ངེས་མེད་ཀྱི་ཕ་ཡུལ།

    སྡོང་བོ། དཀར་མཛེས།


ངེས་མེད་ཀྱི་ཕ་ཡུལ།

             སྡོང་བོ།  དཀར་མཛེས།


         ཉི་ཟླའི་འཆར་ནུབ་ཀྱི་བང་རིམ་ཁྲོད་ནས་མྱི་སེམས་ནི་སྙི་མོར་འགྱུར་འདུག དགའ་སླ་ལ་སྐྱོ་ཡང་སླ། ངས་དཔེ་དེབ་རེ་གཉིས་ཀྱི་ཤོག་ལྷེ་ཕར་སློག་ཚུར་སློག་བྱས་ཤིང་བསམ་གཞིག་གི་སྒོ་མོ་རུ་བསླུ་བྲིད་ལ་འབྱར་བའི་འཚོ་བའི་སྙིང་པོ་ལ་སུན་སྣང་སྐྱེས། ངས་སྙན་ངག་དང་སེམས་པར་སེམས་པས་ཁེན་ཏེ། སྐྱོ་བའི་གྲང་ངར་དང་ལྷགས་རླུང་རྒོད་པའི་དོ་ཞག་གི་སེམས་ཁམས་ལ་ཞིབ་འདང་བརྒྱབ་ཚེ། ང་ལ་མཚོན་ན་ངེས་ཆ་དེ་ཙམ་མེད་པའི་ཕ་ཡུལ་ལུང་བ་དེ་དྲན་ཡོང་ལ། ལོ་ལོན་གྱི་རྒན་འཁོགས་རེ་གཉིས་མ་གཏོགས་རྒྱུས་གོམས་ཞན་པའི་ཕ་ཡུལ་གྱི་མི་ཚོགས་དྲན་ཡོང་། དྲང་མོ་བཤད་ན་ཁོ་བོས་ཉེ་ལམ་ཕ་ཡུལ་དུ་ལོག་ཐེངས་དེ་ནི་ལོ་གཅིག་སྔོན་ཡིན་ལ། ། ཕ་ཡུལ་ལོག་ཐེངས་དེ་ནི་ཁོ་བོས་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་བཅོ་བརྒྱད་ལོན་པའི་དུས་ཚོད་ཁྲོད་དུ་ཐེངས་དང་པོ་ཕ་ཡུལ་ལ་ལོག་ཐེངས་དེ་རེད། ཕ་ཡུལ་ལ་ལོག་ཐེངས་དེས་ཁོ་བོ་དེ་རིང་སེམས་ཀྱི་སྐྱོ་ངལ་དང་སུན་སྣང་མཐའ་དག་ཞིབ་འཇགས་སུ་གཏོང་བ་དང་ཕྱི་དྲན་གྱི་ཞིང་ཁམས་ཤིག་ཏུ་འཁྲིད་པའི་དམིགས་འདུན་ཞིག་ཡོད་པར་གྱུར་ཞིང་། གྲང་མེད་པའི་ལོ་ཟླ་དང་ཉིན་མཚན་བར་ནས་བདག་ལ་ཡང་ཕ་ཡུལ་ཞེས་པའི་སེམས་ཀྱི་བརྟེན་གཞི་ཞིག་ཡོད་པར་གྱུར། འཇིག་རྟེན་དཀར་ནག་ཕྱི་ནང་བརྒལ་བའི་དྲན་པ་འདི་དག  སོར་རྩེར་བབས་པའི་ཚིག་གིས་མཚོན་ཐམས་བྲལ་ཡང་ཟད་མཐར་མེད་པའི་རྨི་ལམ་དུ་ང་དང་ཕ་ཡུལ་ཁོ་ན་དབང་བའི་དུས་ཚིགས་གསར་བ་ཞིག་ཀྱང་ཡོད་པར་འགྱུར་ལ་སེམས་ཀྱི་དྲན་ཤིང་སྐྱོ་བས་བརྟོལ་ཏེ་གྲང་ངར་ཙག་གིས་བསྡམས་ཤིང་། ཞལ་འཛོམས་ལས་ཀྱི་མདུད་པ་ཆད་ནས་སྨྲེང་བའི་ཡོལ་རས་སྲས་མོས་ལས་སེམས་ཡོངས་སུ་བསྒྲིབ་དུས། རེ་བའི་འོད་སྣང་ཞིག་ཀྱང་བསྩལ་བྱུང་།


          མི་ལོ་བཅུ་དགུའི་སྔོན་2004ལོ་སྟེ་རང་ལོ་བཞིའི་སྟེང་། ཁོ་བོའི་མིང་སྲིང་དག་སློབ་གྲྭར་སྐྱེལ་རན་བ་དང་། དེ་ལས་གཞན་པའི་དགོས་པ་མང་པོ་ཞིག་གིས་རྐྱེན། ངེད་ཚང་ཁྱིམ་གཞིས་སྨུག་པོ་ཕ་ཡུལ་གྱི་རུམ་ཁོང་དྲོད་མོ་དང་གྱེས་ཕྱག་ཕུལ་ཏེ་རྫོང་མཐའ་རུ་གཞིས་བཅས། དུས་དེ་ནས་བཟུང་ན་ནིང་མ་ཐུག་གི་བར་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཕ་ཡུལ་ཕྱིར་ཐེངས་གཅིག་ལོག་པའི་སྐལ་བ་ཀྱང་མ་ལྡན་པར་ལྷག ལོ་ཟླའི་གཙང་བོ་ཡི་བཞུད་བརྒྱུད་ཁྲོད་དུ་ཁོ་བོ་ཡུལ་སྟོད་སྨད་བར་གསུམ་མང་པོ་ཞིག་ཏུ་ཉུལ་ན་ཡང་། ད་ལྟའི་རང་ཁྱིམ་ཆགས་སའི་རྫོང་མཁར་དེ་དང་ལེ་བར་བརྒྱ་ཡི་བར་ཐག་ལས་མེད་པའི་ཕ་ཡུལ་ལུང་བར་དེ་རུ་ཕྱིར་ལོག་ཐེངས་གཅིག་བྱ་བའི་སྐལ་བ་གཞི་ནས་མ་མཆིས།  ནམ་རྒྱུན་ཡར་འགྲོ་མར་འགྲོ་ཡི་ལམ་བར་ནས་ཕ་ཡུལ་ཕྱོགས་སུ་འཐེན་པའི་རྡོ་ལམ་སྐྱ་བོ་དེ་མིག་གིས་མཐོང་ཡུལ་དུ་མངོན་དུས། ཕ་ཡུལ་གྱི་རི་ལུང་ཐང་གསུམ་གྱི་མཛེས་པ་མྱོང་བའི་སྐལ་བ་མ་ལྡན་ནས་ཡུན་རིང་ཟིན་ནའང་། རྒྱུས་ཡོད་ཡོད་འདྲ་བའི་རི་ཚོགས་དང་ཕ་ཡུལ་ལུང་བ་ཁྲོད་ནས་བཞུད་པའི་གཙང་ཆུའི་རླབས་ཕྲེང་དག་ལ་བལྟས་ཏེ། ངའི་སེམས་སུ་ཤེས་མེ་ཚོར་མེད་ཀྱི་ངང་ལ། སྔར་མེད་པའི་སྣང་བ་བསྐྱུར་མོ་ཞིག་གིས་ཚོར་གཤིས་སུ་མག་མོག་དུ་འགྱུར་པའི་ཕ་ཡུལ་གྱི་ཁོ་ར་ཁོར་ཡུག་དང་གོམས་ཁ་ཁྱར་ཁྱོར་སྤོ་སྟེ་ཁང་རྒྱབ་ཀྱི་གྱང་ཁའི་ས་ཟོས་རྗེས་ཨ་མའི་ཐལ་ལྕག་རག་པའི་རྣམ་པ་དེ་དག་རེ་རེ་བཞིན་དྲན་ངོར་གྱི་གཙང་བོ་རུ་འཕྱུར་བཞིན་འདུག


       ན་ནིང་ལོ་གསར་ཚེས་པ་བདུན་བརྒྱད་ཡན་མན་གཅིག་ལ་ངའི་ལོ་མང་པོའི་རིང་གི་རེ་འདུན་ལག་ཏུ་བསྟར་བའི་མཐུན་རྐྱེན་དངོས་སུམ་འགྲིག་ཏེ། དྲན་པའི་ལྡེབས་སུ་ཡལ་ལ་ཉེ་བའི་ཡིད་ཀྱི་གཞིས་ཀ་རུ་འགྲིམ་པའི་སྐལ་བ་ཐོབ། ཕ་ཡུལ་ཟེར་བའི་ཐ་སྙད་འཇུག་ཅིང་དོན་ལ་ལོ་བཞི་ལས་འཚོ་བ་རོལ་མ་མྱོང་བའི་ལུང་བ་དེར་ཆས་པའི་སྐལ་བ་ཐོབ། 

       ཁོ་བོའི་དྲན་ངོ་རུ་མག་མོག་གྱུར་པའི་འཕྲུལ་རྟའི་ལམ་ཕྲ་མོ་ཞིག་ཡོད་པ་དེ་ནི་ད་ཆར་ཞིག་གསོ་བྱས་ཏེ་ཨམ་འདམ་གྱི་ལམ་གཞུང་རྒྱ་དེ་ཙམ་ཆེན་པོ་མེད་པ་ཞིག་གིས་ཚབ་བྱེད་འདུག། ཡིན་ན་ཡང་། དུས་ཚིགས་ཀྱིས་དབང་གིས་ས་ཁུག་ཞིག་དུ་ཐོན་རྗེས་ལམ་བར་དར་ཆགས་ཏེ་རྐང་ཐང་ཅུང་ཙམ་འགྲོ་དགོས་པ་ཞིག་ཀྱང་རེད་འདུག་ལ།  གོམས་པ་རེ་རེ་བཞིན་ཕ་ཡུལ་གྱི་ས་ཆེན་སྟེང་ནས་མདུན་དུ་བསྐྱོད་སྐབས་སེམས་སུ་སྨྲ་མི་ཤེས་པའི་ཚོར་འདུ་དྲགས་པོ་ཞིག་རང་དབང་མེད་པ་སྐྱེས་ལ་ཚོར་བ་དེ་ནི་དགའ་བ་ཤུགས་ཆེན་ན་ཡང་སྐྱོ་བའི་རྣམ་པ་ཟུར་ཞིག་ཀྱང་འདྲེས་འདུག རུ་བ་ཚང་མ་དགུན་མཚེར་རུ་སྤོ་སྟེ་དུ་བའི་སྨུག་སྤྲིན་ཁྱབ་པའི་ཕ་ས་ཕ་ཡུལ་ལ་བསླེབས་རྗེས། ཡུལ་འདི་གའི་ལོ་བཞིའི་རིང་ལ་བསག་སྦྱོང་བྱེད་པའི་དྲན་ཤིང་ལས་མེད་པས་རྐྱེད་ཡིན་སྲིད་ལ། ཡུན་རིང་ཞིག་ལ་འབྲོག་སྡེ་འདིར་མ་སླེབ་པའི་རྐྱེན་ཀྱང་ཡིན་སྲིད། མདོར་ན་ལོ་ཟླའི་རླུང་འཚུབ་ངར་མས་ཕྱི་དྲན་གྱི་ལྡེབས་ངོས་སུ་བཀོད་པའི་རི་མོ་ཕལ་ཆེན་གསུབ་ཚར་བས། ཡོད་ཚད་ཆ་མེད་རྒྱུས་མེད་ཀྱི་ཡུལ་ཞིག་དུ་ཐོན་སོང་བ་དང་གཉིས་སུ་མ་མཆིས་ལ། སྡེ་བའི་ལོ་ལོན་འགའ་མ་གཏོགས་རང་སྡེའི་ཡུལ་མི་ཚོ་ཀྱང་ངོ་མི་ཤེས་པར་འགྱུར་འདུག དྲན་ངོ་རུ་གསལ་ལ་མི་གསལ་བའི་ས་ཁང་གྲུ་བཞི་དང་ལྷས་ར་ཆུང་ཆུང་རྣམ་ཀྱང་དུས་ཚོད་ཀྱི་རྩུབ་སྤྱོད་ཁྲོད་དུ་རྗེས་ཤུལ་མེད་པར་ག་སོང་ཆ་མེད་འགྱུར། དུས་ཚོད་ཀྱིས་དབང་གིས། དྲན་ངོར་གསལ་ལ་མི་གསལ་བའི་འལ་འོལ་གཟུགས་བརྙན་མང་པོ་འཆར་རྒྱུ་ཡོད་སའི་དབྱར་མཚེར་སྟེང་ལན་གཅིག་ལོག་པའི་སྐལ་བ་མ་མཆིས་ཡང་། ཉིན་གཉིས་ཀྱི་རིང་ལ་ཕ་ཡུལ་གྱི་གཙང་ཆུ་འཐུང་ཞིང་དགོན་པའི་ཟུར་གྱི་དུང་འཁོར་སོགས་ལས་ངོ་ཤེས་པའི་ལོ་ལོན་རེ་གཉིས་ཡོད་པ་རྣམས་ལ་སྐད་ཆ་ཚིག་ཀ་ཐར་ཐོར་བཤད་ཏེ་ལུས། ཕ་ཡུལ་ལོག་པའི་ཐེངས་དེས། ཁོ་བོ་རི་མཐོ་ཞིང་ས་ཡངས་བའི་འབྲོག་ཐང་འདི་ལ་ཞེན་ཆགས་ཇེ་ཆེར་འགྲོ་ཞིང་། རང་ཉིད་རང་ལ་རྗེས་ཕྱོགས་ཁོམས་སྐབས་དང་བསྟུན་ཏེ་ཕ་ས་ཕ་ཡུལ་འདིའི་ཁྲོད་ཉིན་ཞག་མང་དུ་འདུག་དགོས་པའི་སྐུལ་མ་ཀྱང་མང་དུ་བྱས། 

        གཞན་ཡུལ་ལུང་བ་ཞིག་ན་ཕ་ཡུལ་འཁྲེང་བའི་སེམས་འཕྲིན་དང་སྙིང་གཏམ་དམར་རྗེན་མ་མང་པོ་ཞིག་ཤོག་ངོར་ཕབ་ཏེ་ཀློགས་པ་པོ་སེམས་སུ་ཁོ་བོ་ཕ་ཡུལ་ལ་དགའ་ཞེན་ཡོད་པ་ཅན་ཞིག་འདུག་ཉམ་པའི་ཚོར་སྣང་ཅི་ནུས་སྤྲོད་ཀྱང་། དོན་ལ་ཕ་ཡུལ་ཞེས་པའི་ཐ་སྙད་བརྗིད་ཆགས་པོ་དེ་བཏགས་སའི་ལུང་བ་དང་སོ་སོར་གྱེས་ཏེ་ལོ་ངོ་བཅུ་དགུ་ལོག་པའི་དུས་ཚོད་ཁྲོད་དུ་ལན་གཅིག་ལས་ཕྱིར་ལོག་མ་མྱོང་བའི་ས་ཆ་དེ་ཕ་ཡུལ་ཞེས་མིང་ནས་འབོད་ཞིང་སེམས་སུ་དྲན་པའི་ཐོབ་དབང་གཅིག་ཀྱང་མེད། ཡིན་ན་ཡང་། ཕ་ཡུལ་བཅངས་པའི་བརྩེ་ཞེན་རྣམ་དག་འདི་རང་དང་ཕ་ཡུལ་གཉིས་ཀྱི་བར་ཐག་ཇེ་ཉེ་རུ་སྦྲེལ་བའི་ཟམ་པ་ཞིག་ཀྱང་ཅི་ལ་མིན་པས། ད་ནས་བཟུང་། ངེས་མེད་ཀྱི་ཕ་ཡུལ་ཁྲོད་གསལ་ལ་མི་གསལ་བ་གཟུགས་བརྙན་སྣ་ཚོགས་ཀྱི་རྗེས་ཤུལ་འཚོལ་བ་དང་། སེམས་ཀྱི་བརྟེན་གཞི་ཉག་གཅིག་ཡོད་པ་འདི་དྲན་ངོར་རུ་ཇེ་བརྟན་ཡོང་ཕྱིར་དུ་ངེས་མེད་ནས་ངེས་ཡོད་ཅན་དུ་གྱུར་བའི་གོ་རིམ་ལ་འཇུག་པར་བྱ་དགོས།         
       
རྩོམ་སྒྲིག་པ། མྱི་གསར་བ།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease