདག་གིས་རྟོགས་པར་གྱུར་ཡང་།    རང་སེམས་ཀྱི་ཚེ་སྲོག་གི་མཛེས་པ་དེ་བདག་གིས་རྒྱུན་སྐྱོང་བྱ་ཐུབ་པའི་ངེས་པ་མི་འདུག  དེ་བས་ངས་ནམ་རྒྱུན་དུ་རང་ཉིད་ལགས།  ཆོག་ཤེས་བྱོས་དང་།  རྒྱ་ཆེ་བའི་ནམ་མཁའ་འདི་ནི་རང་སེམས་འཆར་ཡན་གྱི་ཁྲོད་ན་ཚད་ཡོད་ཅིང་།   མཐའ་ཡས་པའི་རྒྱ་མཚོ་འདི་ཡང་རང་སེམས་ཞི་གནས་ཀྱི་ངོས་སུ་ཚད་ཡོད་པ་ཞིག་རེད་དོ་ཞེས་ཁེར་ལབ་བྱ་བཞིན་ཡོད།   དཔྱོད་ཤེས་ཀྱི་མིག་ཟུང་ཡངས་པོར་ཕྱེས་དང་།   རང་སེམས་འཆར་ཡན་གྱི་མེ་ལོང་ནང་དུ་བདེན་ལུགས་ཀྱི་ཉི་འོད་ཨེན་ཙམ་འཕྲོས་བྱུང་།   
 
ང་རང་མཚོ་འགྲམ་གྱི་མེ་ཏོག་སྡུམ་ར་ཞིག་ཏུ་བསྡད་ནས་ནམ་མཁར་བལྟ་བཞིན།   ང་རང་གང་ནས་འོང་བ་ཡིན།   དེ་བཞིན་དུ་གང་ལའང་འགྲོ་དགོས།   ད་ལྟ་གང་དུ་གནས་ཡོད་ཨང་བསམ་མྱོང་།   ཡིན་ནའང་ལོ་རབས་བརྒྱ་ཕྲག་མང་པོའི་རྗེས་སུ་གནས་འདི་ན་མཚོ་མོ་དང་ལྡུམ་ར་མེད་ངེས་ཤིང་།  འཚོ་གཞས་དང་ཚེ་སྲོག་ཀྱང་མེད་ངེས།   དེ་བས་ད་ལྟ་ཉི་འོད་རབ་དུ་གསལ་བའི་མཚོ་འགྲམ་འདི་ནས་ངས་རང་ཉིད་ལ་མཚན་ཉིད་རིག་ལམ་གྱིས་འདྲི་རྟགས་མི་འདོན་པར་རང་དབང་གི་སྒོ་ནས་དབུགས་འབྱིན་རྔུབ་ཐེངས་གཅིག་བྱ་ཆོག་ལ།  རང་དབང་གི་སྒོ་ནས་རང་སེམས་ཀྱི་མཛེས་པར་ཨེན་ཙམ་ཁེན་འོས།     ངས་མཐའ་འཁོར་གྱི་འབུ་སྡོམ་རེ་ལ་བརྩེ་སེམས་ཀྱི་རང་གཟུགས་སྟོན་འོས་ཤིང་།  རྩྭ་ལྗང་གི་ལོ་འདབ་རེ་ལ་བརྩེ་འཛུམ་གྱི་དགོད་སྒྲ་རྩོལ་འོས།  ངས་རང་བྱུང་ཁམས་ལ་དྭངས་གཙང་གི་སེམས་ཉིད་བརྩལ་ཏེ་ཆོས་ཉིད་ཀྱི་གནས་ལུགས་སྟོན་ན་འདོད།   ངས་མཐའ་འཁོར་གྱི་སྲོག་ཆག་ཀུན་ལ་འདྲ་མཉམ་གྱི་འདུ་ཤེས་བརྩལ་ཏེ་བྱམས་སྐྱོང་གི་མཛེས་པ་སྟོན་ན་འདོད།   ཉི་འོད་སྨུག་ལོང་གིས་བསྒྲིབས་ཀྱང་ནང་སེམས་ཀྱི་མཛེས་པ་སུས་ཀྱང་བསྒྲིབ་པར་མི་ནུས།   གངས་རི་བར་ཐག་གིས་བཅད་ཀྱང་ནང་སེམས་ཀྱི་མཛའ་དུང་སུས་ཀྱང་གཅོད་པར་མི་ནུས།  ཨེ་མ།  ང་ཡི"སེམས་ཀྱི་གནས་མལ"ཨ། 
 
སྐྱེ་བ་འདིར་རང་སེམས་རང་དབང་གི་རྟ་ཕོར་ཞོན་ཅིང་།   དཀར་གསལ་ཉི་འོད་ཀྱི་ཕྱོགས་སུ་བསྐྱོད་དེ་རང་དབང་གི་ཀི་སྒྲ་འདེབ་དགོས།   སྐྱེ་བ་འདིར་རང་སེམས་ཞི་གནས་ཀྱི་རྩེ་ལ་གནས་ཤིང་།   མཛེས་སྡུག་རང་བྱུང་གི་པང་ལ་ལོག་སྟེ་ནང་སེམས་ཀྱི་ངལ་བ་གསོ་དགོས། 
                                       2018   6