རང་མོས།
སེམས་ཀྱི་ཕ་རོལ་དུ་ཕྱིན་པ།
མྱི་གསར་བ། མི་ཉག
བདག་གི་སེམས་ཀྱི་རང་དབང་ནི
བར་སྣང་དུ་འཕུར་པའི་བྱ་རྒོད་ཡིན
ནགས་ཚལ་དུ་གནས་པའི་རི་དྭགས་ཡིན
སྐབས་སྐབས་སུ་ཉི་མའི་འོད་ཟེར་གྱི་སྣེ་ན་ཡོད
སྐབས་སྐབས་སུ་ཟླ་བའི་འོད་ཟེར་གྱི་ནང་ན་ཡོད
དེ་ནི་དཀར་ནག་གི་མཚོན་ཆས་འཇིག་པར་མི་ནུས
དེ་ནི་སེམས་ཀྱི་རང་དབང་ངོ་། སེམས་ཀྱི་ཕ་རོལ་དུ་ཕྱིན་པའོ།
བདག་གི་སེམས་ཀྱི་རང་དབང་ནི
བྱང་ཐང་དུ་གནས་པའི་རྟ་ཕོ་ཡིན
ཆུ་ཕྲན་དུ་གནས་པའི་ཉ་མོ་ཡིན
སྐབས་སྐབས་སུ་འཇམ་པོ་རླུང་གི་ཁྲོད་ན་ཡོད
སྐབས་སྐབས་སུ་དམར་པོ་མེ་ཡི་གཏིང་ན་ཡོད
དེ་ནི་སྐྱེ་འགག་གི་མཚོན་ཆས་འཇིག་པར་མི་ནུས
དེ་ནི་སེམས་ཀྱི་རང་དབང་ངོ་། སེམས་ཀྱི་ཕ་རོལ་དུ་ཕྱིན་པའོ།
2018 4 8
རང་འགྲེལ།
ང་ཡི
ལག་པ་མུན་ནག་ལ་འབྱར
ལག་པའི་སྟེང་གི་རི་མོ་མུན་ནག་ལ་འབྱར
འོན་ཀྱང་རྣམ་ཤེས་མུན་ནག་ལ་འབྱར་མི་འདུག
གློ་བུར་དུ
ངའི་རྣམ་ཤེས་ཀྱི་བྲོ་འཁྲབ་བྱུང
སྙིང་ཐག་པ་ནས་བརྩེ་དུང་གི་གླུ་བླང་བྱུང
བཟོད་ཐབས་བྲལ་བའི་དྲན་གདུང་གིས་རོལ་མོ་དཀྲོལ་བྱུང
2017 10 22
གངས་ལྗོངས།
རི་བོ་འདིའི་ནང་དུ་ཤེས་རབ་ཡོད ཉི་འོད་ཡོད
རི་བོ་འདི་ལ་འབྲོང་དང་སེང་གེས་བདག་པོ་བྱས་ཡོད
རི་བོ་འདི་ནི་ཆུ་ཚོད་འབུམ་ཕྲག་གི་སྔོན་ནས་དཀར་དྭངས་སེ་ཡོད
རི་བོ་འདི་ལ་མི་རྣམས་ཀྱིས་ཆང་དང་རླུང་རྟ་ཁྲ་གྱི་ལེར་མཆོད་མྱོང
རི་བོ་འདིའི་ནང་དུ་ང་རྒྱལ་ཡོད མེ་སྟག་ཡོད
རི་བོ་འདི་ལ་འབྲུག་དང་སྟག་གིས་བདག་པོ་བྱས་ཡོད
རི་བོ་འདི་ནི་ཉིན་ཞག་འབུམ་ཕྲག་གི་སྔོན་ནས་དཀར་དྭངས་སེ་ཡོད
རི་བོ་འདི་ལ་ལྷ་རྣམས་ཀྱིས་སྤོས་དང་མེ་ཏོག་གཙང་སེང་ངེར་མཆོད་མྱོང
རི་བོ་འདི་ནི་བདག་གི་སེམས་སུ་དུས་གསུམ་དུ་སྐྱེས་ཡོད
རི་བོ་འདི་ནི་དུས་ཡུན་རིང་པོའི་ངང་ལ་བརྗིད་སེར་འགྱིང་བ་རེད
རི་བོ་འདི་ནི་རིགས་རུས་བཀར་བྱེད་ཀྱི་ཡི་གེའི་ནང་གི་མེ་ལོང་རེད
དེ་བས་རི་བོ་འདི་ལ་ང་རང་ཞེ་གཏིང་ནས་དགའ་དགོས
2017 10 14
གསེར།
ཁྱོད་ཀྱི་ལག་པ་ནི་འཇའ་ཚོན་དང་སྐར་མ་རབ་རིབ་ཀྱིས་གྲུབ
ཁྱོད་ཀྱི་རྐང་པ་ནི་རྡུལ་ཕྲན་དང་ནགས་ཚལ་གྱི་རྫོང་མཐུག་པོ་ལས་གྲུབ
ཁྱོད་ལ་དབྱངས་གསལ་འདོན་བྱེད་ཀྱི་ངག་གི་རྣམ་ཤེས་ཡོད
ཁྱོད་ལ་བདེན་པ་མཐོང་བྱེད་ཀྱི་མིག་གི་དབང་པོ་ཡོད
ཁྱོད་ཀྱི་མིང་ལ་མཛེས་སྡུག་གི་དབྱར་དགུན་སྟོན་དཔྱིད་ཟེར
ཁྱོད་ཀྱི་མིང་ལ་རིན་ཐང་གི་དུས་ཚོད་ཉེར་བཞི་ཟེར
བར་ཐག་ཉི་འོད་ཀྱིས་སྦྲེལ་བའི་གྲོགས་པོ
ངས་ཁྱོད་ལ་ཁེར་རྐྱང་གི་མཚན་མོ་མཐའ་དག་ཕུལ་ཏེ
མ་འོངས་པའི་སྒྲུང་དང་མཛེས་སྡུག་གི་མཛའ་གཞས་ལེན་ཆོག
རང་སེམས་སྐྱོ་གདུང་གིས་བཟི་བའི་གྲོགས་པོ
ཁྱོད་ཀྱི་རྨི་ལམ་ནང་དུ་གསེར་སྣ་ཚོགས་བབས་པ་ནས་བཟུང
འཇིག་རྟེན་དུ་སེར་པོ་གསེར་གྱི་གནས་ལུགས་ཤིག་འཁྲུངས་བ་རེད་ཨང
2018 1 30
རྩོམ་སྒྲིག་པ། འཕགས་མི།