ཡི་གེའི་སྒྱུ་རྩལ་པ།

    རྩོམ་པ་པོ། ན་རོ།


ཡི་གེའི་སྒྱུ་རྩལ་པ།

 

                ན་རེ།


1

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་མ་བསླེབས་པའི་སྔ་རོལ་དུ།  ནམ་མཁའ་སྟོང་པ་འདིའི་ཀློང་དུ་ཀླ་ཀློ་དང་བག་འཁུམས་ཀྱི་དྲི་མས་ཁྱབས་ཡོད་ལ།  ས་སྒང་རིལ་བུ་འདིའི་སྟེང་གི་མེ་ཏོག་རྙིད་དེ་གསོན་ཉམས་ཤོར།  མི་རྣམས་ཀྱིས་མུན་ནག་གི་ཁྲོད་ནས་ཕན་ཚུན་གྱི་ངོ་གདོང་མཐོང་མི་ཐུབ་པས།   འཇིག་རུང་གི་ལག་པ་མང་པོ་སུ་ཞིག་གི་སྐེ་རུ་འཐམ་ཡོང་ངེས་ཀྱང་མི་ཤེས།

 

2

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་མ་བསླེབས་པའི་སྔ་རོལ་དུ།  ཁྲུང་ཁྲུང་ལྷོ་རུ་འཕུར་སྟངས་ནི་ཉམས་ང་བ་ཞིག་མ་ཡིན་ལ། སྐར་ཚོགས་རྣམ་པར་བཀྲ་ཚུལ་ཡང་ཡིད་དུ་འོང་ཞིག་མ་རེད།  རྒྱ་མཚོའི་འགྲམ་ནས་ཉི་མ་འཆར་བར་བསྒུགས་བཞིན་པའི་བྱིས་པ་ཚོས།  བར་སྣང་གི་དགུ་ཚིགས་ལས་ནང་སེམས་ཀྱི་དྲོད་ཁོལ་མ་རྙེད། མྱ་ངན་གྱི་སྐར་མདའ་གྲངས་མེད་རྒྱ་མཚོའི་ཕར་མཐར་བཞུད་རུང་ཁོ་ཚོ་སྔར་བཞིན་རེ་སྒུག་གི་ཀློང་དུ་ཚུད། 

 

3

      ཡི་གེའི་སྒྱུ་རྩལ་པ།  ཁྱོད་མ་བསླེབས་པའི་སྔ་རོལ་དུ།  དཔྱིད་རླུང་ལྡང་ཕྱོགས་སུ་མགོ་ལྕོག་ལྡེམ་ལྡེམ་བྱེད་གྱིན་པའི་སྡོང་བོའི་ལོ་མ་དག་གིས།  སྟོན་འཇུག་ཏུ་རང་ཉིད་སྡོང་བོ་དང་འབྲལ་དགོས་པ་རྟོགས་མེད་ལ།  ༠བྲལ་བའི་སྐབས་སུ་རང་ཉིད་ཀྱི་ཁ་དོག་གཞི་ནས་འགྱུར་འགྲོ་བའང་རྟོགས་མེད།  

 

4

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་མ་བསླེབས་པའི་སྔ་རོལ་ཏུ།  ང་ནི་རྔོན་པ་ཞིག་ཡིན།  ཁོ་ནི་དོས་པ་ཞིག་རེད། ངས་མེ་མདའིི་ཁ་ཐད་ནས་འཚོ་གནས་ཀྱི་ཐབས་ལམ་བཙལ་ཡོང་དུས། ཁོས་གངས་རིའི་འདབས་ནས་ས་སྤར་མོ་གང་རང་གི་ཁུར་བོའི་ནང་དུ་བླུགས།  ངེད་གཉིས་དེ་ལྟར་ཁ་ཕྱོགས་མི་འདྲ་བའི་དབང་གིས་སུ་ལའང་ཕོག་ཐུག་མ་བཏང་། ཡིན་ནའང་། ངའི་རི་དྭགས་མཚམས་མེད་དུ་ཁོའི་ཕྱོགས་སུ་རྒྱུག་གིན་མཆིས།

5

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་བསླེབས་ཡོང་དུས།  གོམ་པ་གང་རེ་གང་རེ་ང་དང་ཇེ་ཉེ་ཇེ་ཉེ་ཕྱིན་ཡོང་དུས།  ངས་འུར་ཟིང་གི་འཇིག་རྟེན་འདི་རུ།ཁྱོད་ཀྱི་གོམ་སྒྲ་ཁོ་ན་ཐོས་ཀྱི་འདུག ངས་འདུ་འཛིའི་མི་ཚོགས་ཁྲོད་ནས་ཁྱོད་ཁོ་ན་གསལ་བོར་མཐོང་གི་འདུག

ཡོད་ཚད་གཙང་བོ་བཞིན་ཁི་སིམ་པའི་ཞོགས་པ་ཞིག་ཏུ།  ཡང་ན་ཕྱི་དྲོ་ཞིག་ཏུ། ཁྱོད་ཉིད་ངའི་སྡོད་གནས་ཆུང་ཆུང་འདི་རུ་མི་ཤོང་བཞིན་དུ་འཚག་ག་རྒྱབ།  མི་ཚུགས་བཞིན་དུ་ཨུ་ཚུགས་བྱས།  དེ་ནི་ང་ལ་མཚོན་ན་སེམས་གསོ་ཙམ་མ་ཡིན། ཚེ་སྲོོག་ཞིག་གསར་དུ་སྦྱིན་པ་ཡིན།

 

6

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་བསླེབས་ཡོང་དུས། འབྲོང་རྒོད་ཀྱིས་ར་རྩེ་བརྡར་མྱོང་བའི་རྡོ་བའི་ངོས་སུ་ཡིག་འབྲུ་ཁ་ཤས་གསལ། ཡིག་འབྲུ་རེ་རེ་ནི་ལོ་རྒྱུས་ཀྱི་དེབ་ཐེར་རེ་དང་འདྲ་བར་འོད་སྟོང་འབར་བ་རེད། ངེད་ཅག་གི་མིག་གསུམ་པ་དེའང་རེད།

 

7

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་བསླེབས་ཡོང་དུས། མེས་པོའི་དུར་སར་འཁྲུངས་པའི་རྩི་ཤིང་རླུང་གིས་གཡོ་མ་ཐུབ་ལ། བསྐལ་པ་གྲངས་མེད་དུ་གཡོ་འགུལ་མེད་པའི་ཉི་ཟླ་སྐར་གསུམ་ཡང་འདར་གྱིན་བདོག

 

8                                                             

     ཡི་གེའི་སྒྱུ་རྩལ་པ།  ཁྱོད་བསླེབས་ཡོང་དུས།  མཛེས་ཆོས་ལ་མཚན་ཉིད་བཀོད་ནས་ཡོང་། རྨི་ལམ་ལ་ཐམ་ག་བརྒྱབ་ནས་ཡོང་། འཁོར་བ་ལ་བདེ་སྐྱིད་བསྐྲུན་ནས་ཡོང་། བརྩེ་དུང་ལ་བདེན་ཁ་བཙལ་ནས་ཡོང་། རང་དབང་ལ་སྲོག་ཤིང་བཙུགས་ནས་ཡོང་། དབྱངས་གསལ་ལ་ཁྱིམ་གཞིས་གནང་ནས་ཡོང་།  མི་སེམས་ལ་བག་ཆགས་ཟབ་མོ་ཟབ་མོ་སྣང་བ་མངར་མོ་མངར་མོ་དྲན་གདུང་ལྕི་མོ་ལྕོ་མོ་ཚོར་བ་དྲོད་མོ་དྲོད་མོ་བཞག་ནས་ཡོང་།

 

9

      ཡེ་གེའི་སྒྱུ་རྩལ་པ། ཁྱོད་ཡོད་པས། འགྲོ་བ་མིའི་རིགས་ལ་ཁ་མི་གྲགས་པའི་སྐད་ཆ་བཤད་སྟངས་ཤིག་ཡོད། ལག་མི་འགུལ་པའི་ངལ་རྩོལ་བྱེད་སྟངས་ཤིག་ཀྱང་ཡོད། ཁྱོད་ཀྱིས་ཡིག་གཟུགས་ལ་བརྟེན་ནས་ཡོད་ཚད་མཚོན་ཐུབ་པ་ཇི་བཞིན། ཀླད་པའི་ངལ་རྩོལ་ལ་བརྟེན་ནས་ཐམས་ཅད་བསྒྲུབ་ནུས། 

 

10

      ཡི་གེའི་སྒྱུ་རྩལ་པ།  ཁྱོད་ཡོད་པས། ང་ལ་འཆད་མི་ཚར་བའི་གཏམ་རྒྱུད་ཡོད་པར་གྱུར། ང་ལ་ཉར་མི་ཚར་བའི་འཚར་སྡུག་གི་རྗེས་དྲན་ཡོད་པར་གྱུར། གང་ལྟར། མག་མོག་གི་དམིགས་འདུན་ཅི་ཞིག་གི་ཆེད་དུ་ཀྱ་ཀྱོག་གི་ལམ་འཕྲང་གང་འདྲ་བརྒྱུད་དགོས་ཀྱང་རུང་།   ཁྱོད་དང་འཕྲད་ནི་ངའི་རྣམ་ཤེས་ལྡོམ་པོ་འདིའི་བསྐལ་པ་དུ་མར་བསགས་པའི་རླུང་རྟ་ཡིན།

11

    ཡི་གེའི་སྒྱུ་རྩལ་པ།  ཁྱོད་ཡོད་པས།  ང་རང་ཐུན་མིན་གྱི་ཁ་དོག་ལྷག་མ་ཞིག་གིས་རབ་ཏུ་བརྒྱན་ཡོད།  

 

12

       ཡི་གེའི་སྒྱུ་རྩལ་པ།  དགུན་ཟླ་མཐའ་མའི་དགོང་མོ་ཞིག་ལ། གྲང་ངར་ཅུང་ཟད་འཇགས་ཤིང་སྐར་མས་ཁྲ་གུར་ཕུབ་པའི་དགུན་ཟླ་མཐའ་མའི་དགོང་མོ་ཞིག་ལ།  ངས་དོན་ངོ་མར་ཁྱོད་ཀྱིས་ངའི་འཚོ་བའི་ཁྲོད་ནས་གོ་གནས་གང་འདྲ་ཞིག་ཟིན་ཡོད་མིན་ནམ་མི་ཚེ་ལ་ཤུགས་རྐྱེན་ཅི་འདྲ་བཟོས་ཡོད་མིན་བསམ་བློ་བཏང་། མི་གཞན་དང་འབྲེལ་འདྲེས་བྱེད་པར་མི་མཁས་པའི་རྐྱེན་གྱིས་ངའི་འཚོ་གནས་ཀྱི་ར་བ་ཅུང་གུ་དོག་གི  ཀླད་པའི་འཁོར་ཕྱོགས་ཀྱང་དོན་ཆུང་ངུ་དག་ལས་འདའ་མི་ཐུབ།  དེ་བས་ཁྱོ་ནི་ང་ལ་མཁོ་མཁོ་སུ་ལའང་མི་མཁོ་སྟེ། ཁྱོད་ཀྱིས་ང་ལ་ཕན་ཕན་སུ་ལའང་མི་ཕན།

        

13

       ཡི་གེའི་སྒྱུ་རྩལ་པ།  མ་འོངས་པའི་དུས་ནམ་ཞིག་ཏུ་དངོས་པོའི་འཇིག་རྟེན་གྱི་དབང་སྦྱོར་འོག་ནས།  ཁྱོད་ཀྱིས་སྒྱུ་རྩལ་དང་སྨྱུག་གུ་བློས་བཏང་ན།  ཁྱོད་ལ་ཕངས་སེམས་དང་འགྱོད་གདུང་མེད་པར་ཤོག  རྒྱུ་མཚན་ཁྱོད་ནི་ཐོག་མ་ཉིད་ནས་ངའི་འཚོ་བ་རོལ་སྟངས་སུ་གྲུབ་ཟིན།  

                            2022.3.3
                      རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease