རྨི་ལམ་གྱི་གཙང་བོ།

    རྩོམ་པ་པོ། རྟོག་གེ


རྨི་ལམ་གྱི་གཙང་བོ།

 

                     རྟོག་གེ


      ད་ཆ་མལ་གྱི་བདེ་བར་གཅིག་མཇུག་གཉིས་མཐུད་ཀྱིས་རོལ་བའི་དུས་ཚོད་དེར་ཐོན་ཡོད།   ང་ཡང་རྨི་ལམ་གྱི་གཙང་པོར་འཇུག་པའི་སྟ་གོན་བྱེད་བཞིན།   མགོ་བོ་སྔས་ལ་བཞག་ཡོད།   ནང་སེམས་ཀྱི་འཆར་ངོས་ནས་པད་མ་ལས་ཀྱང་མཚར་ཞིང་རྨ་བྱ་བས་སྒེག་པའི་ཁྱོད་བློས་བསླངས་ཤིག་བྱས་པས།   ང་རང་ཕྱིར་དྲན་གྱི་ལམ་དུ་བསྐྱར་བལྟ་ཞིག་བྱེད་པ་ཐལ།
 

     ཁ་བ་འབབ་པའི་ནམ་ཟླ་དེར།   གྲང་ངར་ཆེ་བའི་དགུན་ཟླ་དེར།   ཟླ་བ་ཉ་གང་བའི་དགོང་མོ་དེར།   གོམ་པའི་འདེགས་འཇོག་རན་པོ་ཞིག་ནུབ་ཏུ་བཞུར་གྱིན་པའི་ཆུ་ཕྲན་གྱི་འགྲམ་ནས་སྤོ་དུས།   གཡས་གཡོན་གྱི་རྒྱ་ལྕང་དག་གིས་གཟུགས་བྱེད་ངོམ་པ་ལྟར་འདྲོང་ཞིང་།   དྲ་བ་སྦྲེལ་བའི་ཡལ་གའི་རྩེ་མོ་བྱང་རླུང་གིས་འདེད་པ་དང་ལྷན་ཟུར་གྱི་ཁང་ཀླད་ཀྱི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ།  དེ་དུས་ནམ་མཁའ་དྭངས་མོ་དེའི་འོག་ཏུ་དུང་སེམས་ཀྱི་གཉོམ་གླུ་ལེན་པའི་དབྱངས་འགྲོས་ཤིག་དལ་གྱིས་འཐེན་གྱིན་མཁའ་དབྱིངས་ཀྱི་ཟླ་བར་བལྟས།   དེ་དགོང་ཏག་ཏག་ཟླ་འཛིན་ཁེལ་ཡོད་སྟབས།  ཟླ་བའི་མཛེས་པ་མྱོང་ཐབས་ཡེ་ནས་བྲལ།  འོན་ཀྱང་།  དགའ་བརྩེ་དུང་གསུམ་གྱི་སྒྲོན་མེ་ཞིག་ཐོགས་ཏེ་མཚན་ལྗོངས་དེ་བདག་གིར་བྱས་ཤིང་ངོམས་པར་རོལ།

 

     དེ་ལྟར་ཕྱིར་དྲན་རེ་བྱེད་དུས་ངས་མི་ཚེ་འདི་བསྐྱར་ཟློག་ཅིག་འདོད་ཀྱང་ཆོས་ཉིད་ལས་འགོངས་པའི་ཐབས་ཤིག་གཞར་ཡང་མ་མཆིས་པས།  ནང་སེམས་སུ་བསུབ་ཏུ་མེད་པའི་བརྗེད་བྱང་ཞིག་ངང་གིས་དོད་ཅིང་།  ཡང་ཡང་གླེང་ཞིང་བྲི་འདོད་པའི་བརྗོད་བྱ་ཞིག་ཏུ་གྱུར།  དུས་དེ་ནས་བཟུང་།   སྡུག་ཡུས་དང་འཁང་རའི་རྟ་ཁ་ཀློད་དེ་རང་དབང་གི་སྨྱུག་རྩེ་སྒུལ།   དེ་ནི་ཁྱོད་རང་དྲན་སྟངས་ཤིག་ཡིན་ཆོག་ལ།  ངའི་གསར་རྩོམ་གྱི་མྱུ་གུ་འབུས་པའི་གྲོགས་དན་དུ་འགྱུར་བཞིན་ཡོད།

 

      བཀའ་དྲིན་ཆེ།   ངའི་ཐོས་བསགས་ཀྱི་ཞིང་ས་ནས་ཁྱོད་ཀྱིས་སེམས་གསོ་དང་བློ་སྟོབས་གྲངས་མེད་སྦྱིན་མྱོང་བ་“ང་ནམ་ཡང་ཁྱོད་དང་ལྷན་དུ་ཡོད།”ཅེས་པའི་ཡིག་འབྲུ་དེ་དག་གིས་ང་ལ་སྦྱོང་འདོད་ཀྱི་གསོན་ཤུགས་ལ་ཁ་སྣོན་རེ་བྱས་མྱོང་།   ཆུ་བོ་བཞུར་ནས་ཚར་རྒྱུ་མེད་པ་ཇི་བཞིན།   ཁྱོད་ཟེར་བ་གླེང་ནས་འཛད་འགྲོ་བ་ཞིག་དང་།  ཐག་ཐག་ཏུ་སྤོ་བའི་དུས་ཚོད་ཀྱིས་ག་ཙམ་དེད་ཀྱང་ནམ་ཞིག་ཡལ་འགྲོ་རྒྱུ་ཞིག་ཅི་ཡོད།  མེད་དེ།  ཁོའི་ཤ་གསེང་དང་རུས་གཏིང་ལ་ཐིམ་ཟིན་པས་སོ། །

 

     སྙིང་ཉེ་བའི་མི་དང་།  འདྲིས་ཆེ་བའི་གྲོགས།  ང་རང་འཆི་རག་བར་བདག་གིར་འཛིན་ཐུབ་པ་ཞིག་ཅི་ཡིན།  འདུ་བྲལ་གྱི་ཆོས་ཉིད་ཀྱིས་སྐབས་འགར་རིང་དུ་བཀྱེད་ཅིང་།  རེ་འགར་ཉེ་བར་བཅར་བའི་དུས་ཤིག་ཡོད་པས།   བྲལ་འགྲོ་བ་ནི་འདུས་པས་རེད་ལ།  སླར་ཡང་མཇལ་འཛོམས་འོངས་བ་ནི་བྲལ་བས་རེད།

 

     ངས་རྨི་ལམ་གྱི་གཙང་པོ་དཀྲུགས་པས་ཁྱེད་རང་རྙེད་མྱོང་ལ།  དོན་དངོས་ཀྱི་འཚོ་བའི་ནང་ནས་བྲལ་ཡང་མྱོང་།  སེམས་པ་སོང་བའི་རྗེས་ཤུལ་དུས་ཀྱི་རླུང་བུས་ཟུབ་ཏུ་མེད་པར།  མི་ཚེའི་འགྲུལ་བཞུད་ཀྱི་སྙན་ངག་རེ་རེའི་སྲུབས་ཀ་ནས་ཁྱེད་ཀྱི་སྣང་བརྙན་གསལ་འོངས་ལ།  གཉིད་ཀྱི་རྒྱལ་ཁམས་ལ་འཁྱིལ་བའི་རྨི་ལམ་གྱི་གཙང་བོའི་ངོགས་ནས་ཁྱེད་ལ་གདོད་མའི་ངག་གདངས་རིང་མོའི་དབྱངས་རྟའི་འགྱུར་ཁུགས་ཀྱིས་སྤྲོ་བ་མཐོན་པོར་འགྱོག །

         ༢༠༢༣ /  ༤ / ༢ ཉིན་གྱི་མཚན་མོར་ལ་དབུས་ལྷ་ལྡན་གྲོང་ནས་བྲིས།

            རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease