སྙན་ངག་སྐོར་བྲོ།

    རྩོམ་པ་པོ། མྱི་གསར་བས།

བཅད་རྩོམ།
         སྙན་ངག་སྐོར་བྲོ།
                                                མྱི་གསར་བ། མི་ཉག


སྤྲིན་དཀར་ནག་ཉི་ཁྱིམ་མཚོ་ལས་བྱུང་།།
མཚོ་སྔོན་མོའི་ལང་ཚོ་ནམ་མཁར་འཁྲུངས།།
གསེར་ཉི་མ་ཆ་གཅིག་མཚོ་མཐར་ཤར།།
ཁྲ་ཆིལ་ཆིལ་སྐར་མདའ་མཚོ་ངོར་ཟགས།།
རླུང་སྨུག་སྤྲིན་འཇམ་པོ་རི་ལ་འཁྱིལ།།
སྟོན་ཤིང་ལོ་གསེར་གྱི་སྙེ་མ་གཡོ།།
རྩྭ་ལྗང་སྨྱུག་ཟིལ་བ་ཆར་གྱིས་བརླན།།
ཆུ་པདྨ་འདབ་བརྒྱད་ལོ་མ་ལྡེམ།།
ཚོན་སེར་ནག་རི་མོ་པ་ཏྲའི་ནང་།།
འཇའ་སེར་ནག་ཉ་མོ་འཁྱུག་འཁྱུག་བྱེད།།
གཟི་མེ་ཏོག་སྡུམ་ར་ཚུར་འཁོར་ཡང་།།
ཞག་ལོ་ཟླ་བརྒལ་རྗེས་གསལ་ཙམ་འཚེར།།
གོས་རི་མོ་འབྲུག་གི་ཐིག་ལེ་ཡང་།།
དགུང་སྐར་རྗེན་གཟི་ཁྲ་ལྡེམ་པ་བཞིན།།
སྡེ་ཁྲོམ་ཆེན་འཛོམ་ཉིན་མཛེས་ལམ་མེར།།
མིག་སྐར་ཆེན་ཤར་བའི་ནང་ལ་ལྷུང་།།
ལུས་ཟླ་བ་རང་ཤར་དྲོད་ཀྱིས་གསོས།།
སེམས་ཉི་མ་རང་ཤར་དགའ་སྤྲོའི་བརྟས།།
སྐྱིད་རེ་བའི་ནམ་མཁའ་གསལ་བས་ན།།
སྐྱིད་ངོ་མཚར་འཇིག་རྟེན་སྙིང་དུ་སྡུག །
                2018  2   18
 
སེམས་ངལ་གྱི་མཛེས་པ།

མཚན་མོར་རི་དྭགས་སྣ་ཚོགས་སླེབས་བྱུང་བས།།
ཉི་ཟླའི་མིག་གཉིས་མཛེས་པའི་གདོང་ལ་དྲུད།།
སྨྲེང་བའི་གཞས་དང་གློག་འོད་སྨུག་ནག་ལས།།
འཇིག་རྟེན་མཛེས་པའི་སྐྱོ་བ་ནམ་ཡང་མཐོང་།།
འཆར་ཡན་མེ་མདའ་བཞིན་དུ་འཕངས་པ་ཡིས།།
སེམས་ཀྱི་ཁ་བ་སེམས་ཀྱི་ཉི་མས་བཞུས།།
ཕྱི་རོལ་མུན་པས་བཏུམས་ཀྱང་རླུང་ཁ་སྐྱེན།།
སྙིང་ཉེ་འཁྱག་གམ་བསམ་ནས་སེམས་འཚབ་སྐྱེ།།
བརྩེ་དུང་ཆུ་རྐྱང་མཆོད་པའི་དུས་ཚིགས་ནི།།
ཉི་འོད་རྒྱལ་ཁབ་འདི་ནས་གཅིག་པུར་རོལ།།
ཤེས་རབ་མེ་སྟག་སྣ་ཚོགས་འཁྲིགས་པ་ཡིས།།
ཕ་ཡུལ་ཉི་འོད་སེར་པོའི་གཟི་བྱིན་ཡང་།།
སུས་ཀྱང་མ་མཐོང་ལག་པའི་ནང་དུ་བཞུགས།།

སྐྱོ་བྱུང་མི་རྣམས་གཉིད་པའི་མཚན་མོ་དག །
རླུང་དང་མུན་ནག་མཛེས་སྡུག་སྣ་ཚོགས་མཐོང་།།

རང་སེམས་སྐྱིད་པས་བཟི་ཡང་ངུ་སྙིང་བྲོད།།
རང་སེམས་མཛེས་པས་གདུང་ཡང་ངུ་སྙིང་བྲོད།།
                        2017   10   7

 
 སེམས་དང་ལག་པའི་མཚན་མོ།

མཚན་མོ་མཐའ་ཡས་རྒྱ་མཚོ་ཡིན་ཆུ་སྲིན་སྐྱིད་པའི་གར་ཡང་འཁྲབས།།
མཚན་མོ་སྤྲིན་གྱི་ནམ་མཁའ་ཡིན་གླག་ཆུང་བསོར་བའི་མིག་ཀྱང་གཡོ།།

མཚན་མོ་ཉི་ཟླ་སྐར་གསུམ་ཡིན་འཇིག་རྟེན་གསལ་བའི་འོད་ཀྱང་འབྱིན།།
མཚན་མོ་ས་ཆུ་མེ་རླུང་ཡིན་ལུས་སེམས་སྐྱིད་པའི་ངལ་ཡང་གསོ།།

མཚན་མོ་ལུས་ཀྱི་མེ་ལོང་ཡིན་སྙིང་སྡུག་རྒུན་ཆང་བཞིན་དུ་བཏུང་།།  
མཚན་མོ་སེམས་ཀྱི་ཀོ་གྲུ་ཡིན་འཆར་ཡན་རྟ་ཕོ་གཡང་ལ་མཆོང་།།

མཚན་མོ་ཞི་བའི་དར་ཐང་ཡིན་རྨི་ལམ་སྟོང་གི་རབ་ཁ་གསལ།།
མཚན་མོ་ལམ་དང་ལས་སྐལ་ཡིན་འོད་མཚན་བྱེ་བ་འབུམ་ཡང་འཕྲོ།།

མཚན་མོ་འཁོར་བའི་དོན་སྙིང་ཡིན་ཟག་བཅས་སྐྱིད་པའི་མིག་ཀྱང་ལྡེམ།།
མཚན་མོ་ཚེ་ཡི་ལོངས་སྤྱོད་ཡིན་སྣ་ཚོགས་གཞས་ཀྱི་སྙན་དབང་གསོ།།

མཚན་མོ་འཁྱག་པ་གངས་རི་ཡིན་སེམས་དང་སྨུག་པའི་བར་ཐག་རིང་།།
མཚན་མོ་རིགས་ཀྱི་རྣམ་ཤེས་ཡིན་དམར་པོ་སྲོག་གིས་ནམ་མཁའ་མཆོད།།

མཚན་མོ་སྨྲ་བརྗོད་རང་དབང་ཡིན་གདུང་བའི་སེམས་ཉིད་ཆང་གིས་བཀྲུ།།
མཚན་མོ་སྒེར་གྱི་ཆོས་ལུགས་ཡིན་མཐོང་གྲོལ་ནམ་མཁའི་ཚུལ་དུ་འགྲེལ།།
                         2017   6   6

                                              རྩོམ་སྒྲིག་པ། འཕགས་མི།