ཨ་ཕའི་རྒྱབ་གཟུགས་དང་སྐྲ་ལོ་སྔར་བཞིན་སོ་ན་གནས་འདུག
ཚོར་སྦྲང་། དཀར་མཛེས།
ང་རང་ལོ་ན་བརྒྱད་ལ་སོན་པའི་དུས་དེར། ངས་ད་གཟོད་ཨ་ཕའི་བརྩེ་སེམས་དེ་ཧ་གོ་བ་ཡིན་ལ། ཨ་ཕའི་བརྩེ་སེམས་དེ་ནི་ངེད་མིང་སྲིང་བདུན་གྱི་ནང་ནས་ཆེས་ཟབ་པའི་བརྩེ་བ་ནི་བུ་ཆུང་ང་ལ་ཐོབ་ཡོད་པའང་ཧ་གོ་བ་ཡིན། དེ་ནི་ངས་དང་ཐོག་ཕུ་བོའི་ཁ་ནས་ཐོས་པ་ཡིན་ཏེ། ཕུ་བོས་ངུ་ཤུམ་དང་བཅས་ཨ་མ་ལ་བཤད་རྒྱུར། “ཨ་ཕ་ལ་ངེད་མིང་སྲིང་ཚོར་ཕྱོགས་ཞེན་ཆེ་ཆུང་འདུག ནུ་བོ་ལ་ཕྱོགས་ཞེན་ཆེ་བ་དེ་འདྲ་ཞིག་ངེད་ཚོ་ལ་མི་འདུག”ཅེས་བཤད་ཀྱིན་པ་སྐབས་ཤིག་ངས་ཐོས་བྱུང་། དྲང་མོར་བཤད་ན་ངེད་མིང་སྲིང་བདུན་གྱི་ནང་ནས། ཨ་ཕས་ཆེས་སྙིང་ཉེ་ཞིང་གཅེས་འཛིན་ཆེ་ས་དེ་ནི་ང་ཡིན་པ་འདྲ་སྟེ། ཨ་ཕ་ནམ་རྒྱུན་རྫོང་ཐོག་དང་དེ་ལས་ཀྱང་ཐག་རིང་གི་ཕྱོགས་ལ་སོང་ནས་ཕྱིར་ཡུལ་ལ་ལོག་སྐབས། ང་ལ་ནམ་རྒྱུན་ཆེས་བཟང་བའི་ལྷམ་དང་གྱོན་པ་སོགས་ཉོས་ནས་ཡོང་བ་ཡིན་ལ། ཐག་ཉེ་སའི་དགོན་པ་དང་གྲོང་ཚོའི་ནང་དུ་སོང་དུས་ཀྱང་ང་རང་ཁྲིད་ནས་མི་འགྲོ་བ་ཆེར་མེད། སྐབས་ཤིག་ཨ་ཕ་དགོན་ནང་ལ་སོང་ནས་ཕྱིར་ཁྱིམ་ལ་ལོག་སྐབས། ཨ་ཕས་ང་ལ་ཀ་ར་འགའ་སྟེར་གྱིན། “བུ་འདི་ཁྱོད་གཅིག་པུས་ཟོ་གཞན་ལ་སྟེར་མི་དགོས”ཞེས་ཟེར་ཀྱིན་ངའི་མགོ་ལ་བྱིལ་བྱིལ་ཞིག་བྱས་པ་དང་། སྲིང་ཆུང་མས་ངའི་ཟུར་ཁ་ནས་ཨ་ཕ་ལ་ཅེར་ནས་ངུ་ཉམས་ཀྱི་བཟོ་ལྟ་ཞིག་ཨ་ཕར་བསྟན་པ་དེ་ཡང་། ད་དུང་ཡང་ངའི་ཡིད་ལ་ཝ་ལེར་ཤར་གྱིན་འདུག
ཨ་ཕ་ནི་ནམ་རྒྱུན་འཛུམ་གྱི་སོ་ཕྲེང་ཕྱི་ལ་མངོན་ནས་འདུག་པར་དགའ་པོ་མེད་པས། ཕུ་བོ་དང་ཨ་ཅེ་གཙོ་བྱས། ཁྱིམ་མཚེའི་བྱིས་པ་དེ་དག་ཨ་ཕ་ལ་སྐྲག་ནས་ཨ་ཕའི་ཉེ་ས་ལ་བཏུད་ཐུབ་མཁན་གཅིག་ཀྱང་མེད་ན་ཡང་། ང་ནམ་རྒྱུན་ཨ་ཕའི་ཉེ་ས་ནས་འདུག་རྒྱུར་དགའ་པོ་ཡོད་པར་མ་ཚད། ཨ་ཕའི་ཁྲོ་ཉམས་ཀྱིས་ང་ལ་བལྟས་པ་ཡང་ངས་ཡིད་ལ་གཅིག་ཀྱང་འཁོར་རྒྱུ་མི་འདུག གཅིག་བྱས་ན་ཁྲོ་ཉམས་དེ་འདྲ་ཞིག་ཨ་ཕས་ང་ལ་གཏན་དུ་སྟོན་མ་མྱོང་ཡང་སྲིད། ཨ་ཕ་ཁྱིམ་ནས་འདུག་སྐབས། ངས་ནམ་རྒྱུན་ཨ་མས་བསྐོལ་བའི་འོ་ཇ་དེ་ལག་ཏུ་བཟུང་སྟེ། ཨ་ཕ་གར་འགྲོ་གར་སྡོད་ཟུར་ནས་འགྲེང་སྟེ་ཇ་འདྲེན་པ་ཡིན་པས། ཨ་མས་ནམ་རྒྱུན”གཅེས་ཕྲུག་ཁྱོད་རྗེས་ཕྱོགས་ནར་སོན་པའི་ཚེ་ན་ཕ་མའི་དྲིན་ལན་དྲན་མཁན་ཞིག་ཡིན་ས་འདུག”ཅེས་ཟེར་ནས་བསྟོད་བསྔགས་ཀྱི་མཐེ་བོ་བསྲིངས་བ་ཡིན་ལ། ཡང་སྐབས་རེར”ཁྱོད་ནི་ཁྱོད་ཀྱི་ཨ་ཕའི་རྔ་མ་ཡིན་ནམ། ཁོ་གར་འགྲོ་གར་སྡོད་ལ་ཁྱོད་ཀྱང་རྔ་མ་བཞིན་རྗེས་ལ་འབྱར་ནས་འདུག”ཅེས་ཟེར་ནས་ཁོང་དགོད་ཀྱང་བྱེད་པ་ཡིན། ད་སྐབས་ཕྱིར་འདང་ཞིག་བརྒྱབ་ན། ངས་ཨ་ཕ་ལ་དྲིན་ལན་ཞིག་འཇལ་བ་ནི་ཨ་ཕར་ལྷག་སེམས་རྣམ་དག་གིས་འོ་ཇ་དྲངས་མྱོང་བ་དེ་རེད་འདུག ཐེངས་བཅུ། ཐེངས་བརྒྱ། དེ་ལས་ཀྱང་ཐེངས་མང་པོ་དྲངས་མྱོང་ཡོད་ཀྱང་སྲིད། དྲང་མོ་བཤད་ན་དེ་དྲིན་ལན་ཞིག་གི་གྲས་སུ་མི་འགྲོ་ཡང་སྲིད་མོད། ང་ལ་མཚོན་ནས་བཤད་ན། དེ་ནི་ཨ་ཕའི་བརྩེ་སེམས་ལ་བཀའ་དྲིན་མཚོན་པའི་དྲིན་ལན་བཟང་པོ་ཞིག་ཡིན་ནམ་སྙམ་བྱུང་། རྒྱུ་མཚན། ངས་ཨ་ཕ་ལ་དྲིན་ལན་དེ་ཡི་བཟང་ཞིག་འཇལ་མ་མྱོང་བས་ཡིན་ཡང་སྲིད།
ཨ་ཕ་འདས་ནས་ལོ་འཁོར་བཅུ་ལྷག་སོང་བའི་རིང་ལ། ངས་ཨ་ཕ་ཡིད་ནས་དོར་མྱོང་མེད་ལ། ཨ་ཕས་ང་རང་ཐོག་མར་ཁྲིད་མྱོང་སའི་ས་ཆ་དེ་དག་ཀྱང་ངའི་སེམས་ལ་ཝ་ལེར་ཤར་སོང་། ཨ་ཕས་ང་རང་ཁྲིད་མྱོང་སའི་ས་ཆ་དེ་རུ། ཨ་ཕ་ངེད་གཉིས་ཁོ་ན་ལ་དབང་བའི་ལྷིང་འཇགས་ཀྱི་འཇིག་རྟེན་གཞན་ཞིག་ཡོད། འོན་ཀྱང་། ད་སྐབས་གནས་དེ་རུ་ཨ་ཕའི་མག་མོག་གི་ཕྱིར་དྲན་ཙམ་ལས་ཅི་ཡང་མི་འདུག ཐ་ན་མག་མོག་གི་ཕྱིར་དྲན་དེ་ཡང་ད་ལྟ་ང་དང་རིང་སར་གྱེས་ཏེ་རབ་རིབ་ཀྱི་སྣང་བ་ཙམ་ལས་ཅི་ཡང་མི་འདུག ཨ་ཕ་ང་དང་བྲལ་ནས་ལོ་འཁོར་བཅུ་ལྷག་གི་རིང་ལ། ངའི་མི་ཚེའི་ནང་དུ་ཨ་ཕ་དང་འདྲ་བའི་ཚབ་མཚོན་གྱི་མི་སྣ་ཞིག་ངའི་མཐོང་ལམ་དུ་མངོན་མ་མྱོང་ལ། ཐ་ན་ཨ་ཕའི་སྒམ་ཚུགས་ཀྱི་སྤྱོད་པ་དང་། ཐོར་ཅོག་ཏུ་བཞག་པའི་སྐྲ་ཚུགས་འཇོག་སྟངས། དགའ་སྡུག་གི་ཚོར་བ་གཡོ་འགུལ་ཆུང་བ་སོགས་ཀྱང་། ཨ་ཕ་ལགས་ང་དང་ཁ་གྱེས་པ་ནས། ངས་བཟོ་ལྟ་དེ་དག་ལྡན་པའི་སྒམ་ཚུགས་ཀྱི་ཨ་ཕ་ཞིག་ཅིས་ཀྱང་མཐོང་ལམ་དུ་མངོན་ཐུབ་མ་བྱུང་།
ད་སྐབས་ཨ་ཕ་ལགས་འཇིག་རྟེན་མི་ཡུལ་དུ་ཡོད་ན། ངའི་འཚོ་བ་ཡང་འདི་འདྲ་ཞིག་ཡིན་སྲིད་དམ། ཨ་ཕས་རེ་འདུན་གང་ཞིག་གི་ཕྱོགས་ལ་མཛུབ་མོ་འཛུགས་ནས་ང་རང་གནས་དེ་རུ་འགྲོ་བཞིན་ཡོད་ངེས། གཅིག་བྱས་ན་ཨ་ཕའི་ལེགས་ལམ་གྱི་རེ་འདུན་དེ་ནི། ང་རང་སློབ་གྲྭ་ཆེན་པོ་ཞིག་ལ་རྒྱུགས་འཕྲོད་རྒྱུ་དེ་ཡིན་ཡང་སྲིད། ངས་ད་སྐབས་རྒྱུགས་འཕྲོད་ནས་ཨ་ཕའི་ཕུགས་བསམ་གྱི་རྨི་ལམ་ཞིག་མངོན་གྱུར་བྱས་ཡོད་ཀྱང་སྲིད། ཡང་ན་དེ་ལས་གཞན་ཞིག་ཨ་ཕས་ང་ལ་རེ་འདུན་ཅི་ཞིག་བཅོལ་ཡོད་སྲིད། ཨ་མའི་རེ་འདུན་དང་འདྲ་བར། ང་རང་སྒམ་ཚུགས་ཀྱི་མི་ཞིག་བྱ་རྒྱུ་ནི་ཨ་ཕའི་རེ་འདུན་ཡིན་ཨང་།
མདང་ནུབ་ངས་རྨི་ལམ་དུ་ཨ་ཕའི་རྒྱབ་གཟུགས་མཐོང་བྱུང་། ཨ་ཕའི་རྒྱབ་གཟུགས་དང་སྐྲ་ལོ་འཇོག་སྟངས་སྔར་བཞིན་སོ་ན་གནས་འདུག ངས་གནག་ཅིང་སྣུམ་པའི་ཨ་ཕའི་སྐྲ་ལོ་ལ་བྱིལ་བྱིལ་བྱས་པ་རྨིས་སོང་། ཨ་ཕ་འཇིག་རྟེན་དཀར་ངོགས་ན་བཞུགས་དུས། ངས་ཨ་ཕའི་སྐྲ་ལོ་ལ་བྱིལ་བྱིལ་བྱས་མྱོང་མེད། མགོ་བོ་ཨ་ཕའི་བྲང་ཁ་ལ་བཞག་ནས”ཨ་ཕ་ང་ཁྱོད་ལ་དགའ”ཟེར་ནས་བཤད་མྱོང་མེད། རྨི་ལམ་གྱི་ནང་ནས་ངས་ཨ་ཕ་ལ་བཤད་མ་ཐུབ་པའི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་པ་རྨིས་བྱུང་། དེའི་ནང་གི་སྐད་ཆ་གཅིག་ནི་འདི་ལྟ་སྟེ། “ཨ་ཕ་ལགས་ད་ནི་ངས་སླར་ཡང་ཁྱེད་རང་འཇིག་རྟེན་འདིར་སྐྱེས་ནས་ང་དང་འདུ་འཛོམས་བྱུང་བར་རེ་མི་ཕོད་ལ། ངེད་མིང་སྲིང་ཚོའི་ཁ་ཟས་རྒྱབ་གོས་ཀྱི་ཆེད་དུ། རང་ཉིད་ནད་ཀྱིས་མནར་ཡང་ཅི་མི་སྙམ་པར་བཞག་པའི་བཟོ་ལྟ་དེ་སླར་ཡང་མཐོང་ན་མི་འདོད། ཨ་ཕ་ལགས་ཁྱེད་རང་བདེ་ལྡན་གང་ཞིག་ནས་ལུས་སེམས་ཀྱི་ངལ་བ་མཐའ་དག་བསལ་ནས་བཞུགས་དགོས་པ་ཡིན་ཏེ། ཁྱེད་ཉིད་འཇིག་རྟེན་དཀར་ངོགས་སུ་བཞུགས་དུས། ངེད་མིང་སྲིང་ཚོའི་ཆེད་དུ་བློས་བཏང་བྱས་པ་མང་དྲགས་སོང་། མང་དྲགས་པས་གདོས་བཅས་ཀྱི་ཕུང་པོ་ལ་ཡང་དྲག་སྐྱེད་མི་ཐུབ་པའི་ནད་ཀྱིས་བཟུང་བ་མ་ཡིན་ནམ། ད་ནི་ཁྱེད་རང་སླར་ཡང་འཇིག་རྟེན་འདིར་མི་ཡོང་རོགས། ལན་ལ་མི་རེ་བའི་བུ་ཕྲུག་གི་ཆེད་དུ་འཁོར་བའི་ཁྲི་མུན་ལ་སླར་ཡང་མི་ལྕེབས་རོགས།”ཞེས་རྨི་ལམ་གྱི་ནང་གི་ཨ་ཕའི་གདོང་ལ་བལྟས་ནས་དེ་ལྟར་བཤད་པ་ཡིན། འོན་ཀྱང་ཨ་ཕས་ངས་བཅོལ་བའི་རེ་འདུན་ལ་ཡ་ལན་གང་ཡང་མ་གནང་བར་ང་ལ་འདི་ལྟར་བཤད་སོང་།“བུ་ཆུང་ཁྱོད་ཉིད་རྨི་ལམ་ལས་སད་དུས་ཨ་ཕ་ཁྱོད་དང་གཏན་དུ་བྲལ་འགྲོ། མ་གཞི་འཚོ་བ་ནི་རྨི་ལམ་དང་འདྲ་བས། ཡོད་ཚད་སྐད་ཅིག་གིས་ཡལ་འགྲོ། ནང་སེམས་ལ་རེ་དོགས་ཀྱི་སྨུག་སྤྲིན་ཅི་ཙམ་མང་ན། བདེ་སྐྱིད་ཀྱི་སྣང་བའང་དེ་ཙམ་གྱིས་བསལ་འགྲོ། ཁྱེད་རང་རང་གི་སེམས་པ་ལས་རྣམ་པར་རྒྱལ་དགོས། དེ་ནི་ཨ་ཕ་ངའི་སྙིང་གཏམ་ཡིན” ཞེས་བཤད་བྱུང་།
ཨ་ཕ་ལགས་འཇིག་རྟེན་མི་ཡུལ་དང་གྱེས་ཏེ་དམིགས་པ་བདེ་ཞིང་ལ་གཏད་ནས་རིང་ཞིག་འགོར་ཡང་། ཨ་ཕ་ལགས་ཀྱིས་ད་དུང་ཡང་། ཐལ་རྡུལ་གྱི་འཁོར་བའི་ཀློང་ན་མཆིས་པའི་བུ་ཆུང་ངའི་སེམས་པ་རྟོགས་ཀྱིན་འདུག རེ་དོགས་ཁྲི་ཕྲག་གིས་བཙིར་བའི་ངའི་སེམས་པ་འདི་སྐྱོ་སྣང་གི་འོབས་སུ་ལྷུང་བའང་ཧ་གོ་བཞིན་འདུག ཨ་ཕ་ལགས་ང་དང་གཏན་དུ་གྱེས་རྗེས། ང་ནི་གཤོག་ཡ་ཆད་པའི་བྱིའུ་ཞིག་དང་མཚུངས། ཁེར་རྐྱང་གི་གཟེབ་ཏུ་ལྷུང་སྟེ། ཤིན་ཏུ་འཁྱག་པའི་འཚོ་བ་རེ་རེ་ལ་རང་ཉིད་ཀྱི་ངོ་གདོང་འཁྱག་པ་དེ་བརླན་དགོས་ཐུག་སོང་། ཨ་ཕས་ངའི་ན་ཚོད་ཀྱི་བསམ་པའི་དགའ་སྐྱོ་དག་མཐོང་བས། ང་ལ་ལེགས་ལམ་གྱི་ཁ་ཕྱོགས་བསྟན་བྱུང་། དེ་ནི”ཡོད་ཚད་རྨི་ལམ་དང་མཚུངས་པས་ཡིད་རྟོན་མ་བྱེད”ཅེས་པ་དེའོ། ། དེ་ནི་ཡ་ཧུ་དཱ་པའི་རྒྱལ་པོ་སོ་ལོ་མོན་མཆོག་གི་ཁྱད་པར་གྱི་མཛུབ་དཀྲིས་སྟེང་དུ་བྲིས་པའི”ཡོད་ཚད་འདས་འགྲོ”ཞེས་པའི་ཚིག་གཅིག་བརྐོས་ཡོད་པ་དེ་དང་ནང་དོན་ཤིན་ཏུ་མཚུངས་པོ་འདུག་གོ། །
2023/12/13ཉིན་བྲིས།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease