རྒྱང་རིང་གི་ནོར་བུ།

    རྩོམ་པ་པོ། སྦྲང་ནག


རྒྱང་རིང་གི་ནོར་བུ།

          —ང་དང་ང་ཡི་ན་མཉམ་ཚོར་ཕུལ་བ།

                            སྦྲང་ནག དཀར་མཛེས།


 

     དུས་ཚོད་ནི་རྒྱ་མཚོ་ཐུར་དུ་བཞུར་བའི་ངང་ཚུལ་བཞིན། ཧ་ཅང་བྲེལ་མྱུར་གྱིས་བཞུད་སོང་། ས་གཞིའི་ཁ་དོག་འགྱུར་ཞིང་སྡོང་པོའི་ལོ་མ་ཐང་ལ་ལྷུང་། མེ་ཏོག་སད་ཀྱིས་བཅོམ་ཞིང་གྲང་ངར་སྒོ་ལ་སླེབས། ཡིན་ནའང་། མི་རེ་རེའི་རྨི་ལམ་མི་འདྲ་བ་རེ་རེ་ཁྱེར་ཏེ་ཞོགས་པའི་ཉི་ཟེར་གྱི་ཐུ་འོག་ནས། ཅི་ཞིག་མཐོང་འདོད་དང་ཅི་ཞིག་ཐོས་འདོད་ཀྱིས་རེ་བའི་ལམ་བྲོ་བསྣམས་ཤིང་།གངས་ཀྱི་གཤོག་པར་བཅིབས་ཏེ་རྒྱང་རིང་ལ་སྐྱོད་ཀྱིན་འདུག རྒྱང་རིང་གི་ནམ་མཁའ་ནི་དྭངས་ཤིང་གསལ་ཡང་རལ་བོ་ཞིག་ཡིན་ཞིང་། རྒྱང་རིང་དུ་འཐེན་པའི་ལམ་ནི་ཆེ་ཞིང་རིང་ཡང་འགྲིམ་འགྲུལ་མི་བདེ་བར་འདུག་པས། སོ་སོའི་སེམས་ནང་གི་རྒྱང་རིང་ནི་མཛེས་ཤིང་ཡངས་པའི་སྐྱེད་ཚལ་ཞིག་དང་། ཡལ་བ་མེད་པའི་འོད་སྣང་ཞིག ནག་ནོག་གི་དྲི་མས་མ་གོས་པའི་དྭངས་གཙང་གི་ཡུལ་ལ་བརླམས་ཏེ། རྒྱང་རིང་དྲན་དུས། རྒྱང་རིང་ན་གནས་པའི་རི་དྭགས། ཆུ་བོ། ནམ་མཁའ། ཉི་མ། ཟླ་བ། སྐར་མ་སྟེ་རེ་རེ་བཞིན་ཞེ་ལ་འཁོར་འོངས། འོན་ཀྱང་དེ་དག་ནི་ང་ཚོས་རྒྱང་རིང་བཞེངས་བཀོད་ཙམ་ལས་རི་རབ་དང་གཙང་པོས་བར་དུ་ཆོད་པའི་རྒྱང་རིང་དེ་མིན་པར་འདུག

    དེ་བས། ངས་ནི་ཅི་ཡང་དྲན་གྱིན་མེད་དེ། རྨི་ལམ་གྱི་ནོར་འཁྲུལ་དེའི་རྐྱེན་པས། རྒྱང་རིང་གི་མདུན་དུ་ང་ནི་ནམ་ཡང་ནར་མ་སོན་པའི་ཕྲུ་གུ་བཞིན་ཧ་ཅང་ཆུང་།

 

  དུས་གསུམ་གྱི་ཁྲོད་དུ། བདག་གིས་ནན་ཏན་གྱི་ངང་དུ་རང་གི་མི་ཚེ་ལ་ཁ་ལོ་བསྒྱུར་འདོད་ནའང་། རྒོད་པོའི་འཚོལ་སྙེག་གི་ལམ་བུ་ལ་མྱ་ངན་འཁོར་འདུག གྱ་གྱུར་རྒྱུ་བའི་སྤྲིན་པ་གཅིག་ཁོ་ན་ང་ཡི་སེམས་ངོགས་སུ་གཡོ། གངས་རིའི་ཕྲག་པར་འཛུམ་པའི་བྱ་རྒོད་རྨས་མ་དག་གི་མིག་ཟུང་ལས། རྒྱང་རིང་ནི་བོར་ཟིན་པའི་གཞོན་དུས་ཀྱི་རྩེད་ར་དེ་མིན་པར། ཞི་འཇགས་སུ་ལུས་པའི་རེ་བའི་རུས་ཀོག་ལ་འབྱར་བའི་འཇིག་རྟེན་དེ་ཡིན། ཁྱོད་ཀྱིས་ཚོར་ཡོད་དམ། ཡིད་འོང་གི་ལོ་ཟླ་དང་གདོང་གི་དཔྱིད་དཔལ། སེམས་ཀྱི་འདུན་མ་དང་མ་འོངས་པའི་དུས་ཚོད། མི་ཚེའི་བདེ་སྡུག་དང་གསང་བའི་ཕུགས་འདུན་མཐའ་དག་རྒྱང་རིང་ལ་འབུལ། རྒྱང་རིང་གི་ཆེད་དུ་སྤྱང་གྲུང་དོད་པའི་བྱེའུའི་ཚོགས་ཀྱིས། ཉི་ཟེར་གྱི་དྲོད་འཇམ་ཡར་ཡར་བཏེགས་ཤིང་། ཁེར་རྐྱང་གི་སྐུད་སྣེར་འབྱར་བའི་སྤྲིན་པ་ལག་པས་བཟུང་། ལས་དང་ལྡེ་མིག་གིས་འབྱེད་པར་ནུས་པའི་མ་མཐོང་བའི་རྒྱང་རིང་ལ་དུངས་ཤིང་དགའ། སེམས་ཀྱི་རེ་སྙེག་ནི་རྒྱང་རིང་ཡིན་པས་རྒྱང་རིང་འོད་དུ་འཚེར་ན་ཡང་། རྒྱང་རིང་གི་ནོར་བུ་ཐོབ་པའི་སྐལ་བ་ཉག་ཕྲ་ཞིང་། རྒྱང་རིང་ལ་སླེབས་པའི་མི་ཡང་ཤིན་ཏུ་ཉུང་། ངའི་རེ་བར་ཁྱོད་ཀྱིས་རང་ཉིད་འབོར་མི་འདོད་ན་རྒྱང་རིང་འདོར་རོགས། ལམ་གྱི་རྡོག་ཁྲེས་དེ་དག་གིས་དམིགས་འབེན་དུ་སླེབས་པའི་ཚེ་ན། ཁྱོད་ནི་ཁྱོད་མ་ཡིན་པ་ཞིག་ཏུ་གཏང་ངེས།

   ད་ལྟ་གཞི་ནས་དྲན་བྱུང་སྟེ། ང་ཡི་སྐྱེ་བ་འདིའི་ལན་ཆགས་ནི། རྒྱང་རིང་གི་ནོར་བུ་འཚོལ་བ་དེའོ།།

 

  ཉི་ནུབ་ཀྱི་ཁ་གཏད་དུ་ལངས་ནས་རྒྱང་རིང་ལ་བལྟས་དུས། དུས་ཚོད་ལ་གདམ་ཀ་ཡེ་ནས་མ་བྱུང་པར། ཆུ་ཐིགས་གཅིག་ཟགས་པ་དང་རླུང་བུ་ཞིག་ལྡང་བའི་ཡུན་ལ། མིག་འབྲས་བཞིན་གསལ་ཞིང་འཚེར་བའི་མདུན་གྱི་ལམ་ལ་ཆས་ཟིན། བྱེའུ་ཆུང་འཕུར་ཡང་ཕྱི་ལ་ལོག་འདུག རྟ་ཕོ་རྒྱུག་ཀྱང་སྒྲོག་ཏུ་ཚུད་སོང་། འཕུར་ལམ་དང་རྒྱུག་ལམ་མི་འདྲ་བ་མིན་པས། ལས་ཀྱི་ཆུ་བོ་ཆེན་པོའི་ནང་དུ། འཚེར་སྐད་ལྷང་ངེར་ཆུའི་གཏིང་རིམ་དུ་ནུབ་པ་མཐོང་། སྣུམ་ཚོན་རི་མོ་ཞིག་དང་འདྲ་བའི་རྒྱང་རིང་དེ། ཡང་བསྐྱར་གསོན་ཉམས་ཀྱིས་མངོན་པའི་ལྗང་མདོག་གི་ཡུལ་གྲུ་ཞིག་དང་མཚུངས་ཤིང་། བྱ་ཁྱུ་གྲངས་མེད་ཅིག་གིས་རེ་འདུན་གྱི་སེམས་ལ་ཡང་ཡང་འཁོར། ངས་རྩྭ་ཐང་ཆེན་པོའི་ཕར་རྒྱབ་ཀྱི་ནོར་བུ་དང་ནོར་བུ་གླིང་གར་ཆས་པའི་མི་རྣམས་ལ་སེམས་ཁུར་བྱེད་བཞིན་ཡོད། ཉི་མ་དང་ཟླ་བའི་ཟམ་པ་བརྒལ་ནས་ཡུན་རིང་འགོར། དྲན་པའི་སྒེའུ་ཁུང་ལས་མཐོང་བ་ནི་ཧ་ཅང་བྲེལ་བས་ཁེངས་པའི་ཚུགས་ཀ་སྙིང་རྗེ་བ་དེ་རེད་ཨང་།

 

 ལམ་འགྲོ་བ་སོ་སོའི་རང་རང་གི་འདོད་བློ་དང་བསྟུན་ནས། ཕྱོགས་གང་སར་གྱེས་ཤིང་། ཐབས་འདྲ་མིན་གྱི་སྒོ་ནས་རྒྱང་རིང་གི་ནོར་བུ་ཇི་ལྟར་ལག་ཏུ་ཐོབ་པ་དང་རྙེད་པའི་ཕྱོགས་ལ་བསམ་གཞིག་བྱེད། ང་སྒྱུ་མའི་སྒལ་བ་ནས་འགྲེང་སྟེ། ལེ་བར་སྟོང་ཕྲག་གིས་བསྐལ་བའི་རྒྱང་རིང་ཡིད་ལ་དྲན་ཞོར། སྐར་ཚོགས་དང་ཟླ་འོད་འཚེར་བའི་གནས་དེ་ཡི་མེ་ཏོག་རེ་རེ་ལག་ཟུང་གིས་རྒུམ་ནས། སྲང་ལམ་དུ་ཁ་རོག་གེར་བསྡད་དེ་ཁྱི་ལྡོམ་གྱི་སྐད་ལ་ཉན། ཁྱི་ཡི་ཟུག་རྔུ་རེ་རེས་མེ་ཏོག་ལ་མིག་ཆུ་ལྷུང་བར་བྱས། གསལ་བོར་བཤད་ན། འདི་དག་ཡོད་ཚད་གབ་ཚིག་ཅིག་སྟེ། རྒྱང་རིང་གི་རྒྱང་རིང་ཡང་འདི་ལས་མ་འདས།  རྒྱང་རིང་ནི་རྒྱང་རིང་ལས་ལྷག་པའི་རྒྱང་རིང་ཞིག་ཡིན་ཚུལ་དང་། ནོར་བུ་ནི་ནོར་བུ་ལས་འཕགས་པའི་རིན་ཐང་ཅན་ཞིག་ཡིན་དོན་ནི། གཡོ་སྒྱུ་དང་བསླུ་བྲིད་ཀྱིས་བསླེས་པའི་ནམ་མཁའ་འདིའི་འོག་ན། རྒྱང་རིང་མ་ཡིན་པའི་རྒྱང་རིང་ཞིག་དང་ནོར་བུ་མ་ཡིན་པའི་ནོར་བུ་ཞིག་ཡོད་པས་ཡིན་ནམ། ཡང་ན། ཤིན་ཏུ་ལྐོག་གྱུར་གྱི་རྒྱུ་མཚན་གཞན་ཞིག་ཡོད་པས་རེད།

   གང་ལྟར་ངའི་འཛུམ་བག་དང་རྣམ་དག་གི་སེམས་པས། གཏན་དུ་ཁྱེད་ཅག་རྒྱང་རིང་གི་ནོར་བུའི་ཉེ་སར་བཅར་ཐུབ་པའི་སྨོན་འདུན་ཞུ།

 

   སྤུན་ཟླ། ལས་ཀྱིས་གནང་བའི་རྒྱང་རིང་དང་དུས་ཚོད་ཀྱིས་བསྣམས་བའི་ནོར་བུ། བསོད་ནམས་ཡིན་ལ་བདེ་སྐྱིད་ཀྱང་ཡིན་པར་འདོད་ན། ངས་དུས་ཚོད་ཀྱི་ལྟེབས་ཆག་བཤིག་ནས། ཁྱོད་ཀྱིས་བོར་སོང་བའི་ལོ་ཟླ་བཙལ་དོན་མི་འདུག དེ་བས་ཀྱང་།  རི་རྩེ་ནས་ས་སྲོད་ཀྱི་ཡོལ་བ་བརྒྱབས་ཏེ་ཁྱོད་ཀྱི་འབྱུང་འགྱུར་ལ་སེམས་ཁ་གློད་དོན་མི་འདུག འོན་ཀྱང་། འགྲུལ་བཞུད་ལ་ལམ་ལྷོངས་མ་བྱུང་ཞིང་། སྐོམ་ན་འཆར་ཡན་ཆུ་ལ་བརྟེན་ཞིང་ལྟོགས་ན་སྙན་ངག་ཟས་སུ་བརྟེན་པའི་གྲོགས་པོ་ཚོར་ཕུལ་བ་ཡིན། ལོ་ཟླ་རིང་མོའི་རླབས་རྒྱུན་ཁྲོད་ནང་སེམས་སྐྱོ་བ་དང་སྡུག་ཡུས་ཀྱིས་མནར་ཞིང་། དུས་ཚོད་འདིར་མ་འཚམ་པའི་ང་དང་ང་ཡི་ན་ཟླ་ཚོར་ཆེད་དུ་བྲིས་པ་ཡིན།  སོ་སོའི་རྨི་ལམ་ལས་སོ་སོ་རྙེད་པར་ཤོག

           ༢༠༢༡ ༡༡ ༡༢ ཉིན་གྱི་མཚན་མོར་རྫོགས།
                                 རྩོམ་སྒྲིག་པ། འཕགས་མི། 


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease