ང་དང་སྒམ་ཆུང་ཇ་ཁང་།

    རྩོམ་པ་པོ། བསོད་ནམས་དབང་པོ།


ང་དང་སྒམ་ཆུང་ཇ་ཁང་།
           གཙུག་ལག་ཁང་གི་སྙན་ངག་བཅས་བར་གྱི་འབྲེལ་བ། 

 
                          བསོད་ནམས་དབང་པོ། 

         སྤྱི་ལོ་གསར་པ་ཤར་ཙམ་གྱི་ཉིན་ཞིག་ཇོ་མཇལ་ཞུས་རྗེས། གཙུག་ལག་ཁང་གི་མདུན་གྱི་ཤིང་གི་རྐུབ་སྟེགས་ཚོས་མདོག་ཀྱང་ཡལ་ཡོད་པ་དེར་བསྡད་ནས་ངལ་གསོས་ཤིང་། ཇོ་མཇལ་ཞུས་ནས་ཡོང་མཁན་གྱི་མི་རེ་རེར་མིག་གི་རིག་རིག་གིས་བལྟས་ནས་བསྡད། གློ་བུར་རྩོམ་ཞིག་འབྲི་འདོད་པའི་ཚོར་བ་གཅིན་པ་གཏོང་རྒྱུ་ཡོང་པ་བཞིན་བྲེལ་འཚུབ་ཅིག་གིས་དེད་དེ་འོང་པས། “གཙུག་ལག་ཁང་གི་སྙན་ངག” ཅེས་པ་བྲིས། ལྷ་ས་ནས། ཡང་ན་བར་སྐོར་ནས་སྙན་ངག་ཡག་པོ་ཞིག་འབྲི་དགོས་སྙམ་ནས་ཡུན་རིང་ཐལ་ཡང་། སྙན་ངག་ནི་ཡག་པོ་ཞིག་བྲི་དགོས་སྙམ་པའི་འབྲི་ཐུབ་པ་ཞིག་མ་རེད་ལ། རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་ཤིག་མ་ཚང་ན་དེ་བས་ཀྱང་ཡག་པོ་འཁྱོངས་རྒྱུ་ནི་ཤིན་ཏུ་དཀའ་ལས་ཁག་པོ་ཡོད། 
 
          དེང་སང་ཚོད་ཚོད་ལ་ཐ་སྙད་འགའ་གང་བྱུང་བསྒྲིགས་པ་ལ་སྙན་ངག་ཅེས་འདོགས་པར་གོམས་པ་ནི་ཆེས་ཡིད་ཁྲེལ་བ་ཞིག་རེད། ཐ་སྙད་ཀྱི་རྡོ་ཆག་ཁ་ཤས་བསྒྲིགས་པ་ལ་སྙན་ངག་ཟེར་ན་ང་ཚོའི་སྙན་ངག་གི་སྒོ་ཐེམ་དམའ་དྲགས་ནས་སྙན་ངག་ནི་གླེང་རིན་མེད་པ་ཞིག་མིན་ནམ། ཡིན་ནའང་། ད་ལྟ་སྙན་ངག་ནི་གཞོན་ནུ་མ་ཞིག་ལ་ཁ་ཡག་བརྗོད་བྱེད་ཀྱི་ལག་ཆ་ཙམ་དང་། རྩོམ་སྒྲིག་པར་ངོ་དགའ་སྤྲེལ་ལད་འཁྲབ་ནས་གར་སྟེགས་སུ་ཕུད་ཨེ་ཐུབ་ལ་གཞོལ་ཞིང་། གཞན་དང་གཞན་ནས་ཚིག་བཤུས་བརྒྱབ་པའི་སྙན་ངག་ཡིན་ནོ་ལོ་རེ་དུས་དེབ་ཏུ་བཀོད་རྗེས། དོན་ན་མེད་པའི་ང་རྒྱལ་ཞིག་དབུགས་ལྒང་ཕུ་ཡིས་གཏེར་བ་ཇི་བཞིན་སྦོས་ནས་རྫིག་པོ་རྐྱང་རྐྱང་བཤད་དེ་འདུག་པ་ལས། དྭངས་གཙང་གི་སྙན་ངག་ཅིག་ཇི་ལྟར་འབྲི་བར་བསམ་བློ་གཏོང་མཁན་མེད། 
 
          སྙན་ངག་ཅིག་དེ་ལྟར་བྲིས་ནས་གྲུབ་རྗེས་དེ་ནི་སྙན་ངག་ཅིག་ཡིན་པའི་ཡིད་ཆེས་རང་ལའང་མི་འདུག སྐབས་རེར་སྙན་ངག་གམ་ཡང་ན་རྩོམ་ཡིག་ཅིག་བྲིས་རྗེས། གཞན་ལ་སྟོན་པ་ལྟ་ཅི། རང་གིས་ཀྱང་ཡང་བསྐྱར་ཀློག་པའི་སྤོབས་པ་བྲལ། སེམས་ཁམས་དེ་དང་ཚོར་བ་དེ་ལྟ་བུ་ཁྱོད་རང་ནན་ཏན་གྱིས་གསར་རྩོམ་ལ་འཇུག་མཁན་ཞིག་མིན་ན་ནམ་ཡང་རྟོགས་དཀའ། 
 
          ཉིན་དེར་ང་ཡིས་ཅི་ཞིག་གི་བསླུ་བྲིད་ལྡོག་མ་ནུས་པར་བསམ་གཞིག་གི་གཏིང་ལ་ལྷུང་སྟེ་དམིགས་མེད་ངང་འཁྱམས་ནས་སྒམ་ཆུང་ཇ་ཁང་ལ་སླེབས། དེ་ནས་བོད་ཐུག་ཅིག་དང་ཇ་མངར་མོ་གཅིག་དམ་ཞིག་བླངས་ནས་བཏུང་། སྒམ་ཆུང་ཇ་ཁང་མི་ཚོགས་ཀྱི་འདུ་འཛི་རྒོད་ཀྱང་འུར་ཟིང་གིས་ཁེངས། ཇ་ཁང་གི་བཀོད་པ་འབྲོག་པའི་ཁྱིམ་ཚང་ཕྱུག་པོ་ཞིག་གི་དངོས་རྫས་མཁོ་ཆུང་བ་རྣམས་ཉར་སའི་ཐབས་ཆག་གི་ཁང་པ་དེ་འདྲ་ཞིག་ཀྱང་དོ་དཀའ། དེ་ལས་ཀྱང་རྫོབ་སྟུག་པའི་ཅོག་ཙེ་དང་འདུག་སྟེགས་དེ་དག་གིས་མིག་དང་རྣ་བར་སུན་སྣང་ཞིག་སྟེར་བས་དེ་མུར་སྒོར་ཐོན། 
 
          དགུན་གྱི་ཉི་འོད་ནི་དུས་བཞིའི་མཐོ་སྒང་གི་ཉི་འོད་ལས་གཅེས་འོས་པ་ཞིག་ཡིན་པ་རེད། བར་སྐོར་གྱི་ཚོང་ཁང་འཛིན་པའི་ཨ་ཅག་ཚོས་དགུན་དུས་ཉི་འོད་རྐུབ་སྟེགས་བཟུང་ནས་འདེད་པ་དེར་དགོད་བྲོ་ལ། ཡིད་དུ་འོང་པ་ཞིག་ཀྱང་ཡིན། དགུན་འབྲིང་བོའི་ཉི་འོད་ཀྱི་ཀློང་ནས་སྙན་ངག་དེ་ག་ལེར་རང་གིས་བཀླགས་པས་ཅུང་ཡག་པོ་ཞིག་འཁྱོངས་འདུག་པ་འདྲ། དེ་ནས་རང་རློམ་ཚ་པོས་དྲ་སྒང་ལ་བཏང་བཞག གྲོགས་པོ་སྙན་ངག་སྨྲ་བ་འགའ་དང་ངོ་ཤེས་མིན་གྱི་མི་སྣ་ཆེ་གེ་མོས་བཟང་བསྟོད་ཀྱི་མཐེ་བོང་བསྟན་པས་སྙན་ངག་དེ་རང་ལའང་ཞེ་རྩིས་ཆེ་བ་ཞིག་བྱུང་། དེ་ནས་ཀྱང་ཐེངས་དུ་མར་བསྐྱར་བཅོས་བྱས་ཏེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་བཀོད་པས། སྙན་ངག་དེ་ཚོ་ཡག་པོ་འཁྱོངས་འདུག་ཅེས། རིང་ནས་ཕུ་དུད་ཀྱི་ཡུལ་དུ་གྱུར་པའི་རྩོམ་པ་པོ་ཁ་ཤས་ཀྱིས་ཀྱང་སྐུལ་ལྕག་གནང་རྐྱེན། སྔར་བས་གདེང་བསྐྱེད་དེ་རྩོམ་རིག་ལ་གཟབ་ནན་གྱིས་འཇུག་པའི་སྤོབས་པ་དང་ཡིད་ཆེས་ཤིག་རྙེད། ཡིན་ནའང་། གར་ཡོང་མི་ཤེས་པའི་སེམས་འཚབ་ཅིག་ཀྱང་དེའི་ཞོར་ལ་སྐྱེ་ཡོང་གིན་འདུག
 
          མདོ་ནས་ཡོང་བའི་ལྷ་སར་གཞིས་སྡོད་མཁན་ཞིག་ལ་མཚོན་ན་ཕོ་བྲང་ནི་ནངས་ཞོགས་གཉིས་ཀར་སེམས་ཡ་ཆུང་གི་རྟེན་ཕུར་དང་མིག་ཁྲ་ཆུང་གིས་འཚོ་རྒྱུ་དེ་རེད་ལ། ཇོ་མཇལ་ཞུ་བ་དང་བར་སྐོར་ལ་བསྐོར་བར་འགྲོ་བ། ཇ་མངར་མོ་མཆོད་པ་སོགས་ཀྱང་གནས་འདིར་སྡོད་པའི་རྒྱུ་མཚན་དེ་ཡིན་སྲིད། དེ་བས། སྤྱི་ཚེས་ཀྱི་དྲུག་པའི་ཉེར་གཅིག་གི་ཞོགས་པར་ཇོ་མཇལ་ཞུས་རྗེས་གྲོགས་པོ་དང་མཉམ་དུ་སྒམ་ཆུང་ཇ་ཁང་ལ་སོང་ནས་ཐུག་པ་དང་ཇ་མངར་མོ་གཉིས་དམ་ཞིག་མངགས། ཆས་གོས་དང་སྐད་ལུགས། ལོ་ཚོད་དང་གོམས་གཤིས་སོགས་མི་གཅིག་པའི་མི་ཚོགས་ཀྱི་འདུ་ལོང་། དཀར་ནག་འཐབ་པའི་ཆར་སྤྲིན་འཁྲིགས་པ་དང་མཚུངས་ཤིང་། འུར་ཟིང་འབྲུག་སྐད་བཞིན་ལྡིར་བ་ཡིས་བར་སྣང་འགེངས་མོད། སྒམ་ཆུང་ཇ་ཁང་གི་སྐུ་མགྲོན་ཚོས་བག་ཡངས་ངང་བདེ་སྣང་འཁོལ་པོའི་ལབ་གླེང་བྱེད་ཅིང་དགོད་སྒྲ་ལྷུག་གེར་བཞུགས། ངེད་གཉིས་མ་གཏོགས་པའི་སྐུ་མགྲོན་དག་གིས་ཅོག་ཙེའི་སྒང་ལ་དངུལ་ལོར་སིལ་མ། བཅུ་ཤོག་དང་ཉི་ཤུའི་ཤོག་བུ་སོགས་བཞག་སྟེ་ཐུན་མོང་གི་མ་རྩ་ལྟ་བུ་ཞིག་མཉམ་སྤྱོད་ཀྱིས་ཐུག་པ་དང་ཇ་མངར་མོ་སོས་དལ་དང་བག་ཕེབས་ཀྱིས་མཆོད། ང་རང་གཞི་ནས་ཅོག་ཙེའི་སྒང་ལ་དངུལ་ལོར་སིལ་མ་བཞག་ནས་ཇ་འཐུང་པའི་ཚུལ་དེར་སྙིང་ཉེ་བའམ། དེ་ནི་འཆར་ཡན་ལྡན་པའི་འཚོ་བ་ཞིག་གམ། ཁོ་ཚོས་ཇ་འཐུང་ཞོར་ལབ་གླེང་དང་། གད་མོ་མི་འཛད་པ་དགོད་སྟངས་དེར་སྤྲོ་སྣང་མི་གཅིག་པ་ཡོད་པའི་ཉམས་སྣང་ཞིག་བྱུང་། འདི་ནི་ཐེངས་གཉིས་པ་ང་རང་སྒམ་ཆུང་ཇ་ཁང་ལ་ཡོང་པ་ཡིན། སྒམ་ཆུང་ཇ་ཁང་ནས་སྒོར་ཐོན་པ་ན་རྗེས་མ་ཡང་བསྐྱར་ཡོང་དགོས་སྙམ་པའི་ཚོར་སྣང་ཞིག་ཀྱང་སླེབས། ཚོར་སྣང་དེ་འདྲ་ཞིག་སླེབས་དོན་ནི་ངའི་སྙན་ངག “གཙུག་ལག་ཁང་གི་སྙན་ངག” ཅེས་པར་མི་གཞན་གྱིས་དོ་སྣང་བྱུང་པ་དང་། སོ་སོར་མུ་མཐུད་རྩོམ་རིག་ལ་འཇུག་པའི་སྐུལ་ལྕག་ཐེབས་པའི་རྒྱུ་རྐྱེན་དེར་འབྲེལ་བ་ཡོད་ཀྱང་ངེས། 
 
          དེ་རིང་ངས་ཀྱང་སྒམ་ཆུང་ཇ་ཁང་གི་མགྲོན་པོ་རྙིང་པ་ཞིག་ནང་བཞིན་ཁ་ཐུག་ནང་ལ་ཕྱིན་རྗེས་ཕོར་བ་ཞིག་བླངས་ཡོང་སྟེ་སྡོད་ས་གང་རག་བྱས་ནས་ཟུར་ཞིག་ཏུ་བསྡད་པ་ཡིན། དངུལ་སིལ་མ་འགའ་ཡོད་པ་ཅོག་ཙེའི་སྒང་ལ་བཞག་སྟེ་ཇ་མ་ཞིག་ཡོང་ནས་ཇ་བླུག་པར་སྒུག་སྟེ་བསྡད། རང་སེམས་སུ་མཐའ་འཁོར་གྱི་མི་འདི་ཚོས་ང་རང་མགྲོན་པོ་གསར་པ་ཞིག་གིས་རྙིང་པ་ཡིན་མདོག་གི་འཁྲབ་སྟོན་ལ་བལྟས་ཡོད་མེད་བསམས་ནས་ཐེ་ཚོམ་དང་དོགས་མི་བདེ་པ་ཞིག་ཀྱང་བྱུང་། ཡིན་ཡང་ཁོ་ཚོས་ང་ལ་ཉམས་འཇོག་བྱས་མེད་ཀྱང་སྲིད། ཐེ་ཚོམ་དང་དོགས་མི་བདེ་པ་དེའང་ང་རང་ཉིད་ལས་གཞན་གྱིས་ཚོར་མེད་ཀྱང་ངེས། ཇ་མ་སླེབས་སོང་། ངའི་ཕོར་བའི་ནང་ལ་ཇ་མངར་མོ་གང་བླུགས་རྗེས་དངུལ་ལོར་སིལ་མ་གཅིག་བླངས་ནས་ཕར་ཕྱིན་སོང་། སྐབས་དེར་ངའི་སེམས་སུ་རང་ཉིད་ཀྱང་གནས་འདིར་གོམས་པའི་མི་ཚོགས་འདིའི་ཆ་ཤས་ཤིག་ཏུ་གྲུབ་ཟིན་པའི་ཚོར་བ་སྐྱེས། དེ་ལྟར་དོགས་མི་བདེ་བའི་ཚོར་སྣང་ཡང་རིམ་གྱིས་ཡལ། ཅོག་ཙེ་དང་འདུག་སྟེགས་རྙིང་པ་འདི་དག་གིས་སྒམ་ཆུང་ཇ་ཁང་ལ་སླེབས་པའི་མི་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ཡོད་པ་འདྲ། ཅོག་ཙེ་གྲུ་བཞི་ནར་མོ་འདི་དག་བསྐོར་ཏེ་གྲལ་ཕྲེང་རིང་པོ་བྱས་ནས་སྡོད་དུས་ང་ཚོའི་བར་ལ་ཐོབ་ཐང་མཐོ་དམན་དང་། རྒྱུ་འབྱོར་དྲག་ཞན། སློབ་གསོའི་ཆུ་ཚད་ཡོད་མེད་སོགས་ནི་གླེང་བྱ་ལྷག་མ་ཞིག་ཏུ་གྱུར་ཡོད་པའི་སྣང་པ་སྟེར། ཕྱི་རོལ་ནས་འདྲ་མཉམ་མ་ཡིན་པའི་དོན་དག་མང་པོར་གདོང་གཏོད་དགོས་པ་དང་། མཐོ་དམའ་དང་མཆོག་དམན་གྱི་གྲལ་རིམ་ཞིག་མེད་བསམས་ཀྱང་ཡོད་པ་དེས་མི་སྐྱིད་པ་བཟོ། འོན་ཏེ། འདི་ན་ཁྱོད་ཀྱི་ལས་རིགས་དང་ཐོབ་དབང་གང་ཡིན་ཁ་ཡ་བྱེད་མཁན་མེད་ལ་ཉམས་འཇོག་གནང་མཁན་ཡང་མེད། དེ་བས་སྒམ་ཆུང་ཇ་ཁང་ནི་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་ཐུབ་པའི་གནས་ཤིག་རེད། 
 
          ཁྱོད་རང་སྒམ་ཆུང་ཇ་ཁང་ལ་ཕྱིན་མྱོང་ཡོད་དམ། ད་ནས་ང་རང་རྒྱུན་པར་འདི་གར་སླེབས་ནས་ཇ་མངར་མོ་བཏུང་འདོད་ལ། རྣ་བར་འུར་འུར་བྱེད་པ་ལས་ཚིག་འབྲུ་གསལ་བོ་མི་གོ་བའི་ལབ་གླེང་དེ་དག་ལ་ཉན་འདོད་ཅིག་ཀྱང་སྐྱེས། དེ་ཡང་དབུས་གཙང་གི་སྐད་ཆ་ནི་གཞོན་ནུ་མ་ཞིག་གིས་བཤད་ན་སྙན་མོ་ཞེ་དྲགས་འདུག བསིལ་རླུང་འཇམ་མཉེན་གྱིས་རྣ་རྩར་ལྡང་པ་དང་། ཞོགས་པའི་དྲོད་འཇམ་གྱི་ཉི་འོད་ཁྱིམ་ཕུག་ཏུ་སླེབས་པ་ལྟ་བུའི་ཚོར་བ་སྟེར། སྒམ་ཆུང་ཇ་ཁང་ནས་རིག་པ་ལྕགས་སྐུད་ལྟར་མ་སྒྲིམ་པར་ཁ་བརྡ་མགོ་རྔ་མེད་པའི་གང་དྲན་ཞིག་བྱས་ཆོག་ཀྱང་། རང་ཤག་ནས་ཉི་མར་ལྡེ་བ་བཞིན་ཤ་སྐྱི་ལྷོད་ལ་ཕབ་ནས་སྡོད་ཆོག  ང་རང་དངོས་གནས་ཚོར་བ་འདིའམ། ཡང་ན་འཚོ་བ་འདི་ལ་ཞེ་གཏིང་ནས་དགའ། དེ་བས་ག་ལེར་ངས་ཀྱང་དུས་ཚོད་མང་པོ་ཞིག་འདི་ནས་གཏོང་བ་དང་མཉམ་དུ་ཇ་མངར་མོ་འཐུང་རོགས་ཀྱི་གྲོགས་པོ་རེའང་ངོ་ཤེས་སྲིད། སྒམ་ཆུང་ཇ་ཁང་གི་མཐོང་སྣང་དངོས་མ་རེ་རྣམ་ཤེས་ཀྱི་གླུ་སྐད་ལ་བསྡེབས་ནས་སྙན་ངག་རེ་ཡང་ཁྱེད་ཅག་ལ་དབུལ་ཡོང་ངེས། 
                     སྤྱི་ཚེས། 2021/6/23 ལ་དབུས་ནས་བྲིས། 

                   རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease