འཕྲིན་ཡིག

    རྩོམ་པ་པོ། ཇག་རྟ།


འཕྲིན་ཡིག

                  ཇག་རྟ།



སྙིང་ཉེ། ད་སྐབས་ང་རང་ཟི་ལིང་གི་སྨན་ཁང་བཞི་བའི་ཁ་གཏད་ཀྱི་མགྲོན་ཁང་ཞིག་ཏུ་ཁ་ལག་སྟབས་བདེ་ཞིག་རོལ་གྱིན་བསྡད་ཡོད། ང་ནི་གྲོང་ཁྱེར་ལ་དེ་ཙམ་རྒྱུས་མངའ་མེད་པའི་མི་ཞིག་ཡིན་སྟབས། དོ་ནུབ་གྲོང་ཁྱེར་འདིས་འུར་ཟིང་དང་ངལ་དུབ་ཁོ་ནས་ངའི་ལུས་སེམས་ལ་སྔར་མེད་ཀྱི་ན་ཚ་དང་གནོན་ཤུགས་སྟེར་གྱི་འདུག  ཡིན་ནའང་། ངའི་ད་ལྟའི་སེམས་ཁུར་ཆེ་ཤོས་ནི་དེ་མིན་པར། སང་ཉིན་ནུ་བོ་བསྟན་འཛིན་ལགས་སྨན་ཁང་དུ་ཞག་སྡོད་བྱེད་དགོས་པས། ཁོ་རང་བདེ་འཚམས་ངང་སྔ་ས་ནས་སྨན་ཁང་ལས་ཕྱིར་འབུད་ཐུབ་རྒྱུ་ནི་ང་ལ་མཚོན་ཚེ། སེམས་ཀྱི་རེ་བ་ཉག་གཅིག་དང་ཡིད་ཀྱི་ཐིག་ལེ་རྡོག་གཅིག་ཏུ་ཆགས་ཡོད། ད་དུང་། ཁོ་ནི་ཨ་ཕའི་ཡ་ཐོད་ཀྱི་མིག་དང་ཨ་ཕའི་མ་འོངས་པའི་རེ་བ་དང་ཡིད་ཆེས་ཤོར་སའང་ཐོག་མ་ཡིན་ཕྱིར། ཁོའི་སློབ་ལམ་ལ་བར་ཆད་དང་གཞུག་གི་འཚོ་བར་གེགས་རྐྱེན་མི་ཡོང་བར།ཁོ་བོས་ནི་བསླུ་མེད་དཀོན་མཆོག་ལ་སྨོན་ལམ་སྙིང་དབུས་ནས་བཏབ་ཅིང་། ངང་སྒུག་གི་དུས་ཚོད་མ་འོངས་པའི་ལོ་ཟླར་བསྙལ་ཡོད། 

༢ 
སྙིང་ཉེ། ངེད་གཉིས་ནི་སྐྱེ་བ་འདི་རུ་ཕ་མ་གཅིག་པའི་བུ་སྤུན་དུ་མ་ཆགས་ནའང་། བརྩེ་སེམས་ཀྱི་གངས་རི་རྟག་ཅིང་མཛའ་སེམས་ཀྱི་དར་སྐུད་ལ་ལྷོད་པ་མེད་ཕྱིར། གཞུག་གི་འཚོ་བར་བདེ་སྡུག་གི་བྱུང་བ་ཅི་ལྟར་མོག་ནའང་ང་ལ་ཁོ་ལས་ལྷག་པའི་ཅི་ཡང་མེད་དོ།།ཁོ་ནི་སློབ་སྦྱོང་ལ་ཧུར་བརྩོན་དང་སྡུག་རུས་ཆེ་བ་ཤ་སྟག་ཅིག་ཡིན་པས། ཐེངས་མང་བོར་བྱ་དགའ་རབ་དང་རིམ་པ་བསྟུད་མར་བླངས་མྱོང་ཞིང་། ཁོའི་སློབ་ཆུང་འཛིན་བདག་གིས་གཙོས་ཕ་ཡུལ་གྱི་མི་མང་བོ་ཞིག་གིས་ཁོ་ལ་ཁས་ལེན་དང་གདེང་འཇོག་ཐོབ་མྱོང་ཡོད། ངས་ནི་ཁོ་ལ་སློབ་གསོ་ཡིན་ཚུལ་གྱིས་སྐད་ཆ་གཅིག་ཀྱང་ངག་ནས་ཤོར་མྱོང་མེད་ནའང་། སྙིང་གཏམ་ཡིན་ཚུལ་གྱིས་མགོ་མཇུག་མེད་ནས་སྐད་ཆ་མང་བོ་ཞིག་དེ་སྔོན་ཁོ་ལ་བཤད་མྱོང་ཡོད། གང་ལྟར། བསམ་པ་དཀར་བོ་དུང་འདྲ་བོ་ཡིན། 
༣                                    
སྙིང་ཉེ།ད་ནི་གླེང་ཕྱོགས་གཞན་ཞིག་ནས་དབུ་ཁྱུད་དེ་ཁྱོད་དང་འུ་གཉིས་ཀྱི་ཞེ་འདང་གི་ཁབ་མིག་བར་དུ་ཚིག་དང་ཐ་སྙད་ཀྱི་སྐུད་པ་བརྒྱུས་ཚེ། ད་ལྟ་ངས་རི་ཆུ་སྟོང་ཕྲག་གིས་ཆོད་ཅིང་འུར་ཟིང་ནམ་མཁར་མི་ཤོང་བའི་ཁོར་ཡུག་འདི་ནས། ཁྱོད་ཉིད་ཁོ་ན་ཞེ་དྲག་ཅིག་དྲན་དགོས་པ་འདིའང་སྐྱེ་བ་སྔོན་མའི་ལས་འབྲས་དང་འབྲེལ་བ་ཏན་ཏན་ཡོད་རེད། ད་དུང་། ཁྱོད་ཉིད་མེད་ན་ང་རང་འཇིག་རྟེན་འདིར་གསོན་དགོས་པ་འདི་ལའང་སྙིང་བོ་ཤིན་ཏུ་སྟོང་བས། ཁྱོད་ཁོ་ན་ནི་ངའི་གཅེས་པའི་སྲོག་གི་དོ་ཟླར་བཞག་འོས་ཤིང་། ངའི་ཡོད་ཚད་ཀྱི་ཡོད་ཚད་དང་གཞི་ནས་སྦྲེལ་འོས། དེ་བས། ང་"ཁྱོད"་ཅེས་པའི་བུད་མེད་དེ་ལ་སྙིང་དབུས་ནས་བྱམས་ཤིང་བརྩེ། འཇིག་རྟེན་དཀར་ངོགས་འདིར་སྐྱིད་སྡུག་དང་དར་རྒུད་ཀྱི་བྱུང་བ་ཅི་ལྟར་མང་ནའང་།ང་ལ་ངལ་དུབ་དང་ཐང་ཆད་ཀྱི་ལེའུ་ཞིག་ཁྱོན་ནས་ཡོད་ས་མ་རེད། དེ་ནི་སྙིང་ཉེ་ཁྱོད་ཀྱི་ལྷད་མེད་བཅོས་མིན་གྱི་ངང་རྒྱུད་ལུག་བལ་འདྲ་མོ་ལས་འཕྲོས་པ་ནི་ཅི་ལ་མིན་ཏེ་ལོས་ཡིན། 


སྙིང་ཉེ། མ་འོངས་པར་འཚོ་བ་ཅི་ལྟ་བུ་ཞིག་རོལ་ཏེ་དཀའ་སྡུག་གང་འདྲ་ཞིག་ཕྲག་སྟེང་དུ་འཁུར་དགོས་མིན་མི་ཤེས་ནའང་།ཁྱོད་ཡོད་ན་སེམས་ཡ་ཆུང་གི་སྨུག་པ་རི་ན་མེད་ཀི ཁྱོད་ཡོད་ཕྱིར། སྐྱེ་བ་འདིའི་ང་རང་མི་གྲལ་དུ་ཚུད་དེ་དབྱངས་གསལ་གྱི་ལས་དབང་ལ་བདག་པོ་རྒྱག་མཁན་དུ་གྱུར་སོང་བ་ཡིན།དེ་བས་ཀྱང་། ཁྱོད་ཀྱིས་ང་ལ་ཅི་ཡང་གནང་སོང་བས། ངས་ལན་རེར་ཅི་ཞིག་བྱེད་དགོས་པའང་རྦད་དེ་ཤེས་ཀྱིན་མེད། ཡིན་ནའང་། ཁྱོད་ཁོ་ན་བྲང་ཁོག་གི་གློ་སྙིང་དུ་བཀུར་ཏེ་རང་ཉིད་ཀྱི་ཚེ་སྲོག་ལས་ཁྱོད་ཀྱི་བདེ་སྡུག་ལ་མནོ་སེམས་སྟོང་མཁན་གྱི་ང་ལ་མཚོན་ཚེ། ཁྱོད་གཅིག་པུ་ནི་སྐྱེ་བ་འདིའི་ངའི་ཆེས་ཆེ་བའི་བསོད་ནམས་རིགས་ཤིག་ཏུའང་ཅི་ནས་ཀྱང་འདོད་ཀྱིན་ཡོད། དེ་བས། ད་ལྟའི་དུས་འདིར་ལུང་ཁུག་འགོལ་པོ་ཞིག་ཏུ་འཚོ་བ་རོལ་ཏེ་སྙན་ངག་ཡིན་མིན་མི་ཤེས་ནའང་། སེམས་ཀྱི་ག་ཤེད་ཅིག་ཏུ་ཡིག་འབྲུའི་བརྩེ་བ་གཉོར་ཡོད། འདི་ནི་ད་ལྟའི་ང་ཁོ་ནའི་ལས་དབང་ཡིན། 

                ༢༠༢༣   ༤   ༡༥  
                    རྩོམ་སྒྲིག་པ། འཕགས་མི།


         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease