དཀར་ནག་གི་འཕྲུལ་སྣང་།

    རྩོམ་པ་པོ། རྒོད།


དཀར་ནག་གི་འཕྲུལ་སྣང་།
ཞར་བཀོད་གཅིག་ཡོད།
 
                   རྒོད།
 
     འོད་མདངས་རབ་རིབ་ཏུ་གྱུར་བའི་མཚན་མོ། ད་དུང་ང་ཚོའི་རྩ་མེད་དུ་གྱུར་བའི་གྲངས་མེད་ཀྱི་ཁ་སང་། བསམ་ཡིད་ལས་འདས་པའི་ངོ་མཚར་ཞིག་སྟེ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ལས་ང་ཡི་མདུན་དུ་ཅི་གང་ཡོད་པ་ནི་ལུས་སེམས་གཉིས་ཀ་ལྗིད་ཀྱིས་མནན་པའི་ནམ་གུང་གི་ཡིད་གདུང་། ངའི་ལོ་དུ་མའི་སྔོན་གྱི་གྲོགས་པོ་ཞིག་སྟེ་ནམ་རྒྱུན་གདོང་གི་ཕྱེད་ཀ་ལས་མཐོང་ཐབས་བྲལ། མེ་ལོང་ནི་ཁྱོད་ཀྱྱི་གདོང་གི་ཕྱེད་ཀ་འཚོལ་བྱེད་ཡིན་ལ་མེ་ལོང་གི་བར་ཁྱམས་རེ་རེ་ནི་ཁྱོད་དང་ངའི་གོམ་སྤོ་སའི་ཡུལ་ལྗོངས་ཤིག
 
     ཁྱོད་ཀྱིས་ད་ནས་བཟུང་སོས་དལ་བག་ཕེབས་ཀྱི་ཉིན་མོ་ཞིག་འཚོལ། གྲོང་ཚོའི་ནང་དུ་འུར་ཟིང་གིས་ཁྱོད་ཀྱི་མནོ་བསམ་ལ་གས་ཁ་གཏོང་ངེས། ཁྱོད་ཀྱིས་ད་ནས་བཟུང་འཚོ་བ་གླུ་རུ་ལོངས་། བདག་གིས་རྣ་བ་བླགས་ཏེ་ཉན་ནས་ཡོད། 
 
     གཞོན་ནུའི་སེམས་པ། སེམས་ནི་འཁོར་བའི་རླུང་བུ་ཞིག་བདག་གི་མཚོ་མོའི་ཁ་ལ་ཡང་ཡང་ལྡང་། ང་ཡིས་གཙང་འགྲམ་གྱི་ལམ་ཕྲན་དུ་གོམ་པ་རྒྱག་དུས་ཕན་ཚུན་ལ་ནི་སྨྲ་བ་མེད་བར་སྐྱེ་བོ་དེ་ཡི་སྙིང་རྩ་འཕར་བཞིན་འདུག
 
     མཚན་མོ། རྨི་ལམ། འུ་གཉིས་མཇལ་འཛོམས་ཀྱི་གནས་ཆོག་ག་ལ་བ་དེར།ཨུ་དུམ་ཝ་རའི་ས་སྟེང་ཁྱབ་ཀྱང་དེ་ཡི་བསུང་ངད་ད་དུང་རྒྱང་ན་ལུས་འདུག"དེ་ཉིད་ཀྱིས་ཕྱིར་མིག་གི་ནང་ལ་འཁྱིལ་བ་ནི་ཨུ་དུམ་ཝ་རའི་གཟུགས་བརྙན་གྱི་མཛེས་པ་ཙམ་ལས་རྩུབ་རེག་མ་ཡིན། བདག་གི་རང་དབང་ལྷ་མོ། རྨི་ལམ་ཐེངས་ཤིག་ཏུ་ང་ཚོ་ཕན་ཚུན་ཆ་མེད་རྒྱུས་མེད་ཡིན་པ་རྨིས་ནའང་། གཉིད་ལས་སད་དུས་ང་ཚོ་ཚང་མ་གཞི་ནས་ཤ་འདྲིས་པགས་འདྲིས་ཡིན་པ་རྟོགས།"
 
     ཞོགས་པ་རེ་རེ་ནི་བློ་གསར་གྱི་བྱིས་པ་རེ་རེ་འདྲ། རྨི་ལམ་གྱིས་རྫུ་བག་ཁྲོད་ནས་སུ་ཞིག་ལ་རེ་སྒུག་བྱེད་ཀྱིན་ཡོད། བྱིས་པ་ལགས། ཁྱོད་རང་བདག་གི་གམ་ནས་འཛུལ་ཙམ་གནང་རོགས། བདག་གི་བར་སྣང་ནི་ཁྱོད་ཀྱི་དབྱངས་གསལ་གྱི་སྐར་ཚོགས་བཀྲག་མདངས་བཀྲ་ས་ཡིན། བདག་གི་མ་ཡུམ་གྱི་བྲང་ཁར་མྱོས་བུམ་གྱི་གང་བུ་གྲོལ་བའི་གསར་བཞད་ཀྱི་མེ་ཏོག་རེ་རེ་སྐྱེས་ཡོད།
 
     འཇིག་རྟེན་ལགས། ཉིན་མོ་ཞིག་གཞི་ནས་འདས་ཚར་སོང་། ཁྱོད་ང་དང་བར་ཐག་ག་ཙམ་གྱིས་ཆོད་འདུག ང་ཡིས་རྨི་ལམ་ཞིག་འཚོལ་ཆེད་གཏི་མུག་གི་འགྱུར་བག་སྣ་ཚོགས་ལ་རོལ།  ལྷིང་འཇགས། ཁེར་རྐྱང་། རེ་སྨོན། སེམས་པ་འདི་ཁུ་སིམ་མེར་མིག་ལམ་དུ་ཤར་བ་ཐ་དག་རྫོགས་ལྡན་གྱི་དུས་སུ་རྗེས་ཤུལ་ཙམ་ཡང་མེད་པར་ཡལ་འགྲོ་ངེས། དེ་བས་ན་ང་ལ་རེ་ཆད་དང་ལེ་ལོ་ཁུར་ཐུབ་པའི་ཕྲག་པ་ཟུང་ཡོད།
    22'6'5 ཉིན། སེར་ལེགས་འཕྲིན།   ཐེ་ཀོར། 26ཉིན་གྱི་ཕྱི་དྲོ་ཟ་ཁང་ཞིག་ཏུ་ཅུང་ཙམ་བཅོས་ཏེ་འཇུག་གྲུར་པར་བྱས།
ཁྱོད་ནི་བྱེའུ་ཆུང་འདྲ་ལེ། བདག་གིས་བྱེའུ་ཆུང་དྲན་ཡོང་།
 
 
       ལོ་ཟླ་གང་མང་ཞིག་འདས་རྗེས་ཀྱི་ཕྱི་དྲོ་ཞིག་ལ་ངས་སྐྱེ་བ་འདིའི་མིག་ཟུང་སྤྱད་ནས་སར་ལྷུང་ལ་ཉེ་བའི་ཉི་མའི་འོད་སྣང་ཙམ་ལས་མི་མཐོང་ནའང་། བདག་གི་དྲན་གདུང་གི་ནང་དུ་དར་ལྕོག་གིས་ཅི་ཞིག་མ་ཐེག་པར་རེ་སྒུག་གི་གཤོག་པ་རླུང་གི་ཕྱོགས་སུ་གཏད་ནས་སྟོང་བསམ་དང་ནམ་མཁའ་གདོང་ལེན་བྱས། མི་ཡུལ་གྱི་བརྩེ་བ་དེ་སྨུག་པའི་ནང་ནས་ཐོན་ཡོང་། ང་དང་སྙིང་སྡུག་གཉིས་གནས་མི་འདྲ་བ་སོ་སོ་ནས་ལམ་ལ་ཆས་ཤིང་མི་ཡུལ་ནས་ཞག་སྡོད་བྱས་པའི་མཚན་མོ་དེ་དག་ལ་ང་ཡི་རྨི་ལམ་གྱི་ནང་དུ་ཁྱེད་དང་འབྲེལ་བའི་ཨུ་དུམ་ཝ་ར་ཞིག་ཁུ་སིམ་མེར་བཞད་ཅིང་འཕྲོ་རིམ་འཕྲོ་འཕུར་འོང་བའི་ཕྱེ་ལེབ་དག་གཟེབ་ནང་དུ་མྱ་ངན་གྱིས་གཟེར།
 
       ད་ཆ་དུས་ཚོད་ལའང་འཁྱགས་པ་ཐེབས་འདུག མནར་གཅོད་དང་སུན་སྣང་གིས་དེ་ལས་ཀྱང་བདག་གིས་ཁྱེད་རང་དངོས་གནས་དྲན་སོང་བ་ཡིན་ནམ། ཐག་རིང་བའི་ལྗོན་རྩེ་ན་བྱེའུ་ཞིག་གིས་བག་ཡངས་ཀྱིས་སྐད་སྒྲ་སྒྲོག་བཞིན་པ་ལས་མི་སྣང་བར་གྱུར། བྱེའུ་ཆུང་གིས་མགོ་བོ་གུག་གུག་ཞིག་བྱས་རྗེས་ནམ་མཁའ་སྟོང་བ་རུ་འཕུར་སོང་། ཅིའི་ཕྱིར་བྱེའུ་ཆུང་གིས་མགོ་བོ་གུག་གུག་བྱེད་དགོས་པ་རེད། གཤོག་སྟེང་དུ་སྙིང་ཉེ་བའི་འདྲ་པར་ཁ་ཤས་ཡོད་པ་གཞི་ནས་མཐོང་།  
 
       རྗེས་སུ་ངས་ཡུན་རིང་ལ་བྱེའུ་ཆུང་དེ་མཐོང་མ་སོང་། ད་ལྟ་ཁྱོད་རང་རྒས་པར་གྱུར་ནས་ནམ་འཕང་གཅོད་བྱེད་ཀྱི་གཤོག་པ་ཡང་ཟད་སོང་བ་འདྲ། དེའི་རིང་ལ་བདུན་ཕྲན་འགའ་འགོར་འདུག་པས་ངས་ཁྱོད་ཀྱི་ཡིད་འོང་གི་གཤོག་པ་དང་གསུང་སྐད་ཡོད་ཚད་བློས་བསླང་ཡང་ཡང་བྱས་ཚེ་ཁྱོད་རང་གམ་དུ་ཡོད་ན་བསམ་འོང་། 
 
        འཛུམ་དམུལ་ལེར། ལྷོད་ཤིག་གེར། ལྐོག་གྱུར་གྱི་མིག་ཟུང་ལས་འཆི་བ་དྲན་འོང་། མིག་ཆུ་བཞུར་ཡོང་། ལྗོན་པ་འདིའི་མཐའ་འཁོར་ལས་ཁྱོད་རང་ཡུལ་གཞན་ཞིག་ལ་འཕུར་ཐུབ་མེད་པ་འདྲ། འོན་ཀྱང་ངས་སྔ་མོ་ནས་གཙང་འགྲམ་དང་རྩྭ་ཐང་། ནམ་མཁའ། ནགས་ཚལ་སོགས་སུ་ཁྱོད་རང་འཕུར་སྟངས་རེ་རེ་པར་མིག་དུ་བཏབ་ནས་མེ་ལོང་ཞིག་ཏུ་བཞག་སྟེ་ང་ལ་སེམས་ཁྲལ་སྐྱེས། དུས་རབས་འདིར་བདག་གི་ཕྲག་པས་ཐེག་དཀའ་བའི་ཁྱོད། མི་ཚེ་ནི་རྨི་ལམ་ཞིག་སྟེ་འཆི་ཁ་འཇའ་འོད་བཞིན་ཡལ་འགྲོ། 
 
       འཇིག་རྟེན་འདི་ཡི་ཕ་རོལ་ན་ནམ་ཡང་འདོར་དུ་མེད་པའི་བདག་གི་བརྩེ་དུང་ཁྲོད་ཀྱི་སྙིང་ཉེ། ཁྱོད་ནི་བྱེའུ་ཆུང་འདྲ་ལེ། ང་ཡིས་བྱེའུ་ཆུང་དྲན་ཡོང་། ང་ལ་བློས་མི་ཐོང་བ་ཅི་ཞིག་ཡོད། གཞན་ཞིག་མེད་དེ་དུས་ཚོད་བྱེ་བ་ཕྲག་བརྒྱ་འདས་པའོ།།
                                  202.5.24 ཚེས་27ཉིནབཅོས།

                      རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease