ཕ་ལོ་ལགས།

    རྩོམ་པ་པོ། མིང་མེད།


ཕ་ལོ་ལགས།


                   མིང་མེད། 

ཕ་ལོ་ལགས།  གལ་ཏེ་ང་རང་བུ་ཞིག་ཡིན་ན།ངས་ཁྱོད་ཀྱི་ཚབ་ཏུ།  གཞིས་ཁྱིམ་གྲུ་བཞིའི་གཡས་ཀྱི་གོང་ནས་བསྡད་ཅིང་།  ཤ་ཚ་ཉེ་དུའི་ཁྲོད་ཀྱི་གྲལ་འགོར་བསྒྲིགས་ཏེ།  ཕྱོགས་རེས་ཀྱི་བསམ་པ་འཕྲལ་དུ་སྤངས་ཤིང་།  ལེ་བརྡ་ཡི་ཚིག་ཟུར་ཁོག་ཏུ་སྦས་ཏེ།  ནང་གོ་ཁའི་བཟའ་མིའི་ཁ་འཆམ་གྲོས་ཀྱིས་མཐུན་ཤིང་བརྩེ་བུ་དང་བུ་མོའི་སེམས་འགྱུ་བློ་ཡིས་རྟོགས་སྲིད།

ཕ་ལོ་ལགས།  གལ་ཏེ་ང་རང་བུ་ཞིག་ཡིན་ན།  ངས་ཁྱོད་ཀྱི་ཚབ་ཏུ།རྟ་རྒོད་པོར་ཁ་ལོ་རྩལ་གྱིས་བསྒྱུར་ཏེ།  ཆུ་རི་བོ་མྱུར་མོ་གོམ་གྱིས་གཅོད་སྲིད་ལ།  དགུང་ཨ་སྔོན་མཐོན་པོར་སྟོབས་ཀྱིས་འགྲན་ཏེ།  སྡེ་ཕྲ་མོར་སྐོར་བ་ལན་གསུམ་རྒྱག་སྲིད།

ཡང་གལ་ཏེ་ང་རང་བུ་ཞིག་ཡིན་ན།  རི་གསུམ་མདོ་ནས་ཚོགས་ལ་ཞུགས་ཤིང་།  རི་ལམ་ཀྱོག་པོ་འཕྲེད་ཀྱིས་བཅད་དེ།  རི་དར་རིང་མོ་རླུང་ལ་བསྐྱོད་ན།  ངས་སྐྱེས་ལྷའི་རི་ཆེན་དེ་ལ་བསང་སྔོན་མོ་དགུང་ལ་འཕྱོ་བ།  འབོད་སྙན་མོ་བྲག་ལ་ཟུག་པ་ཞིག་གི་བསྟོད་པ་བྱ་སྲིད།

ཕ་ལོ།  གལ་ཏེ་ང་རང་བུ་ཞིག་ཡིན་ན། ངས་ཁྱོད་ཀྱི་ཚབ་ཏུ། སྡེ་ཆེན་གྲོང་གི་དོན་དེ་ཕྲག་ཏུ་བླངས་ཤིང་། ཚོ་གསུམ་མདོ་ཡི་གྱོད་དེ་ཞི་བས་འདུམ་སྟེ།  སྨྲ་ལྕེ་རྣོན་པོ་ངག་ལ་ཐོགས་པ་དེ་མཚོན་གྱི་གོ་ཆར་བསྒྲིགས་ཤིང་།  བློ་སྟོབས་ཆེན་མོ་རྒྱུད་ལ་མངའ་བ་དེ་རུས་པའི་གཏིང་ཏུ་ཟུག་སྟེ།  བདེན་པ་ལ་ཁ་མདོག་འབྲི་ཞིང་དྲང་མོ་ལ་རྣོ་རྩེ་ཕུད་སྲིད།

ཕ་ལོ།  གལ་ཏེ་ང་རང་བུ་ཞིག་ཡིན་ན།  ངས་ཁྱོད་ཀྱི་ཚབ་ཏུ།རྒྱ་ཡན་གྱི་སེམས་པ་ནང་དུ་ཕྱོགས་ཤིང་།  བརྗོད་འདོད་ཀྱི་སྨྲ་ལྕེ་ཐུང་དུ་བཏང་སྟེ།  མགོན་སྐྱབས་གནས་དཀོན་མཆོག་གཙུག་ཏུ་བཀུར་ཞིང་།  ལོ་བརྒྱད་བཅུའི་ལོ་ལོན་སེམས་ཀྱིས་གཅེས་ཏེ།  གཞིས་ཁྱིམ་དྲོད་མོ་འདི་བདེ་བས་ཁེངས་ཤིང་སྐྱིད་ཀྱིས་ཕྱུག་ཏུ་འཇུག་སྲིད།

ཕ་ལོ་ལགས།  དོན་དུ།  སྟག་ཤར་གཞོན་ནུར་སྐྱེས་པའི་ལས་བསོད་མེད་རུང་།  རྟ་ཕོའི་བང་རྩལ་འགྲན་པའི་སྤོབས་པ་མེད་རུང་།  ཡུལ་ལྷ་གཞི་བདག་འགུག་པའི་བསང་འབོད་མེད་རུང་།  དགའ་བའི་གཏམ་གྱིས་མཛེས་པ་གླེང་ན།  སྨན་བུ་མོ་གོ་ཁའི་མན་ཡིན་རུང་།  ཁྱིམ་ལས་ཀར་སྟག་མོ་དྲེད་ཡིན།  བློ་ཐུང་བ་དག་མོའི་ས་ཡིན་རུང་།  ནང་ལ་རྒྱ་གནམ་ཁའི་མཐའ་ཡིན།གཏམ་མང་བ་དམད་པའི་གཞི་ཡིན་རུང་།  སེམས་འཁྲེལ་གཞུང་རྨ་ཆུའི་རྒྱུན་ཡིན།  ཕྱི་མགྲོན་ལ་འགྲོ་བའི་གོམས་མེད་རུང་།  གཡང་འབྲི་མོར་འཐབ་པའི་གྲོགས་ཡིན།  མདོར་ན།  དྲང་ཞིང་བབས་ཆགས།མཛངས་ཤིང་བློ་འགྱུ།  བརྟན་ཞིང་རྒྱུན་རིང་།

དེ་བས།  ཕ་ལོ་ལགས།  སྨན་བུ་མོ་ངས་ཀྱང་།  མ་བཟང་བུ་མོའི་རྒྱན་འདི་བཀོལ་ཏེ།  གོང་གཙིག་གི་ནོར་བུར་ཕྱག་ཀྱིས་མཇལ་ཞིང་།  དྲིན་ཡབ་ཡུམ་ཟུང་གཉིས་སྤྱན་ལྟར་གཅེས་ལ།  ནངས་སྔ་མོའི་སྐྱ་རེངས་འགྲན་གྱིས་བསུས་ཏེ།  དྲོད་སྐྱིད་ཀྱི་གཞིས་གཅིག་བསྐྲུན་ཞིང་།  མར་ཆུར་གྱི་ཟས་སྣ་བསྒྲིགས་ཏེ།  གཡང་ལ་ཚོའི་འོ་མས་གུས་ཤིང་རིན་ཆེན་ཟས་རྩམ་པས་མཆོད་སྲིད།  སྨན་བུ་མོ་ངས་ཀྱང་རང་ཕན་པའི་ཁ་འདོན་ངག་ནས་གྱེར་ཞིང་།  བདེ་སྡུག་གི་ལོ་ཟླར་ཕྱིས་བདར་བྱས་ཏེ།  ཕ་ཨ་ཁུའི་དགའ་སྐྱོ་འཚོ་རོགས་བྱས་ཆོག་ལ།  གྲོས་འགྲིག་པའི་བློ་ནི་གཟུ་བོར་གནས་ཆོག

སྨན་བུ་མོ་ངས་ཀྱང་ཡབ་མེས་ཚོའི་ལ་རྒྱ་སྲུང་ཞིང་།  ཁ་ཏ་ཡི་ཚིག་གསུམ་བརྩིས་ཏེ།  དོན་ཆེན་མོ་རི་གཟར་ཆུ་དང་འཕྲད་ན་བློ་མི་འཁུམས་ལ།  གཏམ་སྙན་མོ་དབྱར་ཁའི་འབྲུག་ལྟར་གྲགས་ན་གཤིས་མི་གཡོ།  བུ་མོ་ངས་ཀྱང་།  གཅིག་པུར་སྡོད་ཚེ་སེམས་ལ་བརྟག་ཅིང་།  མང་བོའི་ནང་དུ་ངག་ལ་བརྟག་སྟེ་ཡོད་པ་ལ་གཅེས་ཤིང་།  མེད་པ་ལ་སྨོན་མི་སྲིད།  དེ་བས།  ཕ་ལོ་ལགས།  བུ་གཅིག་མེད་རུང་།  བུ་མོ་ངས་བུ་ངན་བརྒྱ་ཡི་གོ་ཆོད་དེ།  གཞིས་ཁྱིམ་དྲོད་མོ་གོར་གོར་བྱས་ཆོག

 
                        རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease