མཐོང་ཡུལ་ལས་བོར་བའི་ཨ་ཞང་།

    རྩོམ་པ་པོ། དཔག་མེད།


མཐོང་ཡུལ་ལས་བོར་བའི་ཨ་ཞང་།

 

                         དཔག་མེད། 


 

       དུས་ཚོད་ཀྱི་མདའ་མགོ་དེས་ཨ་རབ་ཀྱི་ཨང་གི་རེ་རེ་རྡོག་འོག་ཏུ་མནན་ནས་འཁོར་བསྐྱོད་བྱེད་པ་ལ་ཕུར་ཚུགས་སུ་བལྟས་ཚེ་དུས་ཚོད་ནི་ཤིན་ཏུ་མགྱོགས་པའི་ཚོར་སྣང་མི་ཞིག་སྟེར་མོད།ཡང་སྙིང་དུ་དུས་ཚོད་ནི་རླུང་ལས་མྱུར་ཞིང་མིག་གིས་མཐོང་ཐབས་བྲལ་ལ་ལག་པས་ཟིན་དུ་མེད་པ་ཞིག་རེད། ངས་དུས་ཚོད་དང་འབྲེལ་བའི་དོན་དག་གང་མང་ཞིག་གླེང་འདོད་ཅིང་འདས་སོང་གི་མི་ཞིག་ཀྱང་སེམས་སུ་སྐོར་ན་འདོད་མོད། གློ་བུར་དུ་དུས་ཚོད་ནི་བདག་གི་སྙིང་ལ་ཟུག་པའི་དབལ་ཚ་བའི་གཙག་ཁབ་ཅིག་ཏུ་གྱུར་སོང་། མིག་ལྕིབས་ཀྱི་སྲུབས་ཀ་ན་འཛུམ་པའི་མཆི་མའི་ཀོང་བུ་ཞིག་ཏུ་གྱུར་སོང་། མི་ལོ་བརྒྱད་ཀྱི་དྲན་པའི་བྱེ་བྲག་ཅིག་ཏུ་གྱུར་སོང་།

 

       གནམ་གྱི་བཀའ་ལུང་དུ་རང་ཅག་གི་ལས་དབང་ཅི་ལྟར་དོད་ན་དེ་དེ་བཞིན་ཏུ་སྐྱེ་ཞིང་འཆི་དགོས་པ་ལ་ཡ་མཚན་ཆེར་སྐྱེས་དགོས་དོན་ཡེ་ནས་མི་འདུག་མོད།  དེ་ལྟ་ན་ཡང་གྱེས་བྲལ་གྱི་གདུང་བ་ནི་རང་ག་བའི་རྡོག་ཁྲིས་ཤིག་ལར་ནས་མ་རེད། གྱེས་བྲལ་གྱི་གདུང་བ་ནི་མིའི་སེམས་ཀྱིས་མི་ལྕོགས་པར་མ་ཟད། སྐྱེ་འགྲོ་སྤྱིའི་ཐེགས་དཀའ་བ་ཞིག་མ་ཡིན་ནམ། ངའི་མི་ཚེའི་ཁྲོད་དུ་གྱེས་བྲལ་གྱི་སྐྱོ་གར་འོར་མ་གཉིས་ལས་བྱུང་མ་མྱོང་རྐྱེན། ཐེངས་དེ་གཉིས་ནི་ང་ལ་མཚོན་ན་སེམས་ཀྱི་སྙི་ས་དང་ཚོར་བའི་སྐྱེན་ས་ལ་མདུང་ཐུང་ཞིག་བསྣུན་པ་དེ་གཏན་དུ་སོས་ཐབས་བྲལ་བ་དང་འདྲ། སོས་ཐབས་བྲལ་བའི་ན་ཟུག་དེ་ནི་མི་ལོ་བརྒྱད་ཀྱི་ཡར་སྔོན་གྱི་དཔྱིད་ཀ་ཞིག་ནས་མགོ་བརྩམས་པ་ཡིན་ལ། དེ་ནི་དགུན་ཀ་ཞིག་མིན་ཡང་གྲང་ལྷགས་ཀྱི་བསྟན་པ་རབ་ཏུ་རྒྱས་ཏེ་མི་སེམས་ཀྱི་བདེ་དྲོད་མཐའ་དག་སོམ་ཉི་ཏོག་ཙམ་མེད་པར་སྐད་ཅིག་ལ་གཞོམ་པའི་དུས་ཤིག་ཡིན། སྐབས་དེར་ལོ་ན་ཧ་ཅང་ཕྲ་བའི་ང་རང་སྐྱེ་འཆིའི་རང་བཞིན་དང་དེ་ལས་བྱུང་བའི་དགའ་སྡུག་ལ་རབ་ཏུ་རྨོངས་པས་ཡིད་སེམས་ཤིན་ཏུ་སྡུག་མྱོང་བ་ཞིག་མི་དྲན་མོད། ཅི་ཞིག་བོར་སོང་བའམ་གང་ཞིག་བཙལ་ཀྱང་མ་རྙེད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་པ་ནི་ད་ལྟ་ད་ལྟར་གསལ་གྱི་ལེར་དྲན་ཐུབ་པ་ཞིག་རེད།  དེ་ལྟ་བུའི་སེམས་ཀྱི་སྟོང་ཆ་དེ་ནི་བདེ་སྐྱིད་གང་གིས་ཀྱང་འགེང་མི་ཐུབ་ལ་ཡུལ་དུས་གང་ཞིག་ལ་སླེབས་ཀྱང་བརྗེད་མི་སྲིད་པ་ཞིག་རེད།

 

       ཁྱོད་ཟེར་བ་ཞིག་བདག་གི་མཐོང་ཡུལ་ལས་བོར་བ་ནས་བཟུང་། ངའི་མི་ཚེ་ཡི་ཚོན་མདངས་སྣ་གཅིག་གཏན་དུ་ཡལ་བར་གྱུར། མཱ་མཱ་ལགས་ཀྱི་ངོ་གདོང་ལ་ཡང་རྒྱ་མཚོ་དྲག་ཏུ་སྐྱོམས་པའི་རླབས་གཉེར་ལྟ་བུའི་འབྲལ་གདུང་གི་རྒས་གཉེར་ཇེ་བས་ཇེ་མང་དུ་ཕྱིན། ཁྱོད་ཟེར་བ་ཞིག་མཱ་མཱ་ལགས་ཀྱི་འཇིག་རྟེན་ལས་བོར་བ་ནས་བཟུང་། ཁོ་མོས་ཁྱོད་ཉིད་མཐོང་འདོད་ཀྱི་མིག་ཟུང་ཅི་ལྟར་བགྲད་ཀྱང་མཐར་ཐུག་གི་ཐོབ་པ་ནི་ནང་སེམས་ཀྱི་གཙང་པོ་རབ་ཏུ་བྲུག་སྟེ་མིག་ལྕིབས་ཀྱི་སྲུབས་ཀ་བརྟོལ་བའི་མཆི་མ་ཙམ་ལས་ཁྱོད་ཀྱི་རྣམ་པ་མ་རེད། ཁོ་མོས་གཅེས་པའི་བུ་ཆུང་ལགས་ཞེས་ཐེངས་དུ་མར་བོས་ཏེ་ཁྱོད་ཀྱི་ཨ་ལན་སློག་པར་རེ་ཞིང་སྒུག་པའི་ཨམ་ཅོག་གིས་མི་ལོ་བརྒྱད་ལ་མཉན་ཡང་མཇུག་མཐར་ཐོས་པ་ནི་རང་ཉིད་ཀྱི་ངུ་ཤུམ་ཁོ་ན་ལས་ཁྱོད་ཀྱི་ཨ་ལན་མ་རེད། དེ་ནི་སྡུག་བསྔལ་ཞེས་པའི་ཡིག་འབྲུ་འདི་ཙམ་གྱིས་མཚོན་ཐུབ་པ་ཞིག་ཨེ་ཡིན་ནཱ། དེ་ནི་ངས་བཤད་འདོད་ཀྱང་མགྲིན་པ་ནས་དེ་ལྟར་ཤོད་ཐུབ་པ་ཞིག་ཀྱང་ཨེ་ཡིན་ནཱ།

 

       ཁྱོད་ཀྱིས་ཚེ་སྲོག་ལ་བཅིང་པའི་ལྷད་མེད་ཀྱི་ཡིད་རྟོན། ས་སྲོས་ནས་ཉི་ནུབ་བར་གྱ་གྱུར་འགྱུ་ཞིང་མཚམས་སྤྲིན་གྱི་བང་རིམ་བརྟོལ་ཏེ་ཉི་འོད་ཀྱི་ཐ་གུ་རོལ་ཆས་ཀྱི་རྒྱུད་སྐུད་ཀྱི་ཚུལ་གྱིས་དཀྲོལ་མྱོང་པ་ངས་ཤེས་ཐུབ་པ་ཡིན། ངས་རྒྱུན་པར་དེ་ལྟར་དྲན་མྱོང་སྟེ། སྐྱེ་བ་འདིར་ང་རང་ལས་ལམ་དུ་སོང་བ་ཞིག་ནི་ང་རང་ཨ་ཞང་མང་པོ་ཞིག་གི་ཚ་བོར་གྱུར་བ་དེ་ཡིན་མོད། དེ་དག་ནི་རང་ལ་མི་དབང་བའམ་བསོད་ནམས་ཀྱིས་མི་ལྕོགས་པ་ཡིན་ནམ་སྙམ། ལོ་དེར་ཨ་ཞང་ལགས་ཕལ་ཆེར་ལོ་ཉེར་དྲུག་དང་ང་རང་བཅུ་གསུམ་ལ་སོན་པ་ཡིན། ཡང་ལོ་དེའི་ཡར་སྔོན་གྱི་མཚན་མོ་ཞིག་ལ་ང་རང་ཨ་ཞང་ལགས་ཀྱིས་རུམ་དུ་ཉལ་བ་ཡིན། སྨག་ནག་གི་ཡོལ་བས་ཕྱི་ནང་གི་དངོས་ཀུན་མུན་ནག་གི་རང་བཞིན་དུ་བསྒྱུར་ཅིང་ཕན་ཚུན་གྱི་ངོ་གདོང་ཡང་ལག་པས་བསྙབས་ན་མ་གཏོགས་མག་མོག་ཅིག་ཏུ་གྱུར་པའི་མཚན་མོ་དེར་ངེད་གཉིས་ཀྱིས་ཕན་ཚུན་གྱི་སེམས་སུ་འགྲོ་བའི་སྐད་ཆ་མང་པོ་ཞིག་བཤད་པ་ཡིན། 

 

       སྐབས་སྐབས་སུ་ང་ལ་ཡི་ཆད་དང་ཕངས་སེམས་ཀྱི་ཚོར་འདུ་ལྷས་མ་ཞིག་དུས་ངེས་མེད་དུ་འཁོར་སྲིད་དེ། དེ་ནི་གྱེས་བྲལ་དེའི་རྗེས་ཀྱི་ངའི་སློབ་སྦྱོང་གི་འཚོ་བ་ལ་ཐན་པ་བྱུང་ཞིང་ནང་སེམས་ས་སྲོད་ཀྱི་སྒང་འབུར་སྟེང་འཕྱོ་བའི་དར་ལྕོག་བཞིན་རྣལ་དུ་གཅུན་མ་ཐུབ་པས་ཡིན། ནང་སེམས་མཐའ་ཡས་པའི་རྒྱང་རིང་གི་བསླུ་བྲིད་ཀྱིས་སྒུལ་ཞིང་སྐྱོམས་པའི་ཉི་ནུབ་ཀུན་ཏུ། ངས་རང་ཉིད་ལ་སྙིང་ཕུར་གྱི་ཚབས་ཏུ་ཁྱོད་ཉིད་དྲན་པ་ཡིན། དྲན་པའི་འཁོར་དུ་སྐྱེས་པའི་ཁྱོད་ཉིད་སྲོད་རླུང་འཇམ་པོ་ཞིག་གི་ཚུལ་གྱིས་ངའི་འཇིག་རྟེན་གྱི་མངོན་ལྐོག་ཀུན་ལ་མངོན་ཆུང་གིས་རྒྱུ་བར་བྱེད་ཅིང་ངའི་མིག་རྣ་སྣ་ལྕེ་དག་ལ་རེག་ཙམ་དང་ཐུག་ཙམ་བྱེད། 

 

       ཚེ་སྲོག་གི་སྟོན་མཇུག་ལ་མ་སླེབས་གོང་ནས་ལྗང་ལོ་ཁྱོད་གློ་རྡེག་ཏུ་གཞན་དབང་གིས་ས་རུ་ཟགས་ཏེ་ཁོག་པ་སྟོང་པར་ལུས་པའི་སྡོང་པོ་དེས་མཚམས་མེད་པར་སྐྱོ་གར་འཁྲབས་པ་མི་བརྗེད་པར་གྱིས། གལ་ཏེ་ཆོག་ན་ཁྱོད་ཉིད་ཅིས་ཀྱང་སེར་ཆེན་ཞིག་གི་འདབ་མའི་ཚུལ་གྱིས་སྡོང་པོ་དེ་ལ་ཡིད་འོང་གི་འོ་ཞིག་བྱོས་དང་། གལ་ཏེ་ཆོག་ན་ཁྱོད་ཉིད་འཇའ་ཚོན་གྱི་མདངས་སུ་སྤྲུལ་ཏེ་སྡོང་པོ་དེའི་དགའ་སྐྱོ་ལ་སེམས་ཁུར་གྱི་ཟུར་མིག་ཕོངས་དང་། གལ་ཏེ་ཆོག་ན་སྡོང་པོ་དེ་གཉིད་དུ་ཡུར་དུས་ཁྱོད་ཉིད་དེའི་ཡལ་ག་གང་རུང་ལ་བབས་ཏེ་རྨི་ལམ་ཡང་ཡིན་ལ་དོན་དངོས་ཀྱང་ཡིན་པའི་ཚུལ་གྱིས་མ་ཡུམ་ལགས་ཐུགས་བདེ་བར་བགྱི་རོགས་ཞེས་འབོད་པར་ཞུ།

                      2021   4   14

 

ང་ཡི་རུ་བ།

                                    

       དྲན་འཛིན་གྱི་སྙིམ་པ་རུ་ཞེན་ཆགས་ཀྱིས་མིག་བཞིན་བསྲུངས་པའི་ང་ཡི་རུ་བ།  ཡིད་ཅན་དུ་མའི་ཚེ་བླ་སྲོག་གསུམ་དུ་གྱུར་པའི་བདག་གི་ཕ་ས་ལག་མཐིལ་འདྲ་བོ།  ཞོགས་པ་ནས་ས་སྲོས་བར་གྱི་ཁྱོད་ནི་གཟེབ་ལས་གྲོལ་བའི་བྱ་ཁྱུའི་སེམས་ཀྱི་ཉི་ནུབ་ཇི་བཞིན་ང་ཡི་སྙིང་དུ་སྡུག   གྲོང་ཁྱེར་གྱི་རྟ་ཕོས་འགྲམ་ཆུ་ཁོལ་མྱོང་བའི་མཐོ་སྒང་གི་རྩྭ་ཐང་ནང་བཞིན་ང་ཡི་མིག་ལ་མཛེས། ཨ་་་་་ང་ཡི་ཕ་ཡུལ། ཁྱོད་ཀྱི་ལེགས་ཉེས་ང་ཡི་དགའ་སྡུག་ཏུ་གྱུར་ཅིང་། ཁྱོད་ཀྱི་འཕེལ་འགྲིབ་ང་ཡི་ཁེངས་དྲེགས་དང་ངོ་ཚ་རུ་གྱུར་ཡོད། ཕ་ཡུལ་ཡ། ཁྱོད་པང་ནས་ངུ་དགོད་རེས་མོས་ཀྱི་ལོ་ཟླ་རེ་རེ་བསྐྱལ་ཞིང་སྐྱེས་པའི་སྲོག་ཆགས་རེ་རེ་ནི། ད་ལྟའི་ཆར། ཤ་རྒྱས་ཁྲག་རྒྱས་ཀྱི་ཕོ་གསར་མོ་གསར་རེ་རེ་རུ་གྱུར་ཏེ། སོ་སོའི་འབྱུང་འགྱུར་གྱི་འཚོ་བ་ལ་མདུན་ལམ་ཞེས་པའི་ཐ་སྙད་ཀྱིས་སྤྲས་ཤིང་འཚོ་བ་ཡི་བདེ་སྡུག་གི་ཆེད་དང་། ཕ་མ་དང་ནང་མིའི་རེ་ལྟོས་ཀྱི་མིག་ཟུང་དང་འཁྲེང་སེམས་ཀྱི་རྡོག་ཁྲིས་ལྕིད་མོ་ཞིག་ཁུར་ཏེ་ལས་ཀྱི་སྐྱ་ཐིག་དེད་ནས་གོ་ཐོས་མེད་པའི་ས་མཐའ་ལ་ཆས།བསམ་སྤྱོད་མི་མཐུན་པའི་མི་ཚོགས་དང་ངོ་ཐུག  དེ་དང་དེ་ལྟ་བུའི་རྒྱུ་མཚན་དུ་མས་ཁྱོད་ལ་ཆགས་ཤིང་ཞེན་པའི་སེམས་ཅན་རེ་རེ་ཁྱོད་དང་རི་ཆུ་མང་པོས་བསྐལ། དེས་རྐྱེན་པས། ལོ་འཁོར་དུ་མའི་རྗེས་སུ་ཁྱོད་པང་དུ་ལོག་ཕེབས་བྱུང་བ་ནི་ཁྱོད་ཀྱིས་རིག་མ་མྱོང་བ་འདྲ་ཡང་། མ་ཡིན་ཏེ། དེ་དག་ནི་ཁྱོད་ཀྱི་པང་ནས་ཆས་ཤིང་སླར་ཡང་ཁྱོད་པང་དུ་ལོག་པ་ཤ་དག་ཡིན། ཕ་ཡུལ་ལགས།  ཁྱོད་ཀྱིས་དེ་དག་ངོ་མ་ཤེས་པ་ལ་ཁག་མི་འདུག་སྟེ། ལོ་ཟླའི་འཁྱུགས་བགྲོད་ཀྱིས་ང་ཚོའི་སྐྱི་ལྤགས་ལ་འགྱུར་བ་བཏང་བ་ཁོ་ནར་ལན་པ་རེད། འོན་ཀྱང་། དང་ཐོག་གི་སྐད་དང་ཡི་གེས་གོ་བརྡ་མི་འཕྲོད་པར་གྱུར་པ་འདི་སུ་ལ་ལན་ནམ་སྙམ་ན། དེ་ནི་སུ་ལན་ནམ་་་་་་་་།   

                                        2019  11   1

                   རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease