མར་ངོའི་ཟླ་བ།

    རྩོམ་པ་པོ། མྱི་གསར་བ།

ལྷུག་རྩོམ།
        མར་ངོའི་ཟླ་བ།
                     མྱི་གསར་བ། མི་ཉག


 
             དུས་ཚོད་ཀྱི་རླུང་བུ་གཡུག་ཐེངས་གཅིག་གིས་གྲངས་འཁྱག་གིས་དགུན་ཟླ་ཕར་ལ་འདས་སོང་།   དཔྱིད་ཚུགས་ཀྱི་ཉི་གཞོན་དྲོ་བསིལ་གྱིས་ཚུལ་དུ་སྟོང་ཞིང་ཡངས་བའི་ཨ་སྔོན་གྱི་དབྱིངས་སུ་ཚེས།   རྡུལ་འཚུབ་ཀྱི་མཁའ་དབུག་དྭངས་བར་གྱུར་ཞིང་ལྗོན་ཤིང་གི་ལོ་འདབ་ཚོན་ལྗང་གིས་གཡོས།   སྨྱུག་གསར་གྱི་ལང་ཚོ་རེ་བའི་ཁེངས་ཤིང་ངོ་མཚར་རང་བྱུང་གི་ཆོས་ཉིད་སྐྱེ་ཞིང་འགག   ཆུ་རྒྱུན་གྱི་ལང་ཚོ་སྟོབས་ཤུགས་ཀྱིས་ཁེངས་ཤིང་བསིལ་འཇམ་དཔྱིད་རླུང་གི་རྒྱུ་བ་ཡིད་དུ་འོང་།   གནམ་ས་སྨུག་སྤྲིན་གྱི་རྫོང་ཆེན་དུ་གྱུར་ཞིང་སྡོད་ཁང་གི་གྲམ་ཁ་ཆར་ཐིག་གིས་ཡང་ཡང་རྡུང་།   ཚང་དུ་ཉལ་བའི་གཡུ་འབྲུག་གི་སྒྲ་དབྱངས་ལྡིར་མགོ་བརྩམས་ཤིང་།   ལྷོ་བཞུད་ཁུ་བྱུག་གིས་དཔྱིད་དཔལ་བསུ་བའི་རེ་སྨོན་གྱི་འཕྲིན་གསར་དབྱངས་ལ་འགུག   དེ་ལྟ་ནའང་།   ད་ནི་མཐོང་བར་དཀའ་བའི་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ་རྒྱུག་ཅིང་འདུར་བ་ནི་རྣམ་ཤེས་ཀྱི་སྐྱེ་འགག་རེད་ལ་ངོ་མཚར་ཚེ་སྲོག་གི་རྒུད་པ་ཡིན་ནོ།།
 
             ད་ནི།    རྫོགས་མཐའ་བྲལ་བའི་དུས་ཚོད་ཀྱི་ལང་ཚོར་འགྱུར་བ་མེད་པ་བཞིན་དུ།   བརྗོད་པར་དཀའ་བའི་རྩི་ཤིང་གི་སྐྱེ་འགག་མཛེས་ཤིང་སྡུག་པ་ལྟར་དུ།    ནང་སེམས་རང་དབང་གི་ཡུལ་ལྗོང་དེ་དང་ནང་སེམས་རེ་སྨོན་གྱི་དཔྱིད་ཚུགས་དེ་རུ་ཕྱིར་ལ་ལོག་འདོད་སྐྱེས།    ཡིན་ནའང་ལོ་ངོ་འདི་གའི་རིང་ལ་ང་ཡིས་ཉམས་ལེན་དང་བློ་སྦྱོང་གི་དབུལ་བའི་སློབ་སྦྱོང་བྱས་ཤིང་།   འུར་ཟིང་དང་བཅོས་མའི་བསླད་པའི་འཚོ་བ་རོལ།    ང་ཡིས་སྒེར་སེམས་དང་ཤེས་རབ་འཆལ་བའི་རྣམ་རྟོག་བསླང་ཞིང་།   སྒེར་ཚུགས་དང་གཏན་འཇག་མེད་པའི་བྱ་བ་བསྒྲུབས།   དེ་ནི་འཇིག་རྟེན་རྫུན་མའི་སྐྱོ་གར་གྱི་ཁ་དོག་རེད་ལ།   དུས་རབས་གསར་བའི་རྨོངས་རྟུལ་གྱི་འཚོ་བ་རེད།   ཁྱེད་རང་དགའ་ཡང་ཆོག་ལ་སྡུག་ཀྱང་ཆོག་པའི་མི་ཚེ་འདི་ནི་སྒྲུང་གཏམ་དང་གློག་བརྙན་གང་གིས་ཀྱང་མཚོན་ཐབས་བྲལ་བའི་ལྕེ་ཐོག་ཏུ་འཁྱིལ་བའི་མཆི་མ་རློན་པ་དེ་རེད་ཨང་བསམ།   དེ་ལྟ་ནའང་།   སྙན་ངག་པས་རང་གི་བསམ་གཞིག་དང་ཚོར་བ་གཟུགས་མེད་ཀྱི་ངག་སྒྲོས་ལ་བརྟེན་ནས་མཚོན་པར་བྱས་ཤིང་།   རི་མོ་བས་རང་གི་མཐོང་སྣང་དང་གཤིས་ལུགས་དབྱིབས་དང་ཁ་དོག་ལ་བརྟེན་ནས་མཚོན་པར་བྱས།   གཞས་མཁན་གྱིས་རང་གི་རེ་སྨོན་དང་ཕུགས་བསམ་གྲིམ་ལྷོད་རན་པའི་གདང་དབྱངས་ལ་བརྟེན་ནས་མཚོན་པར་བྱས་ཤིང་།   འཁྲབ་སྟོན་པས་རང་གི་གཤིས་རྒྱུད་དང་སྐྱོ་གར་རྣམ་འགྱུར་དང་ཀུན་སྤྱོད་ལ་བརྟེན་ནས་མཚོན་པར་བྱས།   འུ་ཅག་འཇིག་རྟེན་གྱི་གྲུ་ཟུར་མི་འདྲ་བ་རེ་ནས་འགྲེང་སྟེ།   རང་གི་གནས་བབས་དང་ཕུགས་བསམ་མཚོན་པར་ལྷན་སྐྱེས་ངང་མོས་མཐུན་ཧ་ཅང་ཆེ་ཞིང་།   མ་གཞི་དེ་ནི།  འགལ་འབྲེལ།  ཐེ་ཚོམ།   འཁྲུལ་སྣང་།   ཁེར་རྐྱང་།   དྲན་གདུང་སོགས་ཀྱིས་གྲུབ་པའི་གཏིང་མཐའ་མི་མངོན་པའི་འཚོ་བ་དང་འབྲེལ་བ་ཡོད་དེ།   འཚོ་བའི་བཙུར་གནོན་དང་རང་ཉིད་བོར་བ་སོགས་ལ་གཏིང་ནས་རྒོལ་ལན་སྤྲད་འདོད་པའི་རྣམ་འགྱུར་ཙམ་བསྟན་པ་ལགས།   གཞི་ནས་ཤེས་པ་ཞིག་ལ།   ང་ཡི་ལྷག་བསམ་གྱི་མེ་ལོང་སྟེང་དུ་འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་ཤོང་ཐབས་བྲལ་ཡང་།   གཅེས་སེམས་དང་སེར་སྣའི་ཁྲོད་དུ་འཚར་ལོང་བྱུང་བའི་མཛེས་པའི་ཚེ་སྲོག་དག་ལ་ནི་ཅེས་ཀྱང་བརྩེ་དུང་གི་མདོ་དང་འཁོར་བའི་གཏམ་རྒྱུད་འཆད་དགོས་འདུག་ཅིང་།   དུས་ད་ལྟ་བ་ནི་རང་ཉིད་ཁོ་ནར་དབང་བའི་ཞི་བའི་སེམས་ཀྱི་རྒྱལ་ཁབ་དེ་རེད་དོ།།
 
             འཇིག་རྟེན་ངལ་དུབ་ཀྱི་ནམ་མཁའ་སྟོང་བར་གྱུར་ན་བསམ་པའི་དུས་ཚིགས་འདི་ལ།   ང་ཡི་རང་གཤིས་ཀྱི་སྣང་བ་སད་ཀྱིས་བཅོམ་མཁན་གྱི་མི་དེ་རྙེད་ཐབས་བྲལ་ཡང་།   འཚོ་གཞིས་ཀྱི་སྙིང་པོ་ནི་འབྱོར་ཕྱུགས་ཀྱི་ཁ་དོག་མ་རེད་ལ།   ཐ་སྙད་ཀྱི་ཐོབ་ཐང་ཡང་མ་རེད།   རྣམ་རྟོག་གི་ཆང་རག་ཡང་ཡང་བཏུང་བའི་མི་ཚེའི་སྐྱིད་སྡུག་གི་རྒྱུད་སྐུད་སྒྲ་ལས་རྒྱང་རིང་གི་བདེ་སྐྱིད་དཀྲོལ་བར་དཀའ་མོད།   མཐའ་མཇུག་གི་མཚན་མོ་མཐའ་དག་ལྷིང་འཇགས་དང་ཞི་བའི་ཚུལ་དུ་ང་ཡི་སེམས་སུ་ཡང་ཡང་ལྷུང་དགོས་བྱུང་།   ཕྱིར་ལ་ལོགས་དང་།   འདས་པའི་ན་ཆུང་གི་ལོ་ཟླའི་ཁྲོད་དུ་རང་དབང་གི་རང་གཤིས་ལྡན་ཞིང་།  རྟུལ་ཕོད་ཀྱི་སྤྱོད་ལམ་མངའ།   འདས་པའི་དྭངས་གཙང་གི་འཚོ་བའི་ཁྲོད་དུ་ཆོག་ཤེས་ཀྱི་ཕུགས་བསམ་ལྡན་ཞིང་།  སྤྲོ་སྣང་གི་ཉི་མ་རྟག་ཏུ་འཆར།   དེ་ནི་སྙན་ངག་གིས་མཚོན་ཐབས་མི་འདུག་ལ།   ནང་སེམས་ཡང་ཡང་འཚོལ་བའི་དྲན་ཤེས་ཀྱི་རོལ་དབྱངས་ལས་རྙེད་ཐབས་མ་བྱུང་།   ང་ཡིས་ཐ་སྙད་ཀྱི་གཙང་བོ་བརྒལ་ནས་རེ་ཐག་ཆད་པའི་དམུས་ལོང་གི་འཇིག་རྟེན་ཧྲིལ་གྱིས་བརྒལ་བ་ཁྱེད་ཀྱིས་མཐོང་ངམ།   ང་ཡིས་ཐོས་བསམ་གྱི་གཡོར་གྲུ་བསྐོར་ནས་གཡོ་ཁྲམ་ཆེ་བའི་ལྐོག་གྱུར་གྱི་མི་ཚོགས་དང་བར་ཐག་རྒྱང་དུ་བགྱེད་པ་ཁྱེད་ཀྱིས་ཤེས་སམ།   ཧི་ཧི་་་་  དེ་ནི་ཁྱེད་ཀྱིས་མ་ཤེས་ཀྱང་སྐྱོན་མི་འདུག་སྟེ།   ང་རང་འཇིག་རྟེན་འདིར་འཚོ་ཞིང་གནས་པ་ནི་ཁྱེད་ཀྱི་མིག་ལམ་དུ་གནས་པའི་ཆེད་དུ་མ་ཡིན་ལ།   ཁྱེད་ཀྱི་བདེན་པའི་སྟོང་བའི་འཛུམ་ཞལ་གྱིས་སྲུང་བའི་ཆེད་དུའང་མ་ཡིན་ནོ།།    ཕྱི་རོལ་གྱི་ཉི་མ་གཞོན་ནུ་དྭངས་བསིལ་གྱི་ཚུལ་དུ་མཁའ་ལ་འཕགས་ཤིང་།   གྲང་ཞིང་འཁྱག་པའི་འཇིག་རྟེན་གྱི་སྒེའུ་ཁོང་ནང་དུ་ཡང་ཡང་ལྷུང་།   འོན་ལྐུག་གི་མི་སེམས་ཁྲོད་དུ་བཙོ་སྦྱང་མ་ཐུབ་པའི་རྣམ་རྟོག་གི་རྟ་ཕོ་རྒྱང་རིང་ལ་རྒྱུག་ཀྱང་།   ཁྱེད་ཀྱིས་ཤེས་རབ་ཀྱི་འཚོ་བ་རོལ་ཞིང་།   ཤེས་རབ་ཀྱིས་ལང་ཚོ་སྲུང་དགོས་ཨང་།         

            དེ་ལྟ་ནའང་ང་ཡི"རང་བཙན་གྱི་རང་གཤིས"དེ་ནི་སྙིང་སྟོབས་ལྡན་པའི་ཕུགས་བསམ་དང་རིག་གནས་ཀྱིས་བསྲུང་འདུག་ཨང་།  ཅེས་ཀྱང་འཚོ་བའི་གནས་ལུགས་རྟོགས་མཁན་གྱི་གཞོན་ནུ་དག་ལ་ང་ཡིས་རྒྱང་ལྟ་ཐེངས་གཅིག་བྱས་རྗེས།   "ང་ཚོས་གདམ་ག་ནི་སྙིང་ལ་རལ་གྲི་བཅུག་པའི་འཚོ་བའི་ལག་དམར་བྱ་རྒྱུ་དེ་མ་ཡིན་པར་སྙིང་རྗེ་དང་ཆོག་ཤེས་ཀྱི་རོལ་མོ་དཀྲོལ་བའི་མཇུག་མཐའི་གཞས་པ་དེ་བྱའོ"ཞེས་ཡང་ཡང་འབོད་དགོས་བྱུང་།