དྲན་ཡོལ་རླུང་གིས་ཕྱེས་པའི་སྨེང་བ།

    རྩོམ་པ་པོ། ངར་ལྕིབས།


དྲན་ཡོལ་རླུང་གིས་ཕྱེས་པའི་སྨེང་བ།
   
      
 
                           ངར་ལྕིབས།


 

       ལོ་མང་སྔོན་ནས་གཙང་བོ་དང་ལྷན་དུ་ཁ་ཁུ་སིམ་པོར་ཐ་སྙད་ལ་བཏགས་པའི་ས་སྲོད་འདིར། ངས་ད་དུང་ཁྱོད་ལ་ཅི་ཞིག་འབྲི་བར་སྙམ་གྱི་ཞེན་ཁ་ཆེར་བསྐྱེད་པ་དང་།  ནམ་ཞིག་འཕྲད་མཚམས་ཤིག་གི་བར་ལས་མ་ཆོད་ཚེ། དེ་ཡང་གྱེས་ཁ་བཞག་པའི་སེམས་ཀྱི་མཐའ་འབྲས་ལ་བསྙེས་ཤིང་ལས་དབང་དང་ཁ་དན་གྱི་མ་བཅོས་གཉུག་མའི་རང་བཞིན་དུ་བདེན་ཁ་བསྩལ་བ་མིན་ཨང་སྙམ་བཞིན་ལུས།
 

       བདག་གི་གྲོགས་པོ།  ནང་སེམས་འདི་ཇི་ལྟར་ཟུམ་པོར་བསྡུས་ཀྱང་དྲན་གདུང་གི་ཁོལ་མ་འདི་དེ་ཙམ་གྱི་གསལ་ལྷང་གིས་ཁེངས་པར་འགྱུར་དོན་ཅིའི་ལན་ནམ།    ངས་ནི་ཇི་ལྟར་བསིལ་རླུང་བཞིན་ཡན་གར་དུ་སེམས་པ་བསྣར་དུ་ཕབ་ཀྱང་གློ་བུར་བའི་བར་ཆད་ཅིག་གིས་ང་ནི་བྱིའུ་བཞིན་གཟེབ་ཏུ་ཡང་ཡང་བཅུན་ཏེ་གཅོང་དོན་ཅིའི་ལས་སམ།  ཏག་ཏག་ང་ཡང་ལས་དབང་གི་གསོབ་གཟུགས་ཤིག་ཏུ་འགྱུར་ཉེས་འདུག་པས།   ཁྱོད་ལ་བཟོད་གླགས་ཡོད་པར་ཅིའི་མི་ཞུའམ།
 

       ངས་རང་ལྕོགས་ག་ཚོད་བསྣོལ་མར་སྦྱར་ཏེ་གྲོགས་ཁྱོད་དང་དུས་ཚོད་ཉེ་བ་སེམས་ནས་བློ་ཐག་བསྲིངས་ཡང་།  ལོ་ཟླ་འདི་སུས་ཀྱང་རང་གི་བསམ་པ་ལྟར་བསྐྱལ་ནས་ཆ་འཇོག་ཅི་ཡང་གནང་མི་འཚལ་བ་བཞིན། ལོ་ཟླའི་ཕྱི་ངོས་སམ་གྲུ་ག་ཙམ་དུའང་འུ་གཉིས་ལ་གནས་ཤིག་བདག་བརྒྱག་རྒྱུ་མ་བྱུང་།  དེ་དག་ལའང་ཁག་འགེལ་ས་ཅི་ཡོད་དེ། དུས་ཚོད་དང་དུས་ཚོད་ལས་འདའ་བའི་འཚོ་བ་དངོས་མ་རེ་གདོང་གཏུག་སྟེ་བསུས་པ་ནི་མི་རེའི་ཚེ་སྲོག་གི་བདེན་པ་འཚོལ་སྟངས་ཤིག་མ་ཡིན་ནམ།  སྡོམ་རྒྱ་ལྟ་བུའི་སྤྱི་ཚོགས་དང་། དུས་རབས་འདིའི་འུར་ཟིང་ཆོམ་རྐུན་གྱི་འདུས་མདོ་འདིར།    ང་ཚོས་རང་རང་གི་ངོ་སྲུང་དང་ཁ་ཕྱོགས་དེད་དེ་གདམ་ཀའི་རང་མལ་དུ་ཁུ་སིམ་མེར་ཡལ་བ་ནི་ཁ་ཚ་དགོས་གདུག་གི་ལས་སུ་ཅིར་མ་ལགས།
 

       ཁྱོད་ཀྱིས་ང་ཚོ་འཚོ་བ་དང་ཁ་ཐག་ཇི་ཙམ་ཉེ་བར་ཐོན་པ་དེ་སྲིད། ལས་དབང་གིས་ང་ཚོ་དང་ང་ཚོའི་བར་ལ་ཀུ་རེ་ལྟ་བུར་དགའ་སྐྱོ་མང་པོ་སྤེལ་མར་འབྱོ་ཡོང་སྲིད་ཅེས་ང་ལ་སྙིང་གཏན་དུ་སྒྲོན་པའི་སྐད་ཆ་དེ།  ད་ལྟ་བསམ་ན་ཅི་འདྲའི་ཡིད་དུ་མཛའ་བ་ཞིག་རེད་ཨང་། གལ་ཏེ་འུ་གཉིས་ལ་ལས་ཀྱི་སྡོམ་ཐག་གཅིག་ལས་འབྱེད་དུ་མེད་རྒྱུ་ན། སྙིང་གཏམ་འདི་འདྲའི་རིགས་ཀྱིས་སུ་ལའང་གཏན་ཚིགས་ཀྱི་རིག་པ་རེར་ཨུ་ཚུགས་མཐའ་སྐྱེལ་དུ་བཟུང་སྟེ།  ཉིན་རེ་དང་ཟླ་རེའི་འོག་ནས་འུ་གཉིས་ལ་འཚོ་བ་གསར་བ་ཞིག་གི་འཇིག་རྟེན་ཅིག་དབང་བར་བྱ་ངེས།  དེ་ལྟར་ཁ་ཐག་དང་ཁ་ཐག་མིན་པའི་སེམས་ཀྱི་འཕྲིན་ཡིག་ཅིག་སྔོན་ནས་བདག་གི་མིད་པར་འཚང་ཁ་ཤིག་ཤིག་ཏུ་ཉིལ་ཡང་། དུས་ཀྱི་རླབས་ཕྲེང་མཚམས་ནས་གླགས་རྙེད་པའི་བསྐལ་བ་མ་བྱུང་བས་འགྱང་དུ་ཡོལ།
 

       བདག་གི་གྲོགས་པོ། ད་ནི་ལྗང་ནེམ་ནེམ་གྱི་འབོལ་སྟན་རིང་ནས་རིང་དུ་འཕྱང་བའི་རྩྭ་ཐང་གི་དབྱར་ཀ་ལ་སླེབས་འདུག  དྲི་བསུང་གི་ངད་དང་འདྲེས་པའི་རླུང་བུ་ལྡང་བ་རེར།   རྩི་ཤིང་གི་མགོ་ལྕོག་ལྡམ་མ་ལྡེམ་དུ་བདག་གི་མིག་མཐའི་ར་བ་ཡོངས་སུ་ཁེངས་ཤིང་སྐྱོམ་པར་བྱེད། ཁྱོད་ནི་བདག་ལས་རྒྱང་རིང་བའི་རི་རྒྱུད་ཅིག་གི་མཚམས་སུ་ད་དུང་མི་ཁོམ་པའི་འཚོ་ཚིས་ཀྱི་འདུ་འཛིར་ཡེངས་མ་ལམ་དུ་བྲེལ་ཏེ་ཡོད་ངེས། དེ་ཡང་མཐར་དེད་ན་ལས་དབང་གིས་སྐྱ་བཤིས་པའི་ལམ་གྱི་སྣེ་མོ་རུ་གཉིས་སུ་གྱེས་པ་ཡིན་མི་འགྲོ་འམ།
 

       ཁོད་ཡངས་པའི་མི་སེམས་ཀྱི་དྲན་ཡོལ་རླུང་གིས་ཕྱེས་པ་འདི་ནས།  སྐྱི་བསེར་ལྡང་བྱུང་། འདབ་ལོ་འཁུམས་སོང་།

                   2022 06 07

                རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease