ང་ཡི་ཁེར་རྐྱང་གི་རྨི་ལམ།

    རྩོམ་པ་པོ། མྱི་གསར་བ།

ལྷུག་རྩོམ།
       ང་ཡི་ཁེར་རྐྱང་གི་རྨི་ལམ།                  
                       མྱི་གསར་བ། མི་ཉག


ང་ནི་ཁེར་རྐྱང་ལ་ཞེ་གཏིང་ནས་དགའ་ཞིང་།   ཁེར་རྐྱང་གི་འཚོ་བ་དང་སློབ་སྦྱོང་ལ་དད་མོས་བྱ་མཁན་གྱི་མི་ཞིག་ཡིན།  ང་ལ་ཁེར་རྐྱང་གི་རྨི་ལམ་ཡོད་ཅིང་།  ཁེར་རྐྱང་གི་བརྩེ་དུང་ཡོད།   ཁེར་རྐྱང་ནི་སྟོན་མཇུག་དང་མཚན་མོ།  ཉི་འོད་དང་རང་དབང་མཐོང་ཐུབ་པའི་ཉམས་ལེན་ཞིག་རེད་དོ་བསམ།   ཁེར་རྐྱང་ནི་གངས་ལྗོངས་དང་ནགས་ཚལ།   ནམ་མཁའ་དང་མི་རིགས་དྲན་ཆོག་པའི་བློ་སྦྱོང་ཞིག་རེད་དོ་བསམ།   ཁེར་རྐྱང་གི་དུས་སུ་མཛེས་སྡུག་གི་འཇིག་རྟེན་མཛེས་སྡུག་ཉིད་དུ་མཐོང་ཐུབ་ཅིང་།   མཛེས་སྡུག་གི་འཚོ་བ་སྙིང་པོ་ཅན་དུ་རོལ་ཐུབ།    ཁེར་རྐྱང་གི་དུས་སུ་མཛའ་མཐུན་གྱི་གྲོགས་པོ་དང་ཡིད་འོང་གི་སྙིང་ཉེ་དྲན་ཡང་འཛེམ་བག་མེད་པར་བརྩེ་དུང་གི་ལ་གཞས་སིང་སེར་གཏོང་ཆོག་པ་མ་ཡིན་ནམ།   ཁེར་རྐྱང་གི་དུས་སུ།  ང་ཡི་ཚེ་སྲོག་གི་སྐད་ཅིག་རེ་རེ་དང་འབྲེལ་བ་ཡོད་པའི་དུས་ཚོད་ཉེར་བཞི་པོ་སློབ་སྦྱོང་དང་བསམ་གཞིག་བློ་སྦྱོང་གི་སྒོ་ནས་སྐྱེལ་ཐུབ།  དེ་བས་ང་ལ།   ཁེར་རྐྱང་གི་རྨི་ལམ་ཞིག་ཡོད་པ་ཡིན།   ཁེར་རྐྱང་གི་རྨི་ལམ་ཞིག་ཡོད་པ་ཡིན་ཨང་།  
 
ལོ་འདི་དག་གི་རིང་ལ།   ངས་ནམ་རྒྱུན་སྒྱུ་རྩལ་གྱི་མིག་ཤེལ་གྱོན་ཏེ་མཛེས་སྡུག་འཚོལ་དོན་ནི་རང་ཉིད་ཀྱིས་སྙིང་ཉེ་བའི་རང་ཉིད་ལ་མཛེས་སྡུག་གི་འཇིག་རྟེན་ཞིག་བསྐྲུན་པའི་ཆེད་དུ་ཡིན།   སྐྱེ་བ་འདིར་ངས་རང་ཉིད་ལ་འཚམས་ཤིང་རང་ཉིད་མགུ་ཐུབ་པའི་ལྷིང་འཇགས་ཀྱི་འཚོ་གནས་ཤིག་བསྐྲུན་བསམ་པས་ཡིན།   ངས་ནི་མི་རྣམས་ཀྱིས་ང་ལ་ལྟ་ཚུལ་ཅི་འདྲ་ཞིག་བཟུང་ཡོད་པར་བསམ་བློ་མི་གཏོང་བར་མཛེས་སྡུག་དང་རང་ཉིད་ཀྱི་བར་ཐག་ལ་བསམ་བློ་གཏོང་བཞིན་ཡོད།  ངས་ནི་འཇིག་རྟེན་གྱི་སྙན་གྲགས་དང་ཐོབ་ཐང་ལ་བསམ་བློ་མི་གཏོང་བར་རང་ཉིད་ཀྱི་ཤེས་འཇོན་དང་བློ་སྦྱོང་ལ་བསམ་བློ་གཏོང་བཞིན་ཡོད།    ངས་རང་བྱུང་ཁམས་ལ་གསོལ་བ་དྲག་ཏུ་བཏབ་ཏེ་མཛེས་སྡུག་མཐོང་ཐབས་བྱས་མོད།  དོན་དམ་པར་མཛེས་སྡུག་ནི་རང་ཉིད་དང་འབྲེལ་ཡོད་ཀྱི་དངོས་པོ་རེ་རེའི་སྟེང་དུ་མི་མངོན་པར་གནས་འདུག   དེ་བས་ངས་རང་ཉིད་དང་འབྲེལ་ཡོད་ཀྱི་དུས་ཚོད་ཆ་ཤས་རེ་རེ་ཡང་མཛེས་སྡུག་གི་མེ་ལོང་ཞིག་ཏུ་བསྒྱུར་ན་འདོད་བྱུང་ངོ་།   
 
འུར་ཟིང་དང་བཅོས་མས་བསླད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཁེར་རྐྱང་ཉམས་སུ་ལེན་པ་ནི་ཁེར་རྐྱང་ལ་དགའ་བ་ཙམ་གྱིས་ཆོག་པ་ཞིག་གཏན་ནས་མ་རེད།   སྤྱི་ཚོགས་ཀྱི་འབྲེལ་ལམ་དགོས་མཁོ་དང་།   འཚོ་བའི་དཀའ་ཁག    དངོས་ཡོད་བསླུ་བྲིད་ཀྱིས་དབང་གིས་ད་དུང་ང་རང་ཁེར་རྐྱང་ལ་འདྲིས་ཤིང་ཁེར་རྐྱང་ལ་གོམ་ཐབས་བྱུང་མེད།  དེ་ནི་ང་ཁེར་རྐྱང་གི་མཛེས་སྡུག་ལ་སྙིང་ཐག་པ་ནས་མི་དགའ་བས་མ་ཡིན་པར་ཁེར་རྐྱང་ལ་ཕྱོགས་པའི་གོ་རིམ་ནི་བློས་བཏང་དང་ནོན་ཤུགས་དྲག་པོ་མྱོང་དགོས་པའི་གོ་རིམ་ཞིག་ཡིན་པས་རེད།   དེ་བས་ངས་ད་ལྟ་རང་གཅུན་རང་སྡོམ་གྱིས་འབད་བརྩོན་དྲག་པོ་བྱས་ཏེ་བར་ཐག་གིས་ཆོད་པའི་ཁེར་རྐྱང་ལ་གདུང་འབོད་བྱ་བཞིན་ཡོད།   ཉི་འོད་ནང་གི་བུ་ཕྲུག་ལགས།   འཇིག་རྟེན་འདི་དང་སྤྱི་ཚོགས་འདི་ལ་ཆ་བཞག་གཏན་ནས་མི་འདུག་ཨང་།   དར་རྒུད་ཀྱི་རླུང་ཤིན་ཏུ་ལྡང་བའི་མི་ཚེ་གཅིག་ལ་རང་ཉིད་ནི་རང་དབང་གི་བུ་ཕྲུག་ཅིག་ཡིན་པ་ར་སྤྲོད་བྱ་འདོད་སྐྱེས།  ད་ལྟ་ནས་ངའི་མིང་ལ།  རང་དབང་གི་བུ་ཕྲུག་ཟེར།   ཁེར་རྐྱང་གི་བུ་ཕྲུག་ཟེར། 
 
བར་ཐག་མཛའ་བརྩེ་ཡིས་སྦྲེལ་བའི་གཉེན་མི་དང་གྲོགས་པོ་རྣམས་པ།   ངས་མངོན་ཆོས་ཀྱི་ཞལ་འབག་གྱོན་ཏེ་མི་ཚོགས་ལ་འཛུམ་མདངས་བསྟན་ན་དེ་ལ་བཅོས་མ་དང་རྫུན་མ་ཟེར་རོགས།   ངས་མངོན་ཆོས་ཀྱིས་གུས་བཀུར་བྱས་ཏེ་མི་ཚོགས་ལ་ལག་པ་བསྲིང་ན་དེ་ལ་བཅོས་མ་དང་རྫུན་མ་ཟེར་རོགས།   བཅོས་མ་དང་རྫུན་མ་ནི་འཇིག་རྟེན་ཁམས་ཀྱི་བདེན་པ་དང་གནས་ལུགས།   འདྲ་མཉམ་དང་དྲང་བདེན་ལ་རྒྱབ་གཏོད་པའི་ནག་ཉེས་ཚབ་ཆེན་ཞིག་རེད།  འཛམ་གླིང་དང་དུས་རབས་ལ་ཁྲེལ་མེད་བཟོ་བའི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་རེད།   ཡིན་ནའང་རང་ཉིད་ཀྱི་རང་དབང་དང་མཛེས་སྡུག་གི་གོ་བ་ནི་གང་དྲན་དྲན་ཞིག་མ་ཡིན་པར་ཚུལ་མཐུན་དང་ཁྲེལ་ཡོད་ཅིག་ལ་ངོས་བཟུང་ནས་དེ་ཡི་དོན་སྙིང་དང་མཛེས་སྡུག་འཚོལ་བཞིན་ཡོད་ཨང་།
 
གལ་ཏེ་འཇིག་རྟེན་འདི་ཞོགས་པ་ཞིག་ཡིན་པའི་དབང་དུ་བཏང་ན།   ངས་རང་ཉིད་ནི་ཁེར་རྐྱང་གི་སྐྱ་མདའ་དང་ཉི་འོད་བྱས་ཏེ་སྤྲོ་སྐྱིད་ཀྱི་དོན་སྙིང་འཚོལ་བར་འདོད།  གལ་ཏེ་འཇིག་རྟེན་འདི་ཕྱི་དྲོ་ཞིག་ཡིན་པའི་དབང་དུ་བཏང་ན།   ངས་རང་ཉིད་ནི་ཁེར་རྐྱང་གི་མཚམས་སྤྲིན་དང་ཉི་ནུབ་བྱས་ཏེ་སྨྲེང་སྐྱོ་ཡི་མཛེས་སྡུག་འཚོལ་བར་འདོད།                                                                2018

ཁྲོམ་ཚོགས་ཀྱི་འདུ་འཛིར་གནས་བཅས་ནའང་སྙན་ངག་པ་ནི་སྔར་མུས་སུ་དབེན་པར་གནས་པ་ཡིན་ལ།   སྙན་ངག་གི་ཚོར་སྒོ་མཆིས་ས་ན་ཁེར་རྐྱང་ཡང་མཆིས།
                               ________ཨེ་མེར་སོན་གྱིས།

 
མཚན་མོ།
        
མཚན་མོ་ཞེས་པ་ནི་ཅི་ཞིག་ཡིན་ནམ།   མཚན་མོ་ཞེས་པ་ནི་སྙིང་པོ་སྣ་ཚོགས་དང་བར་ཐག་ཉེ་ཞིང་།   འཇིག་རྟེན་དཀར་ནག་དང་བར་ཐག་རིང་བའི་སྐད་ཅིག་མ་བརྒྱའི་རྗེས་ཀྱི་ལོངས་སྤྱོད་ཅིག་ཡིན་པ་འདྲ།   རྩོམ་པ་པོ་ལགས་ཀྱི་དོ་ནུབ་སླར་ཡང་ཆང་བཞེས་ཀྱིན་འདུག    གློ་བུར་ཏུ་ངའི་གདོང་ལ་ཅེར་ནས་སྐད་ཆ་ལྡབ་ལྡིབ་ཀྱི་ངང་དུ།  ཞི་ལུ"ཁྱོས"མཚན་མོ"ཤེས་སམ་ཟེར།   ངས་ཅི་ཡང་མ་སྨྲས་པས།  ཁོས་སླར་ཡང་ཆང་དཀར་ཧུབ་གང་ཚ་འཇོང་བྱས་ཏེ།   མཚན་མོ་ནི་རང་ཉིད་གཅིག་པུ་ལ་དབང་བའི་ཁེར་རྐྱང་གི་ལོངས་སྤྱོད་དེ་རེད།   མཚན་མོ་ནི་རྨི་ལམ་ལྟ་བུའི་འཇིག་རྟེན་འཁོར་བའི་སྙིང་པོ་མཐར་ཐུག་པ་དེ་རེད།    མཚན་མོ་ནི་འཆར་ཡན་གྱི་རྟ་ཁྱུ་ཞོགས་སའི་རྣམ་རྟོག་ཁང་གི་གཟུགས་དང་སྒྲ་རེད་ཟེར།   རྩོམ་པ་པོས་ནམ་རྒྱུན་རེས་གསལ་རེས་མོག་གི་སྐད་ཆ་བཤད་ཀྱིན་ཡོད་ནའང་སྐད་ཆ་འདི་ནི་ང་དང་བར་ཐག་ཉེ་བའི་སྐད་ཆ་ཞིག་ཡིན་པ་འདྲ།    
 
རྒྱུ་མཚན་ནི།   མཚན་མོ་སླེབས་པ་ན་ངས་ནམ་རྒྱུན་ཁོ་ཧྥེ་ཕོར་བ་གང་འཐུང་བཞིན་འདི་ལྟར་བསམ་བློ་གཏོང་བཞིན་ཡོད་དེ།   མི་རྣམས་ལ་མཚོན་ན།   ཉིན་དཀར"ནི་ངལ་རྩོལ་དང་བྲེལ་ཟིང་དང་འགྲན་རྩོད་དང་འཐབས་འཁྲུགས་དང་སློབ་སྦྱོང་སོགས་ཀྱི་དབང་དུ་གྱུར་ནས་འཇིག་རྟེན་གྱི་མཛེས་སྡུག་དང་རང་བྱུང་ཁམས་ཀྱི་གསང་བ་གང་མང་ཞིག་དང་བར་ཐག་ཤིན་ཏུ་རིང་བར་ལུས་ཡོད་པར་བསམ་ཞིང་།  ཉིན་དཀར"ནི་མི་དགེ་བའི་དུག་རླུང་ཕྱོགས་སུ་འཐོར་ཏེ་རྒྱུ་འབྲས་དང་བདེན་ལུགས་དང་ཞི་བདེ་དང་ལྷིང་འཇགས་དང་ཆོག་ཤེས་སོགས་ལ་གནོད་སྐྱོན་ཚབ་ཆེན་གཏོང་བའི་དུས་ཚིག་དེ་ཡིན་པར་བསམ་གྱིན་ཡོད།   མི་རྣམས་ངལ་དུབ་ཀྱིས་ཅི་ལྟར་ནོན་དྲག་ནའང"མཚན་མོ"ཁོ་ནར་སོས་དལ་གྱི་ངང་དུ་འཚོ་ཆོག་པ་མ་ཡིན་ནམ།   མི་རྣམ་འགྲན་རྩོད་ཀྱིས་ཅི་ལྟར་མནར་དྲག་ནའང"མཚན་མོ"ཁོ་ནར་ལྷོད་སེམས་ཀྱི་ངང་དུ་གནས་ཆོག་པ་མ་ཡིན་ནམ།  མི་རྣམས་འགན་འཁྲི་དང་འཚོ་བའི་གནོན་ཤུགས་ཀྱིས་ཅི་ལྟར་གདུང་ནའང"མཚན་མོ"ཁོ་ནར་བག་ཕེབས་ཀྱི་ངང་ནས་ཅི་ཡང་མི་དྲན་པའི་ཚུལ་གྱིས་གཉིད་ཐུམ་ཐེངས་གཅིག་རྒྱག་ཆོག་པ་མ་ཡིན་ནམ།   དེ་བས་ངས་ནམ་རྒྱུན།   ཨེ་མ་མཚན་མོ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་བསམ་བཞིན་ཡོད།    
  
མཚན་ཕྱེད་སླེབས་པ་ན་ང་རང་ནམ་རྒྱུན་ཁང་གླད་དུ་འགོས་ནས་རྒྱང་རིང་ལ་ལྟ་བཞིན་ཡོད་ཅིང་།   ཤིན་ཏུ་རྒྱང་ཐག་རིང་བ་མཐའ་དག་མཚན་མོ་ཁོ་ནར་མཐོང་ཐུབ་པའི་སྣང་བའང་འཆར་བཞིན་ཡོད།   དོ་ནུབ་གློ་བུར་ཏུ་ངའི་རྟགས་རྒྱབ་ཀྱི་སྟར་སྡོང་སྟེང་དུ་འུག་པ་ཞིག་མིག་སེར་ལོང་ངེར་ཁུ་སིམ་མེར་བསྡད་འདུག   བལྟས་ཚོད་ལ་འུག་པ་དེས་ཀྱང་ཤིན་ཏུ་བག་ཕེབས་ཀྱི་ངང་རྒྱང་རིང་ཞིག་ལ་བལྟས་ཡོད་པ་འདྲ་ཞིང་།   ཤིན་ཏུ་ཞིབ་ཚགས་ལྡན་པའི་འཆར་ཡན་གྱི་སྒོ་མོ་ཡངས་པོར་ཕྱེས་ཏེ་སེམས་ངལ་གསོ་བཞིན་ཡོད་པའང་འདྲ།  སྐབས་དེར་ངའི་སེམས་སུ་འུག་པ་ནི་འཇིག་རྟེན་སྟེང་གི་ཆེས་ཡིད་དུ་འོང་བའི་མཚན་མོ་རོལ་མྱོང་བྱེད་ཤེས་མཁན་གྱི་སྲོག་ཆགས་ཏེ་རེད་དོ་བསམ།   འུག་པ་ནི་འཇམ་ཐང་ཐང་གི་ལྷིང་འཇགས་ཀྱི་མཛེས་སྡུག་ལ་སེམས་གཏིང་ནས་དགའ་བའི་སྲོག་ཆག་ཅིག་རེད་དོ་བསམ། 
 
མཛེས་སྡུག་གི་ར་བར་ལྷུང་བའི་ང་ཡི་ཚོར་བ་དང་འདུ་ཤེས།   སྙིང་པོ་ཆང་བཞིན་དུ་འཐུང་བར་དགའ་བའི་ང་ཡི་ལུས་ངག་ཡིད་གསུམ།  འཇིག་རྟེན་འདིར་མཚན་མོ་ཡོད་པས་ཁྱོད་རང་མཛེས་སྡུག་གི་ངང་འཚོ་ཆོག་ཨང་།  བསམ་བློ་ཞིབ་ཏུ་བཏང་ན།   མཚན་མོ་ནི་སྙན་ངག་ཅིག་རེད།   མཚན་མོ་ནི་བུད་མེད་ཅིག་རེད།   མཚན་མོ་ནི་རོལ་དབྱངས་ཤིག་རེད།  མཚན་མོ་ནི་མཐོང་བར་དཀའ་བའི་མཛེས་སྡུག་གི་སྙིང་པོ་ཞིག་རེད།   མཚན་མོ་ནི་ཉིན་དཀར་ལས་ཀྱང་དྭངས་གཙང་དང་ཁོ་ལགས་རྫོགས་པའི་དུས་ཚིགས་ཤིག་རེད་ཨང་།   མཚན་མོ་འདིར།   ང་ཡི་ཀླད་ཆེན་ནས་འོད་ལམ་ལམ་གྱི་ཉི་འོད་འཚེར་བྱུང་།   མེ་སྟག་ཁྲོམ་ཁྲོམ་དུ་འཚུབ་པའི་ཤེས་རབ་འཚེར་བྱུང་།   མིའི་རིགས་ཀྱི་འཚོ་བའི་སྟོང་ཆ་སྐོང་བའི་སྙིང་རྗེ་འཚེར་བྱུང་།   སྙིང་ཉེ་བའི་རིང་ཉིད་ལགས་་་མིག་ཟུང་ཡངས་པོར་ཕྱེས་དང་།  དོན་དམ་པར་འཇིག་རྟེན་ནི་ཤིན་དུ་ཡིད་དུ་མི་འོང་བ་ཞིག་མིན་པ་འདྲ།
 
མཚན་མོ་ཞེས་པ་ནི་རང་སེམས་འཆར་སྒོ་ཡི་ཉི་འོད་ཚད་བཀག་མེད་པར་སྤྲོ་ཆོག་པའི་ཡིད་དུ་འོང་བའི་སྐར་མའི་འོག་གི་འཇིག་རྟེན་ལ་ཟེར།   མཚན་མོ་ཞེས་པ་ནི་དྲན་གདུང་དང་བརྩེ་དུང་གི་གདུང་སྐབས་ཟླ་བའི་མེ་ལོང་གི་ངོས་ནས་ཅི་ཡང་མཐོང་ཐུབ་པའི་དུས་ཚིགས་ལ་ཟེར།   མདོར་ན་མཚན་མོ་ནི་རང་ཉིད་ཆེས་མགུ་སའི་འཇིག་རྟེན་ཁམས་ཀྱི་མཛེས་སྡུག་མཐར་ཐུག་པ་དེ་ལ་ཟེར་རོ། 
                                   2017  10  16


                                                                རྩོམ་སྒྲིག་པ། འཕགས་མི།