ལོ་ལོ། ད་བདེ་མོ་བྱོས།

    རྩོམ་པ་པོ། སྒོ་སྤྲེལ་ངེས་དོན།


ལོ་ལོ། ད་བདེ་མོ་བྱོས།

 

                   སྒོ་སྤྲེལ་ངེས་དོན། དཀར་མཛེས།


 

    ང་དང་ཁོ་མོ། འུ་གཉིས་ལ་གཏམ་རྒྱུད་མེད་སོང་།  ང་རང་ལོ་ངོ་དུ་མར་དགའ་བའི་མི་དེ། ང་ལ་ཧ་ཅང་བཟང་བའི་མི་དེ། ངས་འུ་གཉིས་གཞི་ནས་མཉམ་དུ་འདུག་ཐུབ་པར་འདོད་པའི་མི་དེ།  རྗེས་སུ་འུ་གཉིས་མཉམ་དུ་འདུག་མ་ཐུབ་པར།  སོ་སོར་གྱེས་སོང་། འུ་གཉིས་ངོ་མ་ཐུག་ནས་ལོ་གཅིག་ལྷག་ཅིག་འགོར་བ་མ་ཟད་ཐ་ན་ཕན་ཚུན་ལ་ཁམས་བདེ་ཙམ་ཡང་འདྲི་མ་མྱོང་ནས་དུས་ཡུན་རིང་པོ་ཞིག་འགོར་སོང་། འུ་གཉིས་ལ་གུ་རེ་མེད་ཅིང་ཕལ་ཆེར་གྲོགས་པོའང་མིན་ཚོད་དུ་སླེབས། ཁོ་མོ་ནི་ངའི་རྒྱང་རིང་གི་ཕུགས་བསམ་དང་ངས་སྒུག་མི་ཐུབ་པའི་མི་ཞིག་ཡིན།ཁོ་མོས་སྔར་བཞིན་རང་ས་ནས་མོའི་ཕུགས་བསམ་གྱི་མི་ཚེ་རོལ་བཞིན་ཡོད་མོད། ངའི་མི་ཚེའི་ཁྲོད་དུ་ཁོ་མོ་གཏན་དུ་བྲལ་སོང་།

     ཁོ་མོ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་འདོན་དུ་བུད་སོང་།  ང་ནི་སྔར་བཞིན་སློབ་གྲྭ་ན་ཡོད། གོ་ཐོས་ལྟར་ན་ཁོ་མོ་མཚམས་རེར་ཕྱིར་ཡོང་མྱོང་ཟེར། འོན་ཀྱང་ང་ལ་དུས་བཅད་བྱས་མ་མྱོང་། ང་ཡང་ནུབ་བྱང་ལ་ཐེངས་འགར་སློབ་སྦྱོང་དུ་སོང་མྱོང་མོད་བཟོད་བསྲན་བྱས་ནས་མོ་ལ་མ་བཤད། ངས་ནུབ་བྱང་ནས་ཁང་བ་ཞིག་ཉོས་ཡོད་པས་ཉིན་ཞིག་ཁོ་མོ་ངའི་སར་མགྲོན་དུ་ཡོང་ཐུབ་པར་སྨོན།

      ང་ལ་མཚོན་ན་འཇིག་རྟེན་འདིར་ཆེས་མཛེས་སྡུག་ལྡན་པ་ནི་ལྷ་ལྷ་མོ་དང་། མེ་ཏོག་སོགས་ཅི་ཡང་མ་ཡིན་པར་མི་སེམས་སྒུལ་བའི་ཁོ་མོའི་མཛངས་སྤྱོད་དང་འཛུམ་མདངས་ཁོ་ནའོ། ཡིན་ནའང་། དེ་ནས་བཟུང་ངས་འུ་གཉིས་ཀྱི་མཉམ་པར་ལ་ལྟ་མ་མྱོང་བར་བལྟས་རྗེས་བཟོད་མི་ཐུབ་པར་ཁོ་མོ་དྲན་ཡོང་བར་སྐྲག ངས་ད་དུང་ཁོ་མོའི

་རྣམ་པ་གསལ་བོར་ཡིད་ལ་དྲན་ཀི། ཡི་ན་ཡང་ཁོ་མོ་ད་ལྟ་ཚོན་པོར་གྱུར་ཡོད་དམ་སྐམ་པོར་གྱུར་ཡོད་པ་ངས་མི་ཤེས། སྐབས་འགར་ད་དུང་ཡང་སྔོན་ཆད་ཀྱི་དགའ་སྤྲོའི་རྣམ་པ་དག་ཡིད་ཝ་ལེར་ཤར་ཡོང་། འོན་ཀྱང་རྗེས་ཕྱོགས་དགའ་སྤྲོ་དེ་ཤིན་ཏུ་ཡོད་དཀའ་བ་ཞིག་རེད།

       མ་གཞིར་མི་ཚེ་ནི་འདི་འདྲ་ཞིག་རེད། ཕན་ཚུན་ལ་དགའ་བ་དེ་འདྲ་མང་པོ་ཞིག་མེད་ལ། ཡུན་རིང་ལ་ཁ་བྲལ་ནས་ཡང་བསྐྱར་འཕྲད་པ་ཡང་མེད། མང་ཆེ་བ་ནི་སྔོན་ཆད་ཀྱི་བརྩེ་བ་མ་གཏོགས་ད་གཟོད་མགོ་རྩོམ་ཐུབ་པ་ཞིག་མ་རེད་ལ། ཁོ་མོ་ནི་ངའི་ཚེ་སྲོག་གི་ཡོད་ཚད་ཡིན་པ་མ་ཟད། ལྷག་ཏུ་ངའི་རྣམ་ཤེས་དང་དད་མོས་ཀྱི་སྒུལ་ཤུགས་སུ་གྱུར་སོང་།

       སྟབས་ལེགས་པ་ཞིག་ལ་རྩོམ་ཡིག་འདི་འབྲི་བའི་སྐབས་སུ་ཏག་ཏག་ཁོ་མོའི་སྐྱེས་སྐར་གྱི་ཉིན་མོ་རེད་འདུག་ལ། ཁོ་མོར་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཞེས་བཤད་འདོད་མོད་སྐུར་མ་ཕོད།སྔོན་ཆད་ངས་ནམ་ཉི་མ་ཞིག་ལ་ང་རང་ཉིད་སྐྱེས་སྐར་གྱི་ལེགས་སྐྱེས་སུ་བརྩིས་ནས་ཁོ་མོར་སྟེར་ཐུབ་པར་སྨོན་ཡང་ད་ལྟ་བལྟས་ན་ཡོང་མི་སྲིད་པ་ཞིག་རེད་འདུག ངས་ཉི་ནུབ་ཀྱི་རི་ཁུལ་འདི་ནས་བྱང་མཐའི་མཚམས་སྤྲིན་དང་རྒྱང་རིང་གི་འཇིག་རྟེན་ལས་ཁྱོད་རང་དྲན་པའི་དབྱངས་གསལ་གྱེར་བ་མ་གཏོགས་ཅི་ཡང་མ་ནུས།  རེད་དེ། ངས་ཁོ་མོ་དྲན་བྱུང་། མང་པོ་མེད་ཅུང་ཙམ་ལས་མི་འདུག

       ལོ་ལོ། དགོང་ཁའི་ཉི་ནུབ་དང་། ཚང་ལ་ལོག་པའི་བྱ་ཁྱུ། ཁོར་ཡུག་འདིའི་སྣོད་བཅུད་བཅས་ཀྱིས་ངས་ཁྱོད་རང་དྲན་པ་ཐོས་ཀྱིན་ཡོད་མེད་མི་ཤེས་མོད། ཁྱོད་ཀྱིས་ཚོར་བྱུང་ངམ། ངས་ཁྱོད་རང་དྲན་བྱུང་། སྔོན་ཆད་འུ་གཉིས་ཀྱིས་ཕན་ཚུན་ལ་ཉེ་ལམ་གྱི་འཚོ་བའི་གནས་ཚུལ་མཉམ་སྤྱོད་བྱེད་སྲིད། འོན་ཀྱང་ད་ལྟ་ངས་ཁྱོད་ཀྱི་འཚོ་བ་ཅི་འདྲ་ཡིན་པ་མི་ཤེས།  ང་ལ་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དོན་དག་མང་པོ་མང་པོ་ཞིག་ཁྱོད་ལ་ཞུ་རྒྱུ་ཡོད་མོད། བཤད་ལན་མི་བདེ་བ་ལྟ་བུ་ཞིག་ཏུ་ཆགས་འདུག

       ལོ་ལོ། དོ་ཞག་གི་འཚོ་བ་ཇི་འདྲ་རེད། ཁྱོད་བདེ་མོ་ཡིན་ནམ། ནུབ་བྱང་གི་སློབ་སྦྱོང་གི་ཁོར་ཡུག་གོམས་སམ། མཛའ་བོ་ཡོད་དམ། ཕ་མས་ད་དུང་ཁྱོད་ལ་གཉེན་སྒྲིག་བྱས་ནས་ཁྱིམ་ཐབ་འཛིན་པར་སྐུལ་བཞིན་ཡོད་དམ། ཁྱོད་ཀྱིས་ཅིའི་ཕྱིར་ང་ལ་ཁ་ཡ་མི་བྱེད་པ་ཡིན་ནམ། སྔོན་ཆད་འུ་གཉིས་བཟང་ས་མིན་ནམ།  མུ་མཐུད་དུ་གྲོགས་པོ་སྒྲིག་ན་ཆོག་གམ།

     ལོ་ལོ། བརྩེ་བ་ནི་སྦས་མི་ཐུབ་པ་ཞིག་རེད། ཁ་བཙུམ་ཡང་མིག་གིས་ཀྱང་བཤད་སྲིད་པ་ཞིག་རེད། ངས་ཁྱོད་ཀྱི་ལན་ལ་སྒུག་མི་ཐུབ་པ་ཤེས་ཡོད། འོན་ཀྱང་འདི་ལྟར་ཐ་སྙད་དང་སྙན་ངག་གི་རམ་འདེགས་ལས་ཁྱོད་ཀྱི་གནས་ཚུལ་དྲིས་ཤིང་སེམས་ཀྱི་སྐད་ཆ་རེ་བཤད་ཐུབ་སོང་ན་ལུས་སེམས་སྐྱིད་པོ་འདྲ་འདུག་མོད། འཇིག་རྟེན་འདིའི་བཤད་མི་ཐུབ་པའི་འགྱོད་གདོང་མང་པོ་ཞིག་མིག་ཆུའི་ནང་ལ་སྦས་ཡོད། ང་ད་ལྟ་ཁེར་རྐྱང་མིན་པར་ང་རང་ཤིན་ཏུ་གཅེས་པའི་འདུག་རོགས་ཡོད་མོད་ཁྱོད་དྲན་པའི་སྐབས་སུ་ངས་སྔར་བཞིན་འཚོ་བ་ཅུང་དཀའ་ཁག་ཆེ་བར་འདོད་ཡོད།

      ཉིན་དེར་ཨ་མས་ཁྱོད་རང་དྲིས་བྱུང་། ངས་ཁྱོད་ཀྱི་ཉེ་ལམ་གྱི་གནས་ཚུལ་ཅི་ཡང་མི་ཤེས་པས་ཅི་ལྟར་བཤད་དགོས་པ་ཡང་མ་ཤེས། འུ་གཉིས་ཀྱི་འབྲེལ་བ་འདི་ལྟར་ཆ་མེད་ནས་ཆ་ཡོད་དང་ཆ་ཡོད་ནས་ཆ་མེད་དུ་འགྱུར་དགོས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ། མཚམས་ལ་ལར་གཅེས་སྤྲས་ཇི་ལྟར་བྱས་ཀྱང་ཐོབ་དཀའ་བ་ནི་འཁོར་བའི་ཆོས་ཉིད་ལྟ་བུ་ཞིག་ཡིན་ངེས། ཁྱོད་རང་ང་དང་བྲལ་སོང་བ་ནི་ངོ་མ་ཡིད་ཕངས་པ་ཞིག་རེད། ལོ་ལོ། སྐབས་ལ་ལར་ང་དང་འབྲེལ་བ་ཧ་ཅང་ཉེ་བའི་གྲོགས་པོ་ཚོས་ད་དུང་ང་ལ་ཁྱོད་རང་གླེང་སྲིད།  ཁོ་ཚོ་ཕལ་ཆེར་ང་ལས་ལྷག་པར་ད་ལྟའི་འུ་གཉིས་ཀྱི་འབྲེལ་བ་ལ་འགྱོད་པ་སྐྱེས་བཞིན་ཡོད། ངས་སྔོན་ཆད་སྙན་ངག་ཞིག་ཏུ་མི་ཁ་ཤས་ཤིག་ཐོབ་མ་ཐུབ་པའི་རྐྱེན་གྱིས་གཞི་ནས་མཛེས་སྡུག་ལྡན་པ་དང་། ད་གཟོད་མཐོང་ཆེན་བྱེད་པ་དང་ཧ་ཅང་རྩ་ཆེན་ཡིན་ངེས་ཞེས་པའི་ཚིག་ཅིག་བྲིས་མྱོང་། ད་ལྟ་བལྟས་ན་ངོ་མ་དེ་འདྲ་ཞིག་ཀྱང་རེད་འདུག

       ལོ་ལོ། སྔ་འགྱོད་ཅི་ཡང་མེད་པར་ཁྱོད་ལ་དགའ་བ་ནི་ངས་གཞན་ལ་བཤད་མི་ཤེས་པའི་དམ་ཚིག་ཡིན་མོད། ཁྱོད་ལ་བཅིངས་བའི་བརྩེ་བར་མཚམས་འཇོག་དགོས་སོང་ལ། རྩོམ་ཡིག་འདི་ཡང་ཕལ་ཆེར་མཇུག་སྒྲིལ་ལ་ཉེ། རྗེས་ཕྱོགས་འུ་གཉིས་ཀྱི་མི་ཚེའི་ཁྲོད་དུ་ཕན་ཚུན་གྱི་འདང་བརྩེ་ཇེ་རིང་ནས་ཇེ་རིང་དུ་འགྲོ་བ་དང་། ཐར་ཐོར་གྱི་བག་ཆགས་ཅུང་ཙམ་རེ་ལས་ལྷག་མི་སྲིད་པར་ང་རང་ཤིན་ཏུ་སྐྲག  ལོ་ལོ། རང་ས་ནས་ཤུ་རེ་བྱོས།

       ལོ་ལོ། འདི་ལྟར། ཁྱོད་བདེ་མོ་ཞེས་པས་འུ་གཉིས་ཀྱི་གཏམ་རྒྱུད་མགོ་བརྩམས་ལ། ཁྱོད་རང་བདེ་མོ་ཡིན་དགོས་ཞེས་པས་འུ་གཉིས་ལ་མཇུག་སྡོམ་བརྒྱབས། འདི་ནི་ཕལ་ཆེར་ངས་ཁྱོད་ལ་བྲིས་པའི་ཆེས་མཇུག་མཐའི་རྩོམ་ཡིག་དེ་ཡིན་ངེས་པས། སེམས་པ་རབ་ཏུ་སྡུག་ལ་ཤིན་ཏུ་དགའ་ཡང་ཡོད་ལགས། དེ་རིང་ངས་ཕྱིར་དྲན་གྱི་རི་མོ་རེ་རེ་བསྡུ་སྒྲིག་བྱས་ནས་ཁྱོད་དང་གྱེས་གྲབས་ཡིན་པར་རི་ཁུལ་འདིའི་བྲག་སྒང་དུ་བསྡད་ནས་ཐ་སྙད་ཀྱི་ཕྲེང་ཐག་བགྲང་བཞིན་མགོ་བོ་ཡར་ལ་བཀྱགས་ནས་ཟླ་འོད་དང་སྐར་ཚོགས། རྒྱང་རིང་གི་འཇིག་རྟེན་ལ་སྐད་ཤུགས་ཆེན་པོས་བོས་ནས་ངས་ཁྱོད་ལ་བཅིངས་པའི་བརྩེ་བ་དང་དྲན་པ་ཚང་མ་ལྷག་ལུས་མེད་པར་ཕུལ་ཡོད།

     ཨོ་ཨོ། 

     ཨ་མས་འབོད་བཞིན་འདུག  ད་ནུབ་ཚ་འཐུང་རན་སོང་།   

     ལོ་ལོ། ད་བདེ་མོ་བྱོས། 

           ༢༠༢༢-༢-༢༥

                     རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease