ཕ་ཡུལ་གཞན་ཞིག

    རྩོམ་པ་པོ། ཡེ་ཤེས་སྙིང་པོ།


ཕ་ཡུལ་གཞན་ཞིག


          ཡེ་ཤེས་སྙིང་པོ། ནག་ཆུ།

            ད་ལོའི་ཟླ་བ་བཅུ་གཅིག་གི་ནང་དུ། དབུ་ཁྲིད་ཀྱི་བཀའ་མངགས་ལྟར་ང་རང་ང་ཚོའི་ཡུལ་ཤོག་གི་འགོ་ཁྲིད་ཞིག་དང་མཉམ་དུ་ཕ་ཡུལ་ནས་ཡོང་བའི་རྟོག་ཞིབ་ཚོགས་པ་ཞིག་ལ་སྣེ་ལེན་བྱས། ཁོང་ཚོ་ནི་ང་རང་ལས་ཀ་བྱེད་སའི་ཡུལ་ཤོག་དེའི་ཁོངས་གཏོགས་ཀྱི་ཡུལ་ཚོ་ཞིག་གི་སྤྱི་གཉེར་དཔལ་འབྱོར་ལ་རྟོག་ཞིབ་དང་སྤེལ་རེས་ཟེར་བ་དེ་རང་རེད། མ་གཞིར་ང་རང་ལས་ཀ་བྱེད་སའི་ལས་ཁུངས་ལ་མཚོན་ན་ལས་དོན་ཚན་ཆུང་ལ་སྣེ་ལེན་བྱེད་རྒྱུ་ཟེར་ན་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཡིན་མོད། དེ་རིང་ཕ་ཡུལ་གྱི་རྫོང་ནས་ཡོང་བའི་མགྲོན་པོར་སྣེ་ལེན་བྱ་སྐབས་ཅིས་ཀྱང་སེམས་ཚོར་ཅུང་དྲོ་བ་ཞིག་སྐྱེས་བྱུང་། སྔར་རྒྱུན་ལྟར་ཡུལ་ཚོའི་ཨུ་ཡོན་ལྷན་ཁང་ཕྱོགས་ནས་ཟ་བཏུང་གི་གཙོས་པའི་སྣེ་ལེན་ཟབ་རྒྱས་གྲ་སྒྲིག་ཡོད་པ་དང་། སྔ་དྲོ་ནས་ཟང་ཟིང་ངང་ཡུལ་ཚོའི་སྤྱི་ཁང་ནང་དུ་ཡར་རྒྱུག་མར་རྒྱུག་བྱེད་པའི་ཚུལ་ལ་ལྟས་ན། དེ་རིང་འདི་གར་ཡོང་མཁན་གྱི་སྤུན་ཟླའི་རྫོང་གི་རྟོག་ཞིབ་ཚོགས་པ་སྐོར་དེར་མཐོང་ཆེན་ཅི་ཙམ་བྱེད་ཀྱི་ཡོད་པ་ཤེས་ཐུབ།

            རྫོང་ནས་ཡོང་བའི་སྲིད་གྲོས་ཀྱི་དབུ་ཁྲིད་གཅིག་དང་ཡུལ་ཤོག་གི་འགོ་ཁྲིད་དེ། ང་ཚོ་སྔ་མོ་ནས་བྱོར་རྗེས་ཡུལ་ཚོའི་ཇ་ཁང་ཆུང་ཆུང་དེའི་ནང་ངང་སྒུག་བྱེད་རྒྱུ་དེ་རེད། དེའི་རིང་ཁར། རྫོང་ནས་ཡོང་བའི་སྲིད་གྲོས་ཀྱི་དབུ་ཁྲིད་དེས་སྔ་མོའི་དུས་ནས་ངའི་ཕ་ཡུལ་དུ་མང་ཚོགས་ཀྱི་ལས་ཀ་གང་འདྲ་བྱེད་མྱོང་མིན་དང་། དེ་དག་ལས་མང་ཚོགས་ལ་རྒྱུས་ལོན་དང་ཡིད་ཆེས་ཇི་འདྲ་ཡོད་པ་སོགས་ཉམས་མྱོང་རྒན་པོའི་འབེལ་གཏམ་འདྲ་བ་ཞིག་གླེང་ནས་དེར་ཉན་པ་ཡིན། ཁོ་བོས་བཤད་རྒྱུར། དོན་དངོས་ཐོག་སྲིད་གཞུང་དང་ཁ་གཏད་དུ་ལང་མཁན་གྱི་མང་ཚོགས་མེད་དེ། མང་ཚོགས་ཀྱི་དད་མོས་དང་ཡུལ་གོམས། ལུགས་སྲོལ་སོགས་ལ་སྲུང་བརྩི་དང་ལྟ་ཕྱོགས་བརྗེ་རེས་ཀྱིས་མང་ཚོགས་ལས་དོན་ལ་གཞོལ་ན་ད་གཟོད་བཀྲ་ཤིས་པའི་འབྲས་བུ་སྨིན་ཐུབ་ཟེར། ད་དུང་ཕ་ཡུལ་གྱི་ཡུལ་སྐོར་གསར་སྤེལ་སྐོར་གྱི་སྡེ་བའི་ནང་ཁུལ་གྱི་མཐོ་རིམ་འཆར་འགོད་དང་དེ་ལས་ཡོང་སྲིད་པའི་གནའ་ཤུལ་སྲུང་སྐྱོང་དང་དམངས་སྲོལ་རྒྱུད་འཛིན་སོགས་ཀྱི་འགྲན་སློང་དང་དཀའ་ཁག་སོགས་ལས་ཁྲོལ་ཏེ་ཁོང་རང་གི་ལྟ་ཚུལ་ལྷུག་པོར་གསུངས་བྱུང་།
མཚམས་དེར་ངའི་སྣང་བ་མཁའ་དབྱིངས་སུ་འཕགས་ཏེ། བསམ་གཞིགས་ཀྱི་མཚོ་མོར་ལྗིད་ཀྱིས་ལྷུང་སོང་། དོན་ངོ་མར་ངས་ནམ་རྒྱུན་གོམས་སྲོལ་ལྟར། ཕ་ཡུལ་ཞེས་འབོད་པ་ལས། དེ་རིང་ང་ཚོས་རྒྱང་རིང་ཞིག་ཏུ་གླེང་བཞིན་པའི་ཡུལ་ལུང་དེ་སྔ་མོ་ནས་རང་ཉིད་ཀྱི་དགའ་སྐྱོ་དང་ཡུལ་ལུང་དེའི་ཆགས་འཇིགས་དབར་འབྲེལ་བ་ཆེ་ཆེར་མེད་པ་རྟོགས་བྱུང་ལ་ཕ་མ་མིང་སྲིང་ཕུད་ཕ་ཡུལ་དུ་ང་ལ་དབང་བ་ཅི་ཡང་མེད་པ་ཚོར་བྱུང་།

           བྱིས་དུས། ངས་གཡུལ་ཁའི་ཁ་ཟུར་ནས་ཕ་ཡུལ་གྱི་ཞིང་རར་ལྟས་ནས། ཚེ་འདིར་ང་རང་ཞིང་གྲོང་ཆུང་ཆུང་འདི་ན་ངའི་ཉེ་རིང་གི་མི་ཀུན་དང་འདྲ་བར་ཆེས་སྤྱིར་བཏང་གི་མི་ཚེའི་བཀོད་པ་རྫོགས་རྒྱུ་རེད་བསམ། ཨ་མས་ཁྱོད་ཆོས་སྒོར་ཞུགས་ན་ད་གཟོད་མི་ཚེའི་དོན་སྙིང་རྙེད་སྲིད་ཟེར་བ་ལས། དེ་དག་ཕུད་ངས་ང་རང་གི་མ་འོངས་ཟེར་བར་བསམ་གཞིགས་བྱེད་མ་མྱོང་ལ་མི་གཞན་གྱིས་ཀྱང་ངའི་མི་ཚེ་གླེང་མ་མྱོང་བ་འདྲ། དེ་ནས་ཡུན་རིང་ཞིག་གི་རྗེས་ལ། ང་རང་དམའ་འབྲིང་སློབ་མཐར་ཕྱིན་ནས། ཕ་མས་ང་ལ་གདམ་ག་གང་འདྲ་བྱེད་ཀྱི་ཞེས་དྲིས་དུས། ངས་ཅིས་ཀྱང་ཕྱི་རོལ་དུ་ཐེངས་ཅིག་འགྲོ་འདོད་ཚུལ་བཤད་པ་ཡིན་ལ་དོན་དངོས་ཐོག་ངས་ཧ་ལམ་ཅི་ཞིག་གི་བཀོད་པ་ལྟར་ཐེ་ཚོམ་མེད་པར་ཐག་རིང་དུ་སློབ་གྲྭར་ཕྱིན་པ་ཡིན།
ཕྱིར་འདང་ཞིག་བྱས་ན་ཏག་ཏག་རྒྱ་ཡུལ་དུ་སློབ་གྲྭར་ཕྱིན་པའི་ཉིན་དེ་ནས། ངའི་ཕ་ཡུལ་ནི་དངོས་སུ་རྒྱང་རིང་ན་གནས་པའི་ཡིད་སེམས་ཀྱི་རྟེན་ས་ལྟ་བུ་ཞིག་ལས་ཕ་ཡུལ་གྱི་དྲོད་འཁོལ་དང་ཕ་ཡུལ་གྱི་བརྩེ་བར་རོལ་མ་ཐུབ་པའི་ཡིད་སྐྱོའི་ལས་དབང་ཞིག་ཏུ་སྒྲུབ་འདུག རྗེས་སུ་ང་རང་རྒྱང་རིང་གི་མི་ཡུལ་དག་ཏུ་བྱ་བ་ལས་རྒྱུ་མི་རག་པ་དང་འགྲན་བརྩོད་རྒོད་པའི་ཁྲོམ་རའི་ཚ་རླབས་ཀྱི་ནང་དུ་རྐང་པ་མི་ཚུགས་པར། སེམས་ཤུགས་ཡོད་རྒུས་འབད་འབུངས་བྱ་འཆར་གྱི་འཚོ་བར་དཀའ་ཁག་འཕྲད་ཚེ། ངས་གཞི་ནས་ཕ་ཡུལ་དུ་ལོག་ཆོག་ཨང་ཞེས་དྲན་འོང་ལ། དེ་ནས་ང་ལ་ཆེས་མཐའ་མཇུག་གི་ངོ་གསོ་སྤྲོད་པའི་ཡིད་ཆེས་ཀྱིས་ཁེངས་ཡོད། གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་སྨན་ཁང་གི་དུག་སེལ་སྨན་ཆུའི་དྲི་མའི་ནང་དུ་རེ་ཐག་དང་ཡིད་ཆས་ཟད་དུས། སྐད་འཕྲིན་གྱི་ནང་དུ་ཕ་ཡུལ་གྱི་རི་རླུང་དག་མཐོང་དུས། ངས་ཕ་ཡུལ་དུ་ཅི་ཞིག་ཡོད་པ་རྟོགས་འོང་ལ་ཕ་ཡུལ་ནས་ང་རང་ལ་སྔ་ས་ནས་ཅི་ཞིག་སྦྱིན་ཡོད་པ་ཤེས་འོང་། ད་ཆའང་ངས་མི་ཡུལ་དུ་ལྟོག་སྐོམ་གསོས་ཙམ་གྱི་ལས་ཀ་རག་ཡོད་ལ་ཕལ་ཆེར་འདི་ལྟར་ཆེས་སྤྱིར་བཏང་གི་མི་ཚེའི་བཀོད་པ་རྫོགས་འགྲོ་བའི་ངེས་ཤེས་ཀྱང་སྐྱེད་ཀྱི་འདུག

           ས་རུབ་རྗེས་ང་ཚོ་རླངས་འཁོར་ནང་ཁུ་སེམ་མེར་ལས་ཁུངས་སུ་ལོག་འགྲོ་དུས། ངས་རྟོག་ཞིབ་ཚོགས་པས་ང་ཚོའི་སྡེ་པའི་མགོ་ཁྲིད་ལ་སྤྲད་པའི་ལག་རྟགས་ཤོག་སྒམ་སྟེང་དུ་བཀོད་པའི་ཕ་ཡུལ་གྱི་རི་ཆུ་མཛེས་སྡུག་ཅན་དེར་ཡེངས་ནས། ཡང་ན་འདི་ཕ་ཡུལ་གཞན་ཞིག་ཡིན་ནམ་སྙམ།

                   རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease