མིང་མེད།

    རྩོམ་པ་པོ། གཅན་རྣམ་ཐར།


མིང་མེད།

          གཅན་རྣམ་ཐར། རྨ་ལྷོ།

ད་ནི་མི་ལོ་གཉིས་གསུམ་ཞིག་ལ་དལ་ཅག་ཅག་ཏུ་བསྡད་ནས་དྲ་རྩོམ་གཅིག་ཀྱང་མ་བྲིས་པས། སེམས་འཁུམས་ལག་འཁུམས་ཞིག་ཏུ་གྱུར་ཏེ་ཅི་ཡང་འབྲི་མི་ཤེས་པའི་ཚད་ལ་ཐོན་འདུག ངོ་མ་མི་ཟེར་བ་འདི་བསྡད་ནས་རུལ་རྒྱུ་ཡོད་པ་ཁོ་ཐག་རེད། ཁ་རོག་ཏུ་འདུག་རྒྱུ་མང་དྲགས་སོང་ནའང་དྲན་རྒྱུ་བསམ་རྒྱུ་ཅི་ཡང་མེད་པའི་རྩྭ་མི་ཞིག་ཏུ་འགྱུར་ཉེན་ཧ་ཅང་ཆེ། ལོ་འདི་འགར་ཡང་རང་ཉིད་ལག་དལ་སེམས་དལ་དུ་འདུག་རྒྱུ་མང་དྲགས་སོང་བས་ཅི་ཞིག་བྲི་འདོད་ཀྱི་བསམ་བློ་སྐྱེས་ནའང་འགོག་ཐབས་མེད་པའི་སྒྱིད་ལུག་ཅིག་གིས་གྱང་ཁའི་རྩྭ་ལྟ་བུའི་ཕུང་བོ་འདི་དྲུད་དེ་ཅི་མིན་འདི་མིན་གྱི་དུས་ཚོད་ཟད་པའི་ལམ་སྣེ་ཞིག་ལ་ཐོན་ཉེན་ཆེ།  དོན་ངོ་མར་འདང་རེ་བརྒྱབ་ན། རང་ཉིད་མི་ཡུལ་འདི་ནས་འཆི་ཚད་ལ་སྒུག་པའི་མི་མིན་ཟོག་མིན་གྱི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་ཡིན་པ་ད་གཟོད་སེམས་ནས་ཚོར་ཐུབ། དུས་ཚོད་ཀྱིས་ང་ལ་གཏན་ནས་སྒུག་གིན་མི་འདུག་ལ། ངས་ནམ་རྒྱུན་དུས་ཚོད་ལ་ཀུ་ཡངས་བཏང་སྟེ་རྣམ་གཡེང་དང་ལེ་ལོ་ཡི་ཁྲོད་ན་མི་ཚེ་བཞུར་བཞིན་པའི་ལོ་ཟླ་ཚེས་གྲངས་ལ་དོ་སྣང་དང་མཉམ་འཇོག་ཅི་ཡང་བྱེད་ཀྱིན་མེད་པར། ནམ་ཡང་མི་མཐུད་དུ་ཉི་མ་ཤར་ནས་ནུབ་ཏུ་སྐྱེལ་ཞོར་ཉིན་བརྩེགས་ཟླ་བརྩེགས་ཀྱི་ཚེས་གྲངས་གང་མང་རྒྱབ་ཏུ་བསྐྱུར་བཞིན་རང་ངོ་རང་གིས་ཀྱང་ཟིན་བཞིན་མེད་པའི་མི་བུ་ང་ནི་ངོ་མ་རུལ་དྲི་འཐུལ་བའི་ཕུང་གསུམ་པ་ཞིག་མ་ཡིན་ནམ།

དུས་དེ་རིང་རང་ཉིད་དུས་རབས་གཅིག་གི་ཕྱེད་ཀའི་ལྟེབས་ཁུག་ན་འཕག་འཚག་རྒྱག་བཞིན་པའི་གྲོག་མ་མིག་མེད་ཅིག་གི་རྣམ་ཤེས་ཡིན་པ་ཤེས་སོང་། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག་བཞིན་ཡོད་ལ། རང་ཉིད་སྡུག་བསྔལ་དང་ཁེར་རྐྱང་གི་ཚོར་བ་མེད་པའི་བདེ་སྣང་གི་ཁྲོད་ན་མུན་འཐོམས་བཟི་བག་གི་སེམས་པ་སྟོང་བསམ་གྱིས་ཁ་ལོ་སྒྱུར་བཞིན་སྤྲིན་དཀར་གྱི་བང་རིམ་ན་བསྙེགས་པའི་ཐང་དཀར་རྒོད་པོའི་གཤོག་སྣེ་ཟིན་འདོད་ཀྱི་སེམས་པ་རྒྱ་ཡན་ཞིག་གི་ཀློང་ན། མི་སེམས་རྒས་རྒྱུ་མེད་པར་སེམས་པ་ཁྲ་ཁྲ་སྣ་ཚོགས་ལ་ཤོར་བའི་རྒན་པོ་འདིའི་སྣང་བ་འདི་ནི་ངོ་མ་བློ་ཡུལ་དུ་མི་ཤོང་བའི་དགོད་སྤྱད་ཅིག་རེད།  

ལོ་ཟླའི་འཁོར་སྐྱོད་ཀྱི་བར་ན། ང་ཚོའི་མགོ་སྐྲའི་བར་གསེང་གང་རུང་དུ་སྐྲ་དཀར་ཉག་མས་འཇབ་རྒོལ་བྱེད་དང་བྱེད་བཞིན་འདུག་པ་ལ།  ང་ཚོ་ཞེ་སྤོ་ཁ་ནས་ལངས་ཏེ་རྒོལ་ལན་སྤྲོད་འདོད་ཀྱི་སྡང་སེམས་དྲག་པོ་སྐྱེ་ཞོར་དུ་སྐྲ་དཀར་ཉག་མ་རེ་རེ་གཅོད་འབྲེག་དང་ནག་རྩི་ཡིས་ཁ་མདོག་བསྒྱུར་ནས་གཅིག་ཀྱང་ཤུལ་ལུས་མེད་པར་རྩ་རྫོགས་བྱེད་པའི་ལས་ལ་འབད་དང་འབད་བཞིན་འདུག་ཀྱང་། སྐྲ་དཀར་ཉག་མ་ནི་སུས་ཀྱང་རྒོལ་ལན་སྤྲོད་མི་ཐུབ་པའི་དཔའ་བོ་ཁེར་རྒྱུག་ཅིག་ཡིན་པས་སུས་ཀྱང་མ་ཤི་བར་དུ་རྩ་རྫོགས་བྱེད་མི་ཐུབ་པ་རེད། དེ་ནི་ལོ་ཟླས་ང་ཚོར་དྲན་རྟེན་དུ་བསྐྱུར་བའི་རྒས་རྟགས་ཀྱི་གཟེངས་རྟགས་ཁྱད་པར་་བ་ཞིག་ཡིན་པ་སེམས་ནས་དང་ལེན་བྱེད་ཐུབ་ཚེ། ང་ཚོ་སྐྲ་དཀར་ཉག་མ་རེ་རེར་སྡང་སེམས་དང་འཁོན་སེམས་མི་སྐྱེ་བར་དེ་དག་གིས་་ང་ཚོར་འཇིག་རྟེན་འདི་ལས་འདུག་ཁོམ་ཅང་མེད་པའི་བརྡ་རྟགས་ཤིག་དང་འབོད་སྐུལ་ཞིག་གཏོང་བཞིན་དྲན་གསོ་གནང་གི་ཡོད་པ་མ་ཡིན་ནམ་སྙམ་མོ།།

རང་སེམས་རྣལ་དུ་ཕབ་སྟེ་ཤོར་ཟིན་པའི་ལོ་ཟླ་མང་པོར་ཕྱིར་དྲན་རེ་བྱས་ན།   དེ་ནི་ཞག་མ་གཅིག་ལ་རྨིས་པའི་རྨི་ལམ་ནང་བཞིན་རེད།  རང་ཉིད་ལ་རྒྱུས་ཡོད་པ་དང་རང་ཉིད་ཀྱི་ངོ་ཤེས་སུ་གྱུར་པའི་མི་སྣ་་རྫོགས་མེད་ཅིག་ད་བར་དུ་རང་དང་གཏན་བྲལ་དུ་གྱུར་ཟིན་པ་དེ་དག་གི་ངོ་གདོང་རེ་རེ་རིམ་བཞིན་སེམས་ཀྱི་གཏིང་རུམ་དུ་ཟུག་ཞོར་མག་མོག་རབ་རིབ་ཏུ་གྱུར་དང་འགྱུར་བཞིན་པ་ལ་བསམ་བློ་རེ་བཏང་ན། རང་ཉིད་ཀྱང་ཁ་རོག་གེར་རྒས་བཞིན་པ་ཤེས་ཐུབ་ལ། རང་ཉིད་ཀྱང་ནམ་ཞིག་གི་ཚེ་མག་མོག་དང་རབ་རིབ་ཀྱི་ཁྲོད་ནས་ཅི་ཡིན་འདི་ཡིན་མེད་པར་མེ་ཏོག་སད་ཀྱིས་བཅོམ་པ་ནང་བཞིན་དྲན་ཤེས་རླུང་ལ་བསྐྱོན་ནས་འགྲོ་དགོས་པ་མ་ཡིན་ནམ།
ཞེན་ས་ཆགས་ཡུལ་མང་བའི་སྐྱིད་སྡུག་རེས་མོས་ཀྱི་འཁོར་བའི་ཀློང་རུམ་ནས། ང་ལ་ཅི་ཡང་འཐོབ་མེད་ལ་ཅི་ཡང་རྒྱལ་མེད་པར་ལག་སྟོང་མཆན་སྟོང་དུ་རྒས་པའི་བཞུད་ལམ་དུ་བཙན་གྱིས་འདུར་ཞོར། ཕྱིར་ལྟ་དང་འགྱོད་སེམས་མེད་པར་རང་གི་ལས་སྣང་ལ་རང་ཉིད་ཡིད་ཆེས་ཀྱིས་ཁེངས་ཏེ། སྐྱིད་མི་རྟག་འཇིག་རྟེན་འཁོར་བའི་ཁྲོད་ནས་རང་སེམས་རང་གིས་གསོ་ཞོར་དུ་ཚེ་སྨད་སྐྱིད་ལ་སྐུར་བའི་སྟོང་བསམ་གྱི་འཆར་གཞི་འབྲི་བའི་ལས་ལ་འབད་ཁུལ་བགྱིས།

སྟོན་ཁ་ཞིག་འདས་ནས་དགུན་ཁ་སླེབས་པ་དང་། རིང་མིན་ཐུང་མིན་གྱི་དགུན་ཁ་སྐྱ་བོ་ཞིག་ཕར་འདས་སོང་ན། སང་ནངས་མོ་ཞིག་ལ་རེ་སྨོན་གྱིས་ཁེངས་པའི་དཔྱིད་ཁ་ཞིག་སླེབས་སྲིད་ལ། དེའི་འཕྲོ་ནས་ཁུ་བྱུག་གི་གསུང་སྙན་དང་མཉམ་དུ་མེ་ཏོག་སྣ་བརྒྱ་བཞད་པའི་དབྱར་ཁ་ཞིག་ཀྱང་སླེབས་རྒྱུ་ཡོད་པ་དྲན་ན་ངོ་མ་སྐྱིད་པོ་ཞིག་རེད་མོད། འོན་ཀྱང་ལོ་བརྒྱ་འཚོ་བ་དང་སྟོན་བརྒྱ་མཐོང་བའི་བརྒྱ་ལོ་ཕྱེད་ཀ་ཚར་སོང་བ་རེ་དྲན་ན། སེམས་སུ་འཁྱག་སྣང་ཟ་ཟི་ཞིག་གིས་ཁེངས་ཞོར་དུ་སྐྲག་སྣང་དང་འདར་སྣང་ཞིག་ཀྱང་མཉམ་དུ་སྐྱེ་འོང་།  མི་ཟེར་བ་འདི་ངོ་མ་སྲོག་ཆགས་ཡ་མཚན་པ་ཞིག་རེད། སྐྱིད་སྡུག་གཉིས་ཀ་སེམས་ནས་འབོར་སླ་བ་དང་མཚམས་རེར་སྐྲག་རྒྱུ་དང་འཇིགས་རྒྱུ་ཅི་ཡང་མེད་པར་སྒེར་སེམས་ཁོ་ན་ཞིག་གིས་ལུས་བཅིངས་སེམས་བཅིངས་བྱས་ཏེ། རང་ཉིད་ནི་ནམ་ཡང་འཇིག་རྟེན་འདིའི་བདག་པོ་ངོ་མ་ཞིག་ཡིན་པའི་འཆར་སྣང་དང་སྟོང་བསམ་ཁོ་ནའི་དབང་དུ་གྱུར་ནས་མི་ལས་དགུ་ལས་ཀྱང་བྱེད་སྲིད་པ་རེད།

མདོར་ན། ང་ཚོའི་འཚོ་བའི་ཁྲོད་དུ་སྒེར་སེམས་དང་བདག་འཛིན་གཉིས་ཀྱི་བཀོད་འདོམས་འོག་ན། ནམ་འཆི་བར་དུ་ཤི་འཐབ་འབད་འཐབ་ཀྱི་རང་གི་འཚོ་བའི་ཆེད་་སྲོག་ཀྱང་གཏོང་ཕོད་པའི་སྙིང་སྟོབས་དང་ཡིད་ཆེས་ཀྱི་ཁེངས་ཏེ། ངེས་འབྱུང་བྱང་སེམས་ཡང་དག་གི་རྩ་བ་དུག་བཞིན་དོར་ནས་གདོང་འབག་མཐུག་པོ་གྱོན་ཞོར་དུ་གར་འཁྲབ་མཁན་གྱི་ཟློས་གར་འཁྲབ་སྟོན་པ་མཁས་ཅན་ཏག་ཏག་མ་ཡིན་ནམ། དེ་མིན་ད་རུང་ང་ཚོ་ནི་སྒེར་སེམས་དང་བདག་འཛིན་གྱི་ཁྲོད་ནས་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་རྨང་ནས་བརྗེད་མཁན་དང་། ཉོན་མོངས་དུག་གསུམ་གྱི་རྩ་བ་རླུང་དུ་སྒོམ་བཞིན་ཁ་ནས་འགྲོ་དྲུག་གླེང་བ་དང་ལག་ནས་ཕྲེང་རྡོག་འདྲེད་ཞོར་སྡུག་བསྔལ་བརྒྱ་དང་བརྒྱད་ཀྱི་་ཕུང་བོ་ནང་འདྲེན་བྱེད་མཁན་གྱི་་ཕུང་འདྲེ་འབའ་ཞིག་ཀྱང་ཡིན་ནོ།།
སྤྱི་ལོ2023ལོའི་ཟླ11པའི་ཚེས11ཉིན་ཁོམ་གསེང་གི་བར་ནས་་གང་འདོད་དུ་སྦྱར་བའོ།།


                  རྩོམ་སྒྲིག་པ། མྱི་གསར་བ།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease