ཁེར་རྐྱང་གི་ཟླ་བ།

    མུ་ཏིག


མུ་ཏིག སྙིང་ཉེ་བའི་ཀློག་པ་པོ་ལགས། ངའི་དངོས་མིང་ལ་ཀླུ་དབང་མཚོ་དང་སྨྱུག་མིང་ལ་མུ་ཏིག་ཟེར། ང་ནི་འབྲོག་མོའི་སྨྱུག་ཚོམས་ཚང་གི་ཁོང་མི་ཞིག་ཡིན་ཞིང་། ཆུང་དུས་ནས་རྒན་ལགས་ཀྱིས་བཞག་པའི་བག་ཆགས་ཤིག་གིས་ང་རང་བོད་རྩོམ་ཐར་ཐོར་རེ་འབྲི་རྒྱུར་དགའ་བོ་ཡོད་སྟབས། མ་འོངས་པའི་ལོ་ཟླའི་ཁྲོད་དུའང་མུ་མཐུད་དུ་རྩོམ་ཐར་ཐོར་རེ་འབྲི་འདང་ཡིན།
 

ཁེར་རྐྱང་གི་ཟླ་བ། ཞར་བཀོད་གཉིས་ཡོད། 


 

      རྒན་ལགས། ཁེར་རྐྱང་གི་ཟླ་བ་ནི་ཁྱེད་རང་མཚོན་བྱེད་ཅིག་ཡིན།  ནམ་ཞིག་ང་རང་དགུན་ཙག་ཁྲོད་ནས་འཁྱག་ཤི་ཐེབས་རུང་། ཁྱེད་རང་ཟླ་བ་བཞིན་ག་དུས་ཡིན་ཡང་ང་ཡི་སེམས་ཀྱི་ཟབ་སར་ཚེས་ཡོད། ཁྱེད་རང་ཕ་ཡུལ་གྱི་གནམ་འོག་དང་ཁ་བྲལ་རྗེས། རི་ཟོམ་གྱི་སྨུག་པ་དྭངས་ཐབས་མི་འདུག དུས་ཚོད་ཀྱི་ཐག་སྒྲ་ལས་ཚེ་སྲོག་ནི་གཙང་བོ་བཞིན་བཞུར་ནས་ཚར་གྱིན་འདུག འོན་ཀྱང་། ཁྱེད་ལ་ད་དུང་ལོག་ཕེབས་མི་འདུག ངས་ཁྱེད་རང་རྒྱང་ལ་བཞུད་པའི་ཁྲུང་ཁྲུང་ཞིག་ཏུ་བསྒོམ་ནས་ཡུན་རིང་འགོར་སོང་།

 

    ཁེར་རྐྱང་གི་ཟླ་བ། དོག་དྲགས་པའི་ནམ་མཁའ་རུ་སེམས་འཁྲལ་གྱི་སྐར་མའི་ཁོང་འདར་རྒྱག་གིན་འདུག   དུས་ཚོད་འདིའི་ནང་གི་གྲང་ཤུར་ཤུར་གྱི་རླུང་བུ་ལྡང་མཚམས་བཞག་རྗེས། ངང་སྒུག་གི་ཞིང་ཁར་སྤྲོ་སྐྱིད་ཀྱི་མེ་ཏོག་ངང་གིས་འཛུམ་ངེས་རེད། རྒན་ལགས། ཁྱེད་ཀྱི་ཐུགས་རྒྱུད་ན་འོད་ཅིག་ཡོད། ལྷ་ཚོགས་ཀྱི་བྱམས་པ་ཆེན་པོ་ལས་འཕྲོས་པའི་འོད་ཟེར་རེ་རེས་བྱིས་དུས་ཀྱི་ང་རང་བསྐྱངས་ཤིང་། རང་སྐད་ཡིག་གི་བརྡ་སྤྲོད་ཐབས་རེ་རེ་བཞིན་ཁྱེད་ཀྱིས་ང་ལ་བསླབས་པ་ཡིན། ཁྱེད་ལ་འོད་ཅིག་ཡོད་པས་ང་རང་ཁ་བ་ལུང་པའི་ཡུལ་མི་རྣལ་མ་ཞིག་ཏུ་བཙོ་སྦྱང་བྱས་ཡོད། ཐུགས་རྗེ་ཆེ།

 

       རྒན་ལགས། ཁྱེད་བཞུགས་དུས་ས་གཞི་ནི་འཇམ་ཞིང་མཉེན་པའི་ཨ་མ་ལགས་ཀྱི་ཕྱག་ཟུང་དང་། ནམ་མཁའ་ནི་དགུན་ཚེས་མི་སྲིད་པའི་མེ་ཏོག་ལྡུམ་ར་དང་མཚུངས། དེ་དུས་ནམ་ཟླ་སྟོན་ཀ་ནི་གསལ་ལ་མི་གསལ་ཞིང་གསལ་ཡང་ངོས་མི་ཟིན་པའི་རི་མོ་ཡན་གར་བ་ཞིག་མིན། དེ་དུས་ས་དེ་ནས་བལྟས་ན་རྒྱང་རིང་གི་ཉི་ཟླ་རི་བོའི་མཚམས་སྤྲིན་མཐོང་ཐུབ། ཁྱེད་བཞུགས་དུས་ཟླ་ཆུའི་གྲམ་ཁར་གསེར་གྱི་མེ་ཏོག་བརྒྱ་དང་བརྒྱད་བཞད་ཡོད། མེ་ཏོག་རེ་རེའི་འདབ་མར་གསུང་འབྱོན་ཤེས་པའི་སྙན་ངག་གི་ཡིག་ཆུང་གྲངས་མེད་བབས་ཡོད། ད་ཆ་ཡོད་ཚད་ལ་བོར་གཏོར་ཐེབས་ཟིན།

 

    རྒན་ལགས། ང་ཡི་རྩྭ་ཐང་དུ་རྒྱུ་བའི་ངང་སྒུག་གི་རླུང་བུ་འཇགས་ཐབས་མི་འདུག  འབབ་ཡུན་རིང་བའི་ཁ་བ་དེ་ཞུ་རྗེས་ཁྱེད་ལ་ལོག་ཕེབས་ཨེ་ཡོད་སྙམ། མག་མོག་ཏུ་གྱུར་པའི་ཟླ་བ་དེ་ནུབ་རིར་ཡིབ་རྗེས་ཁྱེད་ལ་ལོག་ཕེབས་ཨེ་ཡོད་སྙམ། ཞོགས་པ་དེ་དང་ས་སྲོས་དེ་ཡི་ཕར་རྒྱབ་ན་ཁྱེད་ལ་ལོག་ཕེབས་ཨེ་ཡོད་སྙམ། ཁྱེད་ཀྱི་ལོག་ཕེབས་ནི་འདི་ལྟར་ངང་སྒུག་ཁོ་ནས་མཇུག་བསྡུ་དགོས་པ་ཡིན་ནམ།  

               ཡེ་ལོ 2022  10   6 ཉིན།


སྐྱེ་བ་འདིའི་ནང་མྱི།

 

      ཨ་ཕྱི། ད་ནི་ཁྱེད་རང་རྒས་ཤིང་འཁོགས་པར་གྱུར་ཏེ་མི་ཚེའི་ས་སྲོད་ཀྱི་རྩྭ་ཐང་ཆེན་མོར་སླེབས་འདུག  ཁྱེད་ཀྱི་ཡིད་འོང་ཡོད་ཚད་དུས་ཚོད་ཀྱིས་ཁུར་ཏེ་ཞག་སྒྲོན་བཞིན་ཟད་ནས་ཚར་ནའང་། མཛེས་སྡུག་ངང་བཞུར་གྱིན་པའི་ཁྱེད་ཀྱི་བབ་ཆགས་དང་དྲང་གཤིས་ཀྱི་གཙང་བོས་ང་ཡི་འདས་མ་ད་གསུམ་གྱི་ཡིད་དབང་འཕྲོག་ནུས། ཁྱེད་ཀྱི་རྣམ་དག་གི་སེམས་པ་དང་བླ་ན་མེད་པའི་སྙིང་སྟོབས་ནི་ང་ཡི་མི་ཚེའི་ཡར་སྐུལ་གདམས་ངག་ཏུ་གྱུར། ཁྱེད་ཀྱིས་བཤད་ན་མི་ཞིག་ལེགས་འགྲུབ་བྱུང་མིན་ནི་མི་དེའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དང་འབྲེལ་བ་ཡེ་ནས་མེད་ཕྱིར། ཁྱོད་ཀྱིས་ཕུགས་འདུན་ལེགས་འགྲུབ་བྱུང་མིན་ནི་ཁྱོད་རང་གི་སྙིང་སྟོབས་དང་བརྩོན་འགྲུས་ལ་རག་ལས་པས་འབད་པ་བྱོས་ཟེར། སྐད་ཆ་འདི་ནི་ཁྱེད་ཀྱིས་ང་ལ་གནངས་བའི་རང་རྟོན་དང་སྤོབས་པ་ཡིན།

 

    ཨ་ཕྱི། ང་རང་ཕ་ཡུལ་དང་གྱེས་ཏེ་ཟླ་འགའ་འགོར་སོང་། ས་འདི་ནས་ཕ་ཡུལ་ལ་བལྟས་ན་ཁ་བ་ལྟ་བུའི་ཁྱེད་ཀྱི་སྐྲ་ལོ་དང་བསམ་དཀར་མཐོང་ཐུབ་ལ། ད་དུང་ཁྱེད་ཀྱི་ཐུགས་འཁྲལ་ཕ་ཡུལ་གྱི་ཁ་བ་ལྟར་ངའི་ཕྱོགས་སུ་འབབ་གྱིན་པ་མཐོང་ཐུབ།ཁྱེད་རང་གཉིད་ལྕོག་རྒྱག་དུས་ཀྱང་ང་ཁོ་ན་བྱ་བ་ལམ་དུ་འགྲོ་ཕྱིར་སྐྱབས་འཇུག་ཞུ་བཞིན་ཡོད་ཟེར། མ་ཕྱི་ལགས་ཐུགས་རྗེ་ཆེ། ཁྱེད་ནི་ང་ཡི་མཐའ་མེད་པའི་དྲན་གདུང་ཡིན།  

 

     ཨ་ཕྱི། ནར་སོན་རྗེས་འཚོ་བའི་བྲེལ་འཚུབ་ཁྲོད་ནས་ཁྱེད་ཀྱིས་སྔོན་ཆད་གསུངས་མྱོང་བ་མང་པོ་ཞིག་ཀྱང་བརྗེད་གྱིན་འདུག  སྟོན་མཇུག་གི་རླུང་བུས་ལུས་ལ་རེག་ཟུག་སྟེར་བ་བཞིན་འཚོ་བ་འདིས་ཀྱང་ང་རང་མི་ཐེག་པའི་སེམས་འཁྲལ་གྲངས་མེད་དུ་བརྫངས་སོང་། དེ་བས་ན་ཚོད་འདི་ངས་མ་འོངས་པར་འཆར་གཞི་བཟོས་ཏེ་སྐྱེལ་གྱིན་ཡོད།  དུས་ཚོད་ཀྱིས་མང་པོ་ཞིག་འགོ་བརྩམས་ཤིང་མང་པོ་ཞིག་ལ་བདེན་དཔང་བྱས་སོང་། འོན་ཀྱང་།ངའི་སྐྱེ་བ་འདིའི་དུས་ཚོད་ཀྱི་ནང་དུ་ཁྱེད་ཀྱི་ཐུགས་འཁྲལ་དང་བསམ་དཀར། བྱམས་སྐྱོང་དང་བརྩེ་བ། མདོར་ན་ཁྱེད་ཁོ་ནའི་རྣམ་དག་ལུས་འདུག ཁྱེད་ནི་ཚེ་རབས་འདིར་ང་ལ་དབང་བའི་བདེ་སྐྱིད་དང་དྲོད་ཁོལ་ཡིན། ཁྱེད་ནི་ང་ཡི་ས་གཞི་དང་ནམ་མཁའ་ཡིན། ཉི་འོད་བཞིན་དྲོ་ཞིང་འཇམ་ལ་མེ་ཏོག་བཞིན་ཡི་གར་འོང་བ་དེ་ཡིན།

 

  ངས་ཁྱེད་རང་ཚེ་ཐག་རིང་བར་སྐྱབས་འཇུག་ཞུས་ཤིང་སྨོན་ལམ་བཏབས་ཡོད། རྒྱུ་མཚན། ང་ཡི་ནར་མ་སོན་པའི་ལག་ཟུང་སྤྱད་ནས་ཁྱེད་ཀྱི་ཚེ་མཇུག་གི་འཚོ་བ་བག་ཕེབས་ལྷིང་འཇགས་ཤིག་རོལ་རྒྱུ་བྱུང་ན་བསམ། སྐྱེ་བ་ད་ཐེངས་འུ་གཉིས་ཀྱི་བར་ལ་གནོང་འགྱོད་མེད་པ་ཞིག་ཅིས་ཀྱང་བྱ་འདོད་ཨང་། ཨ་ཕྱི། ང་ཡི་ཁྲི་གདུགས་ཉི་མ།

               2022/10/16 ཉིན་གྲུབ།



ན་ཚ་མེད་པའི་ལོ་ཟླ།

 

     སྙིང་ཉེ་ལགས། དཀའ་སྡུག་གི་ས་ཚུགས་རེ་རེ་ནས་འུ་གཉིས་ཀྱིས་མི་འདོད་པ་མང་པོ་ཞིག་དང་དུ་བླངས་ཏེ་དེ་རིང་ལ་སླེབས་ཡོད། ཁྱོད་ཀྱིས་ང་ལ་ནམ་མཁའ་བྲིས་ཤིང་ཞེ་འདང་གི་རྫོང་བ་ཁུར་ཏེ་ང་ཡི་རྩྭ་ཐང་དུ་ཞོགས། ད་ནི་དུས་ཚིགས་ལ་འཇམ་མཉེན་གྱི་དབྱར་ཟླ་ཚེས་པས། ཁྱོད་ཀྱི་བརྩེ་བའི་མིག་ཟུང་ནི་ས་ཡི་མེ་ཏོག་དང་དགུང་གི་སྐར་མ་ཡིན། གངས་རི་དང་རྩྭ་ཐང་ཡིན། ཁྱོད་ནི་ཅི་ཡང་ཡིན་པས་ཅི་འདྲའི་མཚར་སྡུག་ལྡན་པ་ལ་ཨང་།
 

       སྙིང་ཉེ་ལགས། ཁྱོད་ནི་བདག་གི་ཡིད་དུ་འོང་བའི་ལོ་ཟླ་དང་ལང་ཚོ་ཡིན།  བརྗེད་མི་བཏུབ་པའི་ལམ་ཕྲན་སྟོང་གི་འགྲམ་དུ་ཁྱོད་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་གྱི་ཉི་འོད་འཕྲོས་ཡོད་ཅིང་། སྤྱིར་བཏང་མ་ཡིན་པའི་དུས་གསུམ་གྱི་ཞོགས་པ་རེ་རེ་ནི་ཁྱོད་ཀྱི་འཛུམ་མདངས་ཁྲོད་དུ་ཚེས་ཡོད་ཕྱིར། ད་ནི་རྒྱང་རིང་གི་མཁའ་མཐའ་ནས་སེམས་གཅོང་གི་སྐར་འབྲུ་འཆར་མི་སྲིད། 

 

      སྙིང་ཉེ་ལགས། ང་ཡི་དགའ་སྡུག་ཡོད་ཚད་ཁྱེད་ལ་ཐོགས་རེག་ཡོད་པ་ནས་བཟུང་། འུ་གཉིས་ཀྱི་བར་ཐག་ནི་བརྩེ་གདུང་གི་གཙང་བོའི་གཏམས་ཡོད་ཅིང། ཁྱོད་ནི་བྱང་མཐར་བཞད་པའི་སྐར་མ་ཨ་བརྟན་དང་འདྲ་བར་རྒྱང་རིང་གི་གནམ་མཐའ་ནས་ངའི་ཞེ་འདང་གི་མིག་ཀོང་དུ་འགྱེལ་ཡོང་། ཁྱོད་ཡོད་པས་ཟླ་བརྒྱད་པའི་མཚར་སྡུག་ཧྲིལ་བོ་ང་ཡི་མིག་མདངས་ཁྲོད་ཚེས་ཡོད། འུ་གཉིས་ཀྱིས་ང་གཉིས་དགའ་མོས་ཡོད་སའི་བྱ་དངོས་རེ་རེར་བློར་ཧ་ཅང་བབས་པའི་མྱིང་ཡག་པོ་ཡག་པོ་རེ་བཏགས། ཆ་རྐྱེན་ལྡན་དུས་ཧ་ཅང་འགྲོ་མོས་སའི་ས་ཆ་རེ་རེར་ལྗོངས་རྒྱུ་ལ་འགྲོ། ལར། འཚོ་བ་ནི་ཆར་རྗེས་ཀྱི་འཇའ་ཚོན་དང་གཟུགས་འགྱུར་གྱི་རི་མོ་དང་མཚུངས་མོད། འོན་ཀྱང་། འཚོ་བ་ལ་སྦྱོང་བརྡར་མཁོ། འཚོ་བ་དང་བརྩེ་གདུང་གི་མཇུག་མཐའི་འབབ་སོ་གཅིག་ཡིན་པས་སྦྱོང་བརྡར་ཁྲོད་ནས་ནར་སོན་དགོས། 

 

     སྙིང་ཉེ་ལགས། མི་ཚེ་འདིའི་འཚོ་བའི་ཐབ་ཀ་ཧ་ཅང་དྲོ་དགོས། ཐབ་མེ་ལྷབ་ལྷུབ་ཏུ་འབར་དགོས། སྒེའུ་འགྲམ་དུ་འུ་གཉིས་དགའ་སའི་མེ་ཏོག་ཡག་པོ་ཞིག་གསོ་དགོས། དཔེ་སྒྲོམ་ནང་དུ་ཆེད་ལས་དང་དགའ་ཕྱོགས་ལ་འབྲེལ་བའི་དཔེ་ཆ་མང་ཙམ་བསྒྲིག་དགོས། གྱང་ངོས་སུ་འཆར་ཡན་ལྡན་པའི་ཚོན་ལྡན་རི་མོ་འགའ་སྦྱར་དགོས། ཁོམ་སྐབས་སུ་རོལ་དབྱངས་ལྷོད་པོ་རེ་གཏོང་། དཔེ་ཀློག་བྱེད་ཅིང་ཟིན་བྲིས་འབྲི། དེ་ལྟར་འཆར་གཞི་ཡོད་ཅིང་བློ་འགྱོད་མེད་པའི་འཚོ་བའི་ཁྲོད་དུ་མི་ཚེ་བསྟིམས་དགོས།

       2022/ 10/13ཉིན་བྲིས།

                  རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease