སྟེས་དབང་གི་མི།

    རྩོམ་པ་པོ། ལྡེའུ་ནག


སྟེས་དབང་གི་མི།

                           

                ལྡེའུ་ནག  བོད་ལྗོངས།



 

       སྟེས་དབང་གི་མི། ངས་ཁྱོད་ཀྱི་མིང་ཟུང་ཁྲ་མོའི་ཀྱོག་མཚམས་ལ་ལྟ་དུས་ཡུན་རིང་ཡུན་རིང་ཞིག་ལ་འགྲམ་པ་ལག་པས་སྐྱོར་བཞིན་གཡེང་དགོས་བྱུང་སོང་།  དྲང་མོར་བཤད་ན་ལོ་ཟླ་མང་པོའི་ཡར་སྔོན་ནས་ཀྱང་འཇིག་རྟེན་གྱི་སྐར་ངོགས་ནས་རེག་བྱ་འཇམ་རྩུབ་ལྡན་པ་མང་པོ་མཐོང་མྱོང་ཡང་། ཁྱོད་ནི་སུ་ཞིག་གིས་བདག་ལ་བཙན་གྱིས་བཀོད་བསྒྲིགས་བྱས་པར་མི་ཤེས་པའི་སྟེས་དབང་གི་མི་ཞིག་ཡིན་པ་འདྲ། 

 

      སྟེས་དབང་གི་མི། ནམ་ཟླ་གྲང་ཤུར་ཤུར་གྱི་དགུན་ཟླའི་ཁྲོད་ནས་ཁྱོད་རང་དྲན་པའི་ན་ཟུག་འདི་བཙན་པ་ལ་ཨང་། ཁྱོད་རང་མཐོང་འདོད་ཀྱི་གདུང་བ་འདི་ལྕི་བ་ལ་ཨང་། ཤིན་ཏུ་མི་བཟོད་པའི་ཁ་སང་དོ་ཞག་ནི་བདག་ཉིད་ལ་མཚོན་ན་ལོ་གཅིག་གི་ནང་ནས་ཆེས་ངལ་གསོ་ཆེ་བའི་དུས་ཚོད་གཅིག་པུ་དེ་ཡིན་ན་ཡང་། སེམས་ཁམས་མི་དལ་བར་ལྷོག་ལྷོག་ཏུ་ཁོལ་བཞིན་འདུག་འདི་ནས་ཕར་ལྟ་ཡུལ་གྱི་རྒྱང་རིང་གན་ན། སྤྲིན་པ་ལེབ་མོ་འཁྲིགས་པའི་ཕྱོགས་སུ་ཞེ་འདང་གི་སྐད་ཆ་དེ་དག་དབང་མེད་དུ་སྒྲོགས་དགོས་བྱུང་སོང་། 

 

      སྟེས་དབང་གི་མི། ངས་དངོས་ནས་མི་ཤེས་ཁྱོད་རང་དང་སྐད་ཆ་བྱུང་བའི་ཉིན་ཞག་ནི་བདག་ལ་མཚོན་ན་བདེ་དྲོད་འབར་བའི་ཉིན་ཞག་ཡིན། ཁྱོད་རང་དང་སྐད་ཆ་མེད་པའི་ཉིན་ཞག་ནི་བདག་ཉིད་རེ་ཐག་ཆད་པའི་བྱང་ཐང་གི་རྩྭ་འཇག་མ་ཞིག་དང་འདྲ་བར་འདུག འདི་ནི་སྟེས་དབང་ཞིག་གི་རྒྱུད་རིམ་ཡིན་ནམ། ཡང་ན་ལས་དབང་ཞིག་གི་ཐོག་མཐའ་ཡིན།

 

      སྟེས་དབང་གི་མི། ད་ནི་ལོ་ཟླ་མང་པོ་མང་པོ་འགོར་སོང་། བརྩེ་འདང་གི་ས་བོན་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཟབ་བཞིན་འདུག ངའི་སྙན་ངག་གི་འཆར་རྟོག་དེའི་ཕྱི་ནང་གི་འཁོར་འདས་མ་ལུས་ཁྱོད་ཀྱིས་ཁྱབ་འདུག་ལ། ངའི་རྣམ་ཤེས་ཀྱི་གསེད་དཀྲོལ་མ་ལུས་ཁྱོད་ཀྱི་རེག་བྱ་འབའ་ཞིག་ཏུ་ཆགས་འདུག་འདི་དག་ལ་བལྟས་ན་ཁྱོད་ནི་བདག་ལ་སྟེས་དབང་གིས་གནང་བའི་མི་དེ་ཡིན་པ་འདྲ། 

 

       སྟེས་དབང་གི་མི། སྤྱིར་འཇིག་རྟེན་འདི་ན་དོན་དམ་པའི་བདེ་སྐྱིད་ཟེར་བ་དང་། དོན་དམ་པའི་སྡུག་བསྔལ་ཟེར་བ་ཞིག་མི་སྲིད་ཅིང་། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་དེ་ནི་སོ་སོའི་སེམས་སྣང་གི་ཆ་ཤས་ཙམ་ལས་འུ་ཅག་ཐུན་མོང་གིས་ཁས་ལེན་ཐུབ་པ་ཞིག་ལར་ནས་མི་སྲིད། དེ་བས་འཇིག་རྟེན་ཟ་ཟིའི་ཁྲོད་ནས་ངས་ཁྱོད་རང་ཁོ་ནའི་བརྩེ་འདང་བདག་ལ་སྨིན་རྒྱུའི་རེ་བ་བཅང་སྲིད་ལ་ངས་ཁྱོད་རང་ཁོ་ནའི་བདེ་སྐྱིད་ལ་འདང་ཟབ་མོར་རྒྱག་ངེས། 

 

       སྟེས་དབང་གི་མི། ངས་མཐོང་ཐོས་མྱོང་གསུམ་དེ་དག་སྟེས་དབང་ཞིག་གི་རྒྱུད་རིམ་ཞིག་ཡིན་ནམ། ཡང་ན་སྐྱེ་བ་སྔོན་མ་ཞིག་ནས་བཞག་པའི་བག་ཆགས་ཟབ་མོ་ཞིག་སད་པ་རེད། ང་ཚོ་ལམ་ཕྲན་ཡག་བཙོག་གང་དུ་སོང་ཡང་ཐོག་མར་ཅི་ཡང་མི་ཚོར་ཞིང་། རྗེས་སུ་ལམ་ཁ་དེར་བུད་ཚར་རྗེས་སུ་ཐམས་ཅད་ཀྱིས་སྟེས་དབང་ངམ་ལས་དབང་ལ་ཁག་འགེལ་གྱིན་ཡོད། དྲང་མོར་བཤད་ན་དོན་དངོས་ནས་འདི་ལྟར་ཡིན་པ་རེད་དམ། ཡང་ན་འདི་ལས་གཞན་འགྲེལ་བཤད་རྒྱག་ཐབས་མེད་སོང་བས་རེད། 

 

      སྟེས་དབང་གི་མི། ཞག་ནག་སུམ་བརྒྱ་དྲུག་བཅུ་བུད་འགྲོ་བ་ནི་དེ་ཙམ་མི་མགྱོགས་ཤིང་། མི་ཡི་ཚེ་ཚད་འདི་ཡང་དེ་ཙམ་བྲེལ་བ་ཞིག་མ་རེད། དེ་བས་བསམ་བློ་ཡང་གཏོང་འདང་ཡང་རྒྱག་མང་དུ་བྱོས་དང་།སྟེས་དབང་གིས་གནང་བའི་མི་ཚེ་འདིའི་ནང་ནས་ཡང་དག་པའི་བདེ་སྐྱིད་ཀྱི་ཉི་འོད་ག་ཙམ་མཐོང་། ཐོས་བསམ་གྱི་བར་སྟོང་ནས་བློ་ཡིད་ཚིམས་པའི་རྟེན་འབྱུང་གི་རྣམ་བཞག་ཅི་ཙམ་རྟོགས། འདི་དག་ནི་ང་དང་ཁྱོད་ཅག་གི་བསམ་འོས་པའི་སྟེས་དབང་གི་འཚོ་བ་ཞིག་ཅི་ལ་མིན་ཨང་། 

 

      སྟེས་དབང་གི་མི། ཁྱོད་ཀྱི་འཛུམ་དཀར་གྱི་འཕེལ་འགྲིབ་འོག་ནས་བདག་ལ་སྨྲ་མི་ཤེས་པའི་ཞེ་འདང་ནི་དགའ་བ་ཞིག་སྟེར་སོང་། འདི་ནི་སྟེས་དབང་ཞིག་གི་འཆར་གཞི་ཡིན་ནམ། ཡང་ན་འཇིག་རྟེན་འདིའི་སྣོད་བཅུད་ཀྱིས་བདག་ལ་ཀུ་རེ་རྩེད་པ་རེད། དོ་ནུབ་ས་སྲོད་འདི་ནས་ངས་སྨྲེང་བ་མང་པོ་ཞིག་ནང་སེམས་ལ་བསྲེས་ཏེ་ལོ་ཟླ་གཞུག་མ་དག་ཏུ་སླར་ཡར་དྲན་གསོ་བྱ་ཆོག་པའི་ཟིན་ཐོ་འགའ་འབྲི་རྒྱུ་ཡིན།འདི་དག་ནི་ཁྱོད་ཀྱི་བཅོས་མ་མིན་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ལས་མཐོང་བའི་སེམས་ཚོར་ཤ་སྟག་ཡིན་སྲིད། 

 

    སྟེས་དབང་གི་མི། ཨོ་རེད་ང་ལ་མཚོན་ན་ཁྱོད་ནི་མཛེས་སྡུག་གི་ཨུག་ཆོས་ཇི་བཞིན་དབྱར་ཟླ་ལྔ་བའི་སྤང་ལྗོངས་སུ་སྦྲང་བུ་འགའ་རེའི་རྩེད་བྲོ་རྡུང་ས་ལྟ་བུ་དང་། ཡང་ན་འཁོར་འདས་ཀྱི་རྟོག་བརྗོད་བར་ནས་ཅིས་ཀྱང་འབྲལ་ཐབས་མེད་པའི་ཚོར་བ་མངར་མོ་སྐྱུར་མོ་དེ་འང་ཡིན་སྲིད། ད་དུང་ཁྱོད་ནི་བདག་གི་ནམ་མཁའི་སྐར་མ་ཡིན། ཁྱོད་ནི་བདག་གི་བསིལ་རླུང་ལྡང་དུས་སུ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་སྒེའུ་ཁུང་འགྲམ་གྱི་མེ་ཏོག་དེ་འང་ཡིན།

 

      སྟེས་དབང་མི། ཁྱོད་ནི་ཅི་འདྲའི་མཚར་སྡུག་ལྡན་པ་ལ་ཨང་། དུས་ཚོད་ག་དུས་ནས་མཐུན་པ་མ་ཤེས་ལ་དུས་ཚོད་ག་དུས་ནས་ངོ་ཤེས་པ་འང་མ་ཤེས། གང་ལྟར་ཀྱང་ད་སྐབས་སྣང་བའི་མཚོ་ཆེན་ངོགས་ནས་བརྩེ་འདང་གི་རྟོད་ཐག་ཅིག་གི་དམ་དུ་བཅིངས་པས་འཕུར་ཐབས་མ་བྱུང་བའི་ཁྲུང་ཁྲུང་དཀར་མོ་དང་གཉིས་སུ་མ་མཆིས། ད་དུང་རེ་འདུན་ཞིག་ལ་ལོ་ཟླ་གཞུག་མ་དག་ཏུ་ཅིས་ཀྱང་བདག་ཉིད་མཚོ་མོ་ཞིག་ཡིན་པའི་དབང་དུ་བཏང་ན་ཁྱོད་ནི་དེ་གར་གཏན་དུ་གནས་བཅས་པའི་ཁྲུང་ཁྲུང་དེ་ཡིན་དགོས། ང་ཡི་མི། ང་ཡི་སྟེས་དབང་གི་མི། 

       ༢༠༢༡/༡/༢༦/དགོང་མོར་མཇུག་གྲུབ།

                    རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease