ཕྱེ་མ་ལེབ་ཀྱི་གཤོག་རླབས།

    རྩོམ་པ་པོ། ཞིག་པོ།


ཕྱེ་མ་ལེབ་ཀྱི་གཤོག་རླབས།
ཞར་བཀོད་གཉིས།
                 ——རང་གི་སྙན་ངག་ལ་ཕྱིར་རྟོག་བྱས་པ།

                                       
 ཞིག་པོ། མི་ཉག

      ཁ་བའི་འདབ་མ། དྲན་པ་ཞིག་གི་དགུན་གཞུང་ལ་བཅེར་བའི་མེ་སྒོང་དྲོན་མོ། ཨོང་བའི་མེ་སྒོང་གི་ངོགས་སུ་འཁྲུངས་བའི་བྱིས་པ་གཅེར་བུ། འབྲུ་མི་གསལ་བའི་གཞས་ཆུང་ངག་ལས་འཁྲོལ་ཞིང་། འཛུམ་ཀོང་ན་འཁྱིལ་བའི་དགོད་སྒྲ་ཟ་ཟི། འཇིག་རྟེན་འདི་ཅི་ལྟར་འཁྱག་ནའང་ཁྱོད་ཀྱི་དགོད་སྒྲ་དེ་མི་འཇགས་པའི་སྨོན་ལམ།
                       ———བརྗེད་བྱང་།
 
     སྲིད་པའི་གངས་རྒན་དེའི་ཤོད་དུ། འཆར་ཀའི་དམར་མདངས་ལ་འཁྱུད་པའི་རྟོག་བཏགས་མག་མོག་སྙུག་རྩེ་ནས་བཙིར་ཞིང་ཤོག་ངོས་སུ་དབབ་དུས། བ་སྤུའི་ཁུང་བུ་རེ་རེ་ན་ལྟེམས་པའི་གཟི་བྱིན་གྱི་སྤོབས་པ་དབྱངས་ཀྱི་རྟ་ཕོ་ལ་བཅིབས་པའི་རྟེན་འབྲེལ་གྱི་སྒོ་ལེགས་ཕྱོགས་སུ་འགྲིག  གཡུ་ཡི་མཚོ་མོའི་ངོགས་སུ་མུན་པའི་འདྲ་འབག་གི་སེང་རས་ཚལ་བར་གཤགས་ཏེ་ཟླ་འོད་སྣུམ་པོ་ཆར་དུ་བསྙིལ། རེབ་ཀོང་ནས་གསེར་གྱི་ཐང་མ་བརྡལ་བའི་ཨ་སྐྱོ་བ་དེས་འཕགས་པ་ཀླུ་སྒྲུབ་ཀྱི་སྨྱུ་གུ་ཐོགས་ཏེ་འཇིག་རྟེན་འདིའི་ངོ་གདོང་ཐེད་པོ་སླར་ཡང་བཙེམས་དུས་རང་ཉིད་ཀྱི་སྙིང་ག་ལ་འཕར་སྒྲ་གསར་བ་ཞིག་བསྣན་མྱོང་། སླར་ཡང་མིག་ཟུང་ཕུར་ཚུགས་སུ་ཅེར་དུས། ངུར་སྨྲིག་གི་རྒྱལ་མཚན་གསོལ་བའི་ཡོངས་འཛིན་བགྲེས་སོང་དེས་ཕོ་ཉ་བ་དོན་ཀུན་གྲུབ་པ་ལ་གསེར་གྱི་མེ་ཏོག་ཅིག་ཕྱག་ཏུ་གཏད་དེ་བདག་གི་ཕྱོགས་སུ་སྤྲིངས། ཞང་ཞུང་གི་སྒྱུ་འཕྲུལ་བ་དེས་རཱ་མ་ཎའི་འཕོང་སྐྱེན་པའི་རྩལ་དང་ལིངྐ་མགྲིན་བཅུ་བའི་སྣང་ཚུལ་ནི་ཅིས་ཀྱང་དམུར་དཀའ་བའི་རུས་པ་སྐྱ་སེང་ངེ་བ་ཞིག་ཏུ་མཐོང་ཡང་། ཕྱིས་སུ་དེ་ནི་སྒྲོས་གཙང་བའི་ཐ་སྙད་ཀྱི་ཕབས་སུ་བསྙལ་བའི་རྒུན་ཆང་མངར་མོ་དེ་ཡིན་པ་ད་གདོད་ཤེས། ཚངས་སྲས་དགའ་མའི་འཛུམ་རིས་པིར་གྱི་རྩེ་ལ་ལྷུན་གྱིས་ཆགས་ཏེ་མཚོ་བྱུང་འཛུམ་པའི་མེ་ཏོག་གིས་མུ་ཏིག་དཀར་པོའི་འཁྲི་ཤིང་ལ་མནྡྷ་ར་བའི་ཆུན་པོ་དཔྱངས་ཏེ་ང་ལ་རྫོངས་བ་གྱ་ནོམ་པ་ཞིག་བསྟབས་བྱུང་། 
 
      དེ་ཙ་ན་སྣང་བའི་རྒྱལ་ཁམས་ལ་འཇའ་ཚོན་ཐགས་སུ་བཀྲ་ཞིང་ཟ་འོག་གི་དར་ཆ་བསྒྲེངས་ཤིང་ངོ་གདོང་མི་འདྲ་བའི་སྙན་ངག་པ་དུ་མ་མཐོང་འོངས། ཚུལ་གསུམ་རྟགས་ཀྱི་རྫོང་གོག་རྨེག་མེད་དུ་བཤིག་ཅིང་མཐའ་བརྒྱད་དམ་བཅའི་མདུད་པ་རང་ས་རུ་ཆད་དེ་གང་ཤར་སྣང་བ་གཞི་མེད་རྩ་བྲལ་དུ་གོ་བས་ཆོས་འཕེལ་གྱི་རྡོ་རྗེའི་གླུ་ལ་ཆགས་ཐོགས་ཡེ་མི་མངའ། འཁྲིས་སུ་བཅར་ཏེ་རྣ་བ་བླགས་དུས་བླུན་པོ་ནོར་རྐྱལ་ཅན་གྱི་དབང་ཤེད་དང་སྤྲང་བོའི་མྱི་ཚེ་ལྕགས་སྨྱུག་དང་ལྷན་དུ་ཟད་པའི་སྡུག་སྨྲེ་འང་ཚོར་འོངས། ལོག་སྨྲའི་ཚང་ཚིང་ཐལ་བར་བསྲེགས་ཤིང་ཉེས་བཤད་བྲག་རི་མིང་ཙམ་དུ་བྱེད་པའི་བློ་གྲོས་ཀྱི་སྤྲིན་རུམ་ལས་འོངས་བའི་ལུང་རིགས་གནམ་ལྕགས་ཆར་དུ་བྱོ་བའི་དགེ་ལེགས་དཔལ་བ་དེས་གཞུང་ཙམ་འདོན་པའི་ན་ཚོད་མཐར་བྱེད་པའི་བཤེས་གཉེན་ཚོ་ལ་ད་ནི་ངལ་གསོས་ཞེས་ཐ་ཚིག་བསྒྲགས་བྱུང་། འཕྱོངས་རྒྱས་ཟླ་བ་སྒྲོན་མའི་སྤྱན་གྱི་གཟིགས་ཕྱོགས་དང་མ་སྐྱེས་ཨ་མའི་ཞལ་རས་སེམས་ལ་སྒོམ་པའི་འཆལ་བོ་ཏིང་བཟང་དབང་པོས་ལྷོ་རོང་མོན་པའི་ནགས་གསེབ་ནས་སྙིང་ཐུབ་གཡུ་ཆུང་དྲུག་དཀར་ལ་དུས་ཆད་བཏབ་སྟེ་གངས་ལ་བཞག་པའི་ཞབས་རྗེས་ནི་ད་ལྟ་ཡང་གསེར་འོད་དུ་ལམ་ལམ་འཚེར།
 
       རྟོག་འགྱུའི་འཇིངས་སུ་ལག་སྙོབ་ཐེངས་གཅིག་བྱས་ཚེ། མེ་ཏོག་གི་འདབ་མའི་ཁུད་ན་ཡོམ་པའི་ཟིལ་བ་དམར་བོ་ཕྱེ་ལེབ་ཁྲ་བོ་ཞིག་གིས་ཤིན་ཏུ་སྲབ་པའི་གཤོག་ཟུང་ལྷེམ་ཙམ་བྱས་པས་འདར་ཕྲིལ་ཕྲིལ་གྱིས་ལྗང་བུ་དུ་མ་ལ་བསང་གཏོར་བགྱིས་བྱུང་།  རྔོག་མ་རླུང་གིས་བསེད་ཅིང་འཚེར་སྐད་ལྷང་ལྷང་དུ་སྒྲོག་པའི་རྟ་ཕོ་དེ་རུ་སུལ་ནས་ཚུར་ལ་ཤར་གྱིས་འོངས་ཤིང་། ཇག་པའི་བུ་རྒྱུད་དུ་གྲགས་པའི་མི་ཕོ་དེ་མཆོང་ཐེངས་གཅིག་གིས་རྟ་ཕོའི་གོང་དུ་ཞོན་ནས། ཚི་དྲེག་གིས་སྦགས་པའི་ལག་པ་དེས་སྲབ་སྐྱོགས་འཐེན་ཞིང་། མིག་རྩ་ན་ལྷོག་ལྷོག་དུ་གདུ་བཞིན་པ་སུ་ཞིག་གི་ཟུངས་ཁྲག་རེད།  ཁམ་བུའི་མེ་ཏོག་ཁྲ་ཆིལ་དགུ་ཆིལ་དུ་བཞད་པའི་འཛུམ་བག  གྱ་གྱུར་འབབ་པའི་རྫ་ཆབ་སྔོན་མོའི་འཇམ་ཤ། སྐྱེད་ཚལ་ན་གཤོག་ཟུང་གཡུགས་པའི་གཡུ་སྦྲང་ཆ་གཅིག་གི་མཛའ་གཞས།  མིག་ཀོང་འཁྱིལ་བའི་མཆི་མ་དང་ལྷན་དུ་མག་མོག་ཏུ་གྱུར་བའི་རྒྱང་བཞུད་བུ་ཆུང་གི་རྒྱབ་གཟུགས།
                                 ……
        རི་ཁྲོད་ཀྱི་བྱང་ཁོག་ནས་གཉུག་གཤིས་ཀྱིས་མགར་བའི་རི་གླུ་སང་སང་དུ་ཚོར་འོངས་ཤིང་། རང་རྐྱ་མི་ཐུབ་པའི་མིག་ཆུ་སྨྱུ་གུ་ལ་གཏམས་དུས་འཁྱག་སིབ་སིབ་ཀྱི་སྙན་ངག་པའི་འཇིག་རྟེན་ལ་དུང་ཞེན་གྱི་མེ་དཔུང་སྐོར་བྲོ་འཁྲབ་རོགས་སྙན་ངག་མིག་ཡངས་མ་ཁྱོད་རེད། 
 
        སྙན་ངག་ནི་ཕྱེ་ལེབ་ཅིག་སྟེ། ཚ་བས་གཟིར་བའི་མྱ་ངན་ཐང་ནས་གཤོག་ཟུང་ལྷེམ་གྱིན། མེ་ཏོག་གིས་སྤུད་པའི་དོ་ར་ནས་གཤོག་ཟུང་ལྷེམ་གྱིན། འཐོར་རླུང་གི་སྨྱོ་འབོག་ཁྲོད་ནས་གཤོག་ཟུང་ལྷེམ་གྱིན། རྡོག་འོག་ཏུ་ཤོར་བའི་མི་རིགས་ཤིག་གི་ལས་དབང་ལ་གཤོག་ཟུང་ལྷེམ་གྱིན། བརྩེ་དུང་གི་སྲུབས་ཀ་ནས་གཤོག་ཟུང་ལྷེམ་གྱིན། གཤང་གཅིའི་ཀློང་ན་ཀྲབ་ཀྲབ་ཏུ་འགུལ་གྱིན་པའི་སྡིག་པ་ར་ཙ་ལ་གཤོག་ཟུང་ལྷེམ་གྱིན། 
 
       དབུལ་ཕོངས་ཀྱིས་འགོས་ནད་ཐེབས་ཤིང་རྩམ་ཁུད་རལ་བོ་སྔས་སུ་བསྟེན་དུས། ཅི་ཡང་མེད་ཀྱང་ལྕགས་སྨྱུག་ལ་སྐྱབས་བཅོལ་ནས་འཚོ་བ་འདི་ཨུ་ཚིགས་ཀྱིས་བསྐྱེལ་དུས། འདི་སྣང་གི་མཚོ་མོའི་ངོགས་སུ་འདོད་ཡོན་གྱི་སྨིག་རྒྱུས་གཡབ་མོ་སྦྲོན་དུས། སྒེའུ་ཁུང་འགྲམ་ནས་ལྕམ་པ་ཉི་དགའ་ཚོམ་བུ་ཚོམ་བུར་བཞད་དེ་ཉི་མའི་དཀྱིལ་འཁོར་ལ་མངོན་པར་ཕྱོགས་དུས། ཕྱེ་མ་ལེབ་་ཀྱི་གཤོག་ཟུང་ཟམ་མི་ཆད་པར་ལྡེམ་གྱིན་གདའ།
 
       རྒྱུ་ཚོགས་གྲངས་སུ་ཚང་བའི་རྫོགས་ལྡན་དུས་ཤིག་ལ། གཤོག་རྡེབ་འདིས་གནམ་ས་བླ་འོག་བསྒྱུར་བའི་འཐོར་རླུང་ཞིག་ཅིས་ཀྱང་བསྐྱལ་འོངས།
        
གཡུ་ཆུང་དྲུག་དཀར་འཚོལ་བ།
  
       བོའུ་རིང་དེ་ཁུར་ནས་རྔོན་པས་སྐྱས་རིང་མོ་ཞིག་བཏེགས་སོང་།  གཏམ་རྒྱུད་འདི་སྟོན་མཇུག་ཅིག་ལ་བྱུང་། སྟོན་མཇུག་གི་བསེར་བུ་གཡོས་པས། གངས་ཤོད་པི་ཝང་ཁུར་བའི་རས་པ་རི་ཟོམ་ལ་འཛེགས་སོང་། རས་རྐྱང་ཐེར་བོ་ལྷགས་རླུང་གིས་ཁྱུར་མིད་བྱས་པས། རས་པ་སྒྲེན་པོར་བུད་སོང་། འདི་ཡང་རྔོན་པའི་ཕྱིར་མིག་གི་ལྡོག་གཟུགས་རེད། 
       རྔོན་པའི་འགྲུལ་བཞུད་འདིར་རི་དྭགས་གཤོར་བའམ། ཇག་ལ་འགྲོ་བ། མེ་ཏོག་འཐུ་བ་སོགས་གང་གི་ཆེད་དུའང་མ་རེད། བོའུ་རིང་གི་མདེའུ་ཁ་ནས་ཤེལ་གྱི་མེ་སྟག་ལུད་པའི་མཛེས་སྡུག་གི་ཆེད་དུ་རེད། 
       ཐ་སྙད་གཏོས་ཆེ་བ་ཞིག་བྲད་བྲད་པའི་ཐ་མར། རྔོན་པའི་ཐོབ་བྱ་ནི་རྣག་གིས་སྦགས་པའི་ལག་པ་དེ་རེད། རགས་ལས་ཤོར་བའི་གཙང་བོས་རྔོན་པ་བསྣུབས་ཐེངས་རེ་རེར། རང་ཉིད་ནི་མི་སྐད་སྨྲ་བའི་ལྐུགས་པ་ཞིག་ཡིན་པའི་དན་རྟགས་བྱུང་། བོའུ་ཁ་ནས་ལུད་པ་དེ་ཡང་རྣག་གིས་སྦགནས་པའི་ལག་པ་ཤ་སྟག་རེད། འཇིངས་ཟབས་པའི་གཅོང་རོང་དེ་ནས་འཕག་འཚག་ཅི་ལྟར་བྱས་ཀྱང་།  འོ་དོད་ཅི་ལྟར་བོས་ཀྱང་རྔོན་པ་ནི་དུས་རབས་ཀྱི་བསྐྱུར་བའི་ངར་སྣབས་དེ་ཡིན་གདའ། 
       བོའུ་ཁ་ནས་མ་འཁྲོལ་བའི་རི་དང་གཙང་བོའི་ང་རོ།  ལག་པས་མ་ཤིག་པའི་གབ་ལན་དགུའི་འཇུར་མདུད།  ལྕེ་རྩ་འཁྱགས་རོམ་གྱིས་བསྡམས་ཀྱང་རྔོན་པ་འཛུམ་དམུལ་དམུལ། རྔོན་པའི་འགྲུལ་བཞུད་ལ་སྟ་གོན་མ་བྱུང་གོང་འདི་ལྟར་མཇུག་རྫོགས་སོང་ནའང་ཐང་།
       མིན། ཟིལ་བའི་དབྱངས་རྟ་མ་འགག་ན།  རྟ་ཕོའི་གོམ་ཁ་ཅི་ལ་བསྒག  ཧྥོར་ཧི་སའི་གླེང་བའི་གསེར་བྱ་ངང་བ་དེའི་ཨག་འགྱུར། ཁྲོན་ཏོན་ཁཱང་ཀྲུན་གྱི་ཟླ་བའི་འོག་གི་བསམ་གཏན་པ་དང་ཁ་བའི་རྒྱལ་ཁབ་ནི་རྔོན་པའི་མིག་ཟུང་ལ་ངར་ཁ་ལྡུད་མཁན་རེད། དཎྜཱའི་ལག་རྟེན་ཆག་མིན་གྱི་སྐོར་ལ་ཀླན་ཀ་དུ་མ་བྱུང་ཡང་། རྔོན་པ་ལ་འབྲེལ་བ་ཡེ་མི་འདྲ། རྒྱུ་མཚན་ནི་ཁོའི་ལམ་བུ་གཉུག་མའི་དོ་ཧ་ལས་བཞེངས་བའི་སྒྱུ་མའི་རྨུ་ཐག་དེ་རེད།
       སུ་ཞིག་གི་ན་ཟུག་དང་འདྲ་བའི་བོའུ་ཁ་ནས་སྐར་མདའ་ཆད་པས་ཡུལ་དང་དུས་ཉོག་ཉོག་པོར་བཏང་ཚེ། བེའུ་བུམ་སྔོན་པོ་གཙང་བོའི་རྦ་རླབས་མཆེད་བྱུང་། འདི་ནི་རྔོན་པའི་གཡུ་ཆུང་དྲུག་དཀར་རེད། 
      རྔོན་པའི་སྐྱས་རིང་མོ་འདེག་བཞིན་ལོག་ཕེབས་བྱུང་། དགོད་བྲོ་བ་ཞིག་ལ། བེའུ་བུམ་སྔོན་མོའི་མདུད་པ་བཀྲལ་ཚེ་གཡུ་ཆུང་དྲུག་དཀར་རྔོན་པ་རང་ཉིད་ཡིན་གདའ།

འདས་དོན།
 
       རྨི་ལམ་གྱི་ལྡེབས་སུ་འཁྱུག་པའི་སྐར་མདའ། བལྟས་བལྟས་རིག་རིག་ལ་ནམ་མཁའི་མཐོངས་སུ་ཤལ་བའི་འཇའ་ཚོན་གྱི་དཔྱངས་ཟམ་ཞིག་ཏུ་གྱུར་སོང་། ཉི་ཟླ་རི་བོའི་སུལ་ནས་མགོ་བོ་དགྱེ་ཐེངས་རེ་རེར་དེ་ནི་མིག་ཆུས་བསླེས་པའི་གདུ་བུ་ཞིག་ཡིན་ལ། ཡང་ན་ཀོང་ཇོས་སུ་ཞིག་ལ་བསྐྱུར་བའི་མེ་ལོང་གི་ཆག་གྲུམ་སྟེ། མཚན་མོར་ཁྱོད་ཀྱི་ཐོང་ཀ་ན་ལྷེམ་ལྷེམ་དུ་འཚེར།  གཏམ་རྒྱུད་ཅིག་འདི་ལྟར་མཇུག་དྲིལ་ལ་གཏམ་རྒྱུད་ཅིག་འདི་ལྟར་མགོ་བརྩམས།
 
       ཆར་བ་སིམ་སིམ་འབབ་པའི་སྲང་ལམ་ན་སྨུག་རྒྱུས་བཞེངས་བའི་ཕོ་བྲང་ཞིག་ཡོད། ཕོ་བྲང་དེ་སྙན་ངག་པ་ཁོ་ན་ལ་དབང་། ཕོ་བྲང་དེའི་ནང་ཤེད་ན་མག་མོག་ཏུ་གྱུར་བའི་རྒྱབ་གཟུགས་མང་པོ་ཡོད། གལ་ཏེ་ཁྱོད་ཀྱི་མངའ་རིས་སྒྲ་སྙན་ལས་ཆ་ཡོད་པའི་དབྱངས་རྟ་ཞིག་དཀྲོལ་ན། རྒྱབ་གཟུགས་མོག་པོ་དེ་དག་སླར་ཡང་འཇའ་ཚོན་གྱི་དཔྱངས་ཟམ་དུ་གྱུར་འགྲོ  དཔྱངས་ཟམ་གྱི་སྟེང་ན་ཡོམ་པའི་སྐར་མ་སླེ་བོ་གང་ཡང་སྙན་ངག་པའི་སྨྱུ་གུའི་གསེབ་ནས་ལུད་ཡོང་། 
 
      བལྟས་ན་རིག་ལ་བསྙབས་ན་གཟུང་དུ་མེད་པའི་ཆུ་ཟླ་གོར་མོ། མི་ཡུལ་ས་མཐའ་འདི་ནས་ཁྱོད་ཁོ་ན་ལ་ཆང་ཕོར་བཏེགས་ཆོག    སྙན་ངག་པ། འདི་ནི་ཁྱོད་ཀྱིས་རང་ལ་བསྩལ་བའི་ཆོ་ལོ་ཙམ་སྟེ། སུ་ཞིག་ཁྱོད་ལ་ཡིད་ཆེས། ཁྱོད་ནི་སྨྱོན་པ་ཞིག་སྟེ། རྟག་པར་སྨྱུ་གུ་དྲུད་ནས་ཚོར་བའི་གཞས་ཡས་ཁང་ན་སློང་མོ་ལ་འགྲོ་བཞིན་ཡོད། མུ་ཏོ་བ། ཨ་སྐྱོ་བ། འདི་ཁྱོད་ཀྱི་ངོ་གདོང་གཤའ་མ་དེ་རེད། 
 
      མུ་ཏོ་བས་འདི་ལྟར་གངས་རིའི་གདགས་སྲིབ་གཞལ་ནས་བུད་སོང་། ལྷམ་གོག་ཐེད་སོང་། མིག་ཆུ་སྐམ་སོང་། འོན་ཀྱང་འཁར་བ་མ་ཆག  འཁར་བ་མ་ཆག་ན་སྙིང་སྟོབས་ག་ལ་བྲི། འཁར་བ་ག་ལ་ཆག་སྟེ། མེས་པོའི་རུས་རྐང་གིས་མགར་བའི་ཤེས་རབ་རེད། དེས་ན་རབ་ཁ་འདི་བརྒལ་བ་ལ་དཀའ་ཚེགས་ཅི་ཡོད། སྣང་བའི་ཁམས་ནས་ཏིང་ཤག་རྡུང་བཞིན་རྡུང་བཞིན་མེལ་ཚེ་བྱེད། མཛུབ་མོས་ཇི་ལྟར་བསྡམས་ནའང་སྲུབས་ཀ་ནས་འཛར་བའི་སྲན་མ་དམར་པོ། སྲན་མ་ས་ལ་བཏབ་ན།། སང་ལོ་མེ་ཏོག་ཨེ་བཞད།། སྲན་མེའི་མེ་ཏོག་གད་ན།། མེ་ཏོག་སད་ཀྱིས་ཨེ་འཁྱེར།། དྲི་རྟགས་འདི་འདྲ་ཟམ་མི་ཆད་པར་སེམས་ལ་འཁོར་བྱུང་། འོན་ཀྱང་ཤ་ཟད་རུས་ལ་ཐུག་ཀྱང་སྲན་མ་དམར་པོ་འདི་དག་གཟུང་འདོད། ཁྱོད་འཇའ་ཡི་དཔྱངས་ཟམ་དེ་ཡིན་ཡང་། 

                   རྩོམ་སྒྲིག་པ། འཕགས་མི། 


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease