ཟླ་བརྒྱད་པའི་རླུང་བུ།
སྡོང་བོ། དཀར་མཛེས།
༡
ཟླ་བརྒྱད་པ་ཚེས་པ་དང་མཉམ་དུ་སྟོན་ཁའི་རླུང་བུས་ཡུལ་འདི་གའི་སེར་ལམ་ལམ་གྱི་ཞིང་ཚིགས་དབུས་སུ་ལོ་ཡག་སྙེ་མའི་མགོ་བོ་ལྡེམ་ལྡེམ་དུ་གཡོས་བཞིན་མཆིས། འདི་ལྟའི་བསིལ་རླུང་འཇམ་པོ་ལ་གདོང་གཏད་ཚེ། ངས་རྩ་ལྗང་རླུང་གི་བསྐྱོན་པའི་ཕ་ས་ན། རུ་རོགས་བྱིས་པ་ཚོའི་ལྷད་མེད་ཀྱི་འཛུམ་ཞལ་དྲན་སྲིད་ལ། ཐུལ་དཀར་འབྲི་མོའི་ངུར་དབྱངས་སྙན་མོ་དང་། ཡུམ་ཆེན་བགྲེས་མོའི་ངག་ཚིག་འཇམ་པོ་ལྷག་ཏུ་དྲན་སྲིད། དགའ་སྐྱོ་གདངས་སུ་འཕོས་པའི་རླུང་བུ་འཇམ་པོ་འདིས་སྟོད་ཕྱོགས་རྫ་སྨུག་ག་བརྒྱུས་པའི་རི་ལུང་མཐར་རུ་བཀུག་པའི་ལྷས་ར་འཁྲིས་སུ། ཁྲ་ཁྲའི་བསླུ་བྲིད་ཚ་བའི་གྲོང་ཁྱེར་གྱི་གཤིས་ཀ་གང་གིས་ཀྱང་བསླད་མེད་པའི་འབྲོག་མོ་ཞིག་གི་ལན་བུ་ཚགས་སུ་བསྟར་བའི་ཞེན་ཆགས་གིས་བསླས་འཐག་བྱེད་པའི་མེ་ཏོག་དྲི་བསུང་ཁྱེར་ཏེ་ངའི་མདུན་དུ་སོན་པས། ངས་ཀྱང་རླུང་ཁའི་ཁོང་གསེང་ལ་ལག་སྙོབ་ཡང་ནས་ཡང་དུ་བྱ་དགོས་བྱུང་།
༢
དབྱར་ཀ་ཞིག་འདི་ལྟར་བཞུད་སོང་། འདི་ལྟར་ཅི་ཡིན་འདི་ཡིན་མེད་པ་མིག་ཟུང་རྡེབ་པའི་ཡུན་ལ་བཞུད་སོང་། མཐོང་ཡུལ་དུ་མངོན་པའི་སློབ་གླིང་ར་བའི་ཁྲོད་དུ་ངའི་དམར་རྗེན་དུ་མངོན་པའི་ཁེར་རྐྱང་གི་འཚོ་བ་ནི་ཟླ་བརྒྱད་པའི་རླུང་བུས་བདས་ཏེ་ཕྱི་བཤོལ་མེད་པ་རྒྱང་ནས་རྒྱང་དུ་བསྐྱོད། བསིལ་བསིལ་ལྡང་བའི་སྟོན་རླུང་འཇམ་པོ་འདིས་ཟླ་བརྒྱད་པའི་མི་ཡུལ་ལ་འཆར་ཡན་གྱི་སྡིངས་ཆ་བསྐྲུན། ཚིག་ཇ་ཕོར་གང་ལག་ཏུ་བཟུང་ནས་སྒེའུ་ཁང་གི་འཁྲིས་སུ་འགྲེང་ཏེ། དྲན་པའི་ཡོལ་བ་ངོས་སུ་ནམ་ཡང་ཡལ་མི་སྲིད་པའི་ཕ་ཡུལ་གྱི་ཕྱོགས་སུ་རྒྱང་བལྟས་མང་དུ་བྱས་ནས། གསེར་མདོག་གྱི་ཞིང་ཚིགས་ནས་ན་བུན་འཐུལ་བའི་རྫ་འདབས། གཡང་ཁྱུ་བསྐོར་བའི་འབྲོག་ཐང་ནས་བཞུར་རྒྱུད་གངས་ལ་སྟུག་པའི་གཙང་བོ་བར་དུ་བརྒྱུད་པའི་ཟླ་བརྒྱད་པའི་རླུང་བུ་བསིལ་མོ་དེའི་ཀློང་ན། ངས་སེམས་པའི་འདང་གྱི་དྲོད་ཁོག་ན་གཏན་དུ་མཆིས་པའི་རང་ཡུལ་གྱི་མྱི་ཚོགས་དག་ལ་དགའ་སྐྱོ་འདྲེས་མའི་འཚོ་བའི་བར་གསེང་ལས་འཕྲོས་པའི་གཏམ་གྱི་ཚིག་ཚོགས་མང་དུ་བསྐུར་འདོད། གང་ལྟར་ཕྱི་དྲན་གྱི་ཚོར་བ་ཟབ་སའི་ཟླ་བརྒྱད་པའི་གཏིང་རིམ་ན་ང་ཁོ་ན་དབང་བའི་འཇིག་རྟེན་གསར་བ་ཞིག་ཡོད་པ་འདོད་ནས་རེ་འདུན་གྱི་དར་སྐུད་ཆད་མ་མྱོང་།
༣
ཟླ་བརྒྱད་པའི་རླུང་བུ། ཟད་མཐའ་མེད་པའི་ལོ་ཟླའི་རུམ་ཁ་ན་སེམས་པའི་ཞེན་འཁྲེང་གཡོ་འགུལ་གཏོང་བ་ཁྱེད་ཉིད་ཡིན་ལ། འཚོལ་འདོད་པའི་མི་ཚེའི་འགྲུལ་བཞུད་ན་བློས་ཐུབ་ཀྱི་གྲོགས་པོ་ཚབ་ཀྱིས། ང་ལ་ཆེས་མཁོ་བའི་ཕུན་སུམ་ཚོགས་པའི་དུངས་པ་རྣམས་བདག་སེམས་ཀྱི་གཏིང་སར་འབྱོ་བ་ནི་ཁྱོད་ཉིད་ཡིན། ཟླ་བ་བརྒྱད་པའི་རླུང་བུ། ང་གཉིད་དུ་ཡུར་རྗེས། རི་སྒང་དུ་རྣམ་པར་བཀྲ་བའི་ཁུར་མོང་གི་ལོ་འདབ་དག་ཕྱོགས་སུ་ཁུར་བ་ལྟར། ཁོ་བོ་འཚོ་སའི་འཇིག་རྟེན་འདིའི་གཏིང་རིམ་ན་མཐིལ་ཏུ་བཏབ་པའི་སྐྱོ་སྣང་གི་ཚོར་འདུ་རྣམས་ཁྱེར་ཏེ་མི་དམིགས་དབྱིངས་ཀྱི་ནམ་མཁར་གཏོར་ཤིག ཟླ་བ་བརྒྱད་པའི་རླུང་བུ། དྲངས་བདེན་གྱི་འཕྱང་འཕྲུལ་དཀར་ནག་བརྒྱན་པའི་བྲང་ཁོག་ཕུགས་སུ། བསླུ་བྲིད་ཀྱི་མེ་ཏོག་བཀང་བའི་སྲིད་པའི་རི་སུལ་ནས་ལྡང་བའི་ཁྱོད་ལ་ཆགས་སྡང་དང་སྒེར་སེམས་མི་མངའ། སྐྱེད་ཚལ་དུ་མངོན་པར་བཞད་པའི་འདབ་ལྡན་ཡོངས་ཀྱི་སྐུའི་ཟིལ་བ་ཕྱེས། དྲི་བསུང་ཁུད་དུ་བཅུག རླུང་བུ་ཡ། རླུང་བུ། གཟུགས་མེད་པའི་ཁྱོད་ལ་ཁ་མདོག་མ་མཆིས་རུང་། རྟོགས་འཆར་བྱས་པའི་ཞིང་ཁམས་ཁྲོད་ཡུར་ནས་མི་ཚེ་རྫོགས་ཀྱིན་པའི་ཁོ་བོའི་སེམས་སུ་གང་ཞིག་ལ་རྣམ་པར་འཁྲེང་བའི་ཞེན་ཆགས་དམར་རྗེན་མ་དེ། ཁྱོད་དང་མཉམ་དུ་འགྲོགས་ནས། ཐག་རིང་ཐག་རིང་ཞིག་ཏུ་བཞུར་འདོད། ཟླ་བརྒྱད་པའི་རླུང་བུ། གཙང་བོ་འགྲམ་གྱི་སྡོང་རྒན་ཁེར་སྐྱེས་དེ་དུས་ཚོད་ཀྱི་རྩུབ་སྤྱོད་དབུས་སུ་རིམ་གྱིས་རྒས་པར་འགྱུར། མ་གཞིར་ནས་ཟད་ལ་ཉེར་བའི་ལོ་མ་སེར་པོ་དེ་དག་ཤག་སྒྲ་དང་བཅས་འཐོར་རྗེས། སྡོང་རྒན་དེའི་གདོང་ལ་ཆགས་པའི་གཉེར་རིས་ཡང་མང་དུ་འགྱུར་འདུག འདི་ལྟར་ངའི་ལག་མཐིལ་དུ་གཡུག་བཞིན་པའི་རླུང་བུ་ལགས། ངའི་སེམས་པའི་བང་རིམ་ན་ཡལ་བ་མེད་པ་ནི་ལོ་ཟླའི་འགྱུར་ཁུགས་བར་ན་གཙུབ་བརྡར་བྱེད་པའི་སྨོན་ལམ་འཆར་ཡན་མ་དེ་མ་ཡིན། ཡོད་ཚད་བག་ཡངས་ཤིང་ཆེས་སྤྱིར་བཏང་གི་ངང་ནས་འཚོ་འདུན་དྲག་པོ་དེ་ཡིན། ད་ནི་ངས་ཞེན་འདུན་འདི་ཉིད་ཉི་ཟླའི་བར་མཚམས་ཀྱི་བརྒྱུད་རིམ་ཁྲོད་ལག་ཏུ་བསྟར་རན། དུས་ཚིགས་འདིའི་ཡིད་མཐུན་གྱི་རླུང་བུ་འཇམ་པོ་གསེང་ནས་བསྟར་རན།
2023.8.25
རྩོམ་སྒྲིག་པ། བློ་དཀར།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease