དྲིན་གསོའི་ཚིག་གི་སྙེ་མ།

    རྩོམ་པ་པོ། ཐབ་ཀ་བ།


དྲིན་གསོའི་ཚིག་གི་སྙེ་མ།  
ཞར་བཀོད་གཅིག
 
                        ཐབ་ཀ་བ།  གཞིས་ཀ་རྩེ།
                   
      ང་རང་ནི་དཔེ་འཚོང་བ་ཞིག་ཡིན་པས།  རྣམ་ཀུན་མལ་སར་འཛུལ་ནས་མིག་ཟུང་མ་བཙུམ་བར་དུ་མཐོང་ལམ་དུ་རྒྱུ་བ་ནི་དཔེ་ཆ་ཡིན། ཞོགས་པར་མིག་གི་སྐྱ་རེངས་ཕྱེ་དུས་ཕྲད་ཡོང་བ་ནི་བརྩེ་ལྡན་གྱི་ཀློག་པ་པོ་རྣམས་རེད།   དཔེ་དེབ་ནི།   བརྩེ་ལྡན་གྱི་ཀློག་པ་པོ་མཉེས་པའི་ཕྱིར་དུ་ཕུལ་བའི་མཆོད་པའི་རྫས་ཀྱི་མཆོག་འདི་ཡིན་ལ།    ཞི་འཇམ་གྱི་ཉི་འོད་ནང་བཞིན་ཀློག་པ་པོའི་མདུན་ངོས་སུ་བདེ་དྲོད་ཀྱི་འཁྱིལ་བའི་བྱམས་བརྩེའི་འོད་སྣང་འདིའང་ཡིན་ཁོ་ཐག་རེད།
 
     དཔེ་འཚོང་བ་ཞིག་གི་ངོས་ནས་བརྗོད་ན་དཀའ་སྡུག་གི་རྡོག་ཁྲེས་ཁུར་ཐུབ་པ་ཞིག་དང་།  འཚོ་བའི་བདེ་སྡུག་རྔུལ་ཆུས་བརྫིས་ཏེ་ཆུ་ཆེན་འཕྲེད་ཀྱིས་གཅོད་ཐུབ་པའི་བློ་རྒྱ་ཞིག་དགོས་ཀྱིན་འདུག   དེ་མེད་ན།  དཔེ་ཁང་དུ་བརྩེ་ལྡན་གྱི་ཀློག་པ་པོ་ནི་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བར་མ་ཟད།  ཡོད་པ་དེ་ཚོ་ཡང་།  རྟག་བརྟན་གྱི་ཀློག་པ་པོ་དེ་དག་ལས།  གསར་དུ་ཕེབས་པའི་ཀློག་པ་པོ་ནི་སྲིད་ན་དཀོན་པ་ཞིག་རེད།
 
     མི་ཁ་ཤས་ཀྱི་ང་ཚོས་དཔེ་ཆར་བལྟ་རྒྱུ་མང་དྲག་ན་འཚོ་བ་དེ་རྗེས་ལུས་ཐེབས་ཀྱི་རེད་ཟེར་མཁན་ཡང་ཡོད་མོད།  དོན་དམ་དུ་བཤད་ན་དཔེ་དེབ་ཀྱི་ཁྱེད་ཀྱི་འཚོ་བར་ཕན་པ་བསྐྲུན་པ་ལས་གནོད་པའི་ལས་གང་ཡང་སྟེར་མི་སྲིད།  དེ་བས་དཔེ་དེབ་ནི།  འགྲོ་བ་མིའི་སྤྱི་ཚོགས་ནང་མེད་དུ་མི་རུང་བའི་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཞིག་ཡིན་ལ། སྔོན་བྱོན་གྱི་སྐྱེས་བུ་མང་པོ་དང་ད་ལྟའི་མཁས་དབང་མང་པོའི་ཐོས་བསམ་གྱི་སྒོ་གླེགས་རྡུང་བ་ལྟ་བུ་ཡིན་པས། བདག་གིས་སྨྲ་བའི་དགོས་པ་གང་ཡང་མི་འདུག
 
      དེ་ཡང་དཔེ་འཚོང་བ་ཞིག་གི་ལོ་རྙིང་གི་མཇུག་སྡོམ་དེ་ཞུས་ན།  དགེ་བའི་བཤེས་གཉེན་ལྟར་དུ་བྱམས་དང་བརྩེ་བའི་ཀློང་ནས་བསྐྱངས་པའི་སློབ་བུ་མེད་ལ།  ཨར་ཁང་གི་སྦྱིན་བདག་ལྟར་དུ་ལས་མིར་རྔན་པ་གྱ་ནོམ་སྤྲད་པའི་འབྱོར་བ་མེད།  འབད་པ་སྟོང་གི་ཐོག་ནས་མི་རིགས་ཀྱི་ཆེད་དུ་ཡོད་ཚད་འབུལ་ཡང་ཐུབ་མེད།  འོན་ཀྱང་།  རང་རེའི་ཁོར་ཡུག་འདི་ལ་ཏོག་ཙམ་ཕན་ན་བསམ་པའི་སྲི་ཞུ་སྒྲུབ་ཡོད།  འགའ་རེས།  ཤོབ་ཀྱི་སྐད་ཆ་རེད་ཡང་བསམ་ནས་གད་མོ་འཆོར་སྲིད།  དེ་ལ་སྣང་འཇོག་བྱེད་པའི་ཁོམ་པ་བདག་ལ་ཡེ་ནས་མི་འདུག   
 
     འཚོ་བ་ཟེར་བའི་བདེ་སྡུག་གི་འཐབ་ར་འདི་ན།  དཔེ་འཚོང་བ་ཞིག་གི་ངོས་ནས་བརྗོད་ན།   བརྩེ་ལྡན་གྱི་ཀློག་པ་པོ་ཁྱེད་ཚོའི་རྒྱབ་སྐྱོར་དང་ཐུགས་ཁུར་ལ་བཀའ་དྲིན་ཞུ་འོས་པ་ཞིག་ཀྱང་རེད་འདུག   གང་གི་སྟོང་ལོ་ཉི་ཤུ་ཐམ་པར་བཀླགས་པའི་དཔེ་དེབ་ཀྱིས།  ཤེས་བྱའི་གནས་ལུགས་མང་པོ་དྲན་པའི་མེ་ལོང་གི་ངོས་སུ་ཕབ་ཡོད་པ་རེད།  མ་འོངས་དུས་སུ་ཡང་འདི་ལྟར་དཔེ་ཀློག་གི་བདེ་བ་ལོངས་སུ་སྤྱད་ནས་འཇིག་རྟེན་གྱི་མ་རིག་པ་མཐའ་དག་ཤེས་རིག་གི་འོད་ཀྱིས་དྭངས་པའི་སྨོན་འདུན་ཞུ།

གྲོང་ཁྱེར་འདིའི་འཚར་ལོངས།
 
    ང་སྡོད་སའི་གྲོང་ཁྱེར་འདི།   སྐྱུར་རྩིའི་དྲི་ཡིས་སྦགས་པའི་གྲོང་ཁྱེར་ཞིག་སྟེ།  རྣམ་ཀུན་གྲོང་ཁྱེར་འདི་ན་ར་བཟི་བའི་མི་ཚོགས་ཅི་འདྲའི་མང་ཞིང་།  དེ་བས།  རང་ཚུགས་བོར་བའི་མི་བུ་ཡང་ཇེ་མང་ནས་ཇེ་མང་རེད།
 
   གྲོང་ཁྱེར་འདིའི་མི་བུ་རྣམས་ཆང་རག་གིས་བསླུས་ཟིན་པས།   མི་བུ་དེ་ཚོའི་རིག་གནས་ཀྱི་འདུ་ཤེས་ནི་ཉིན་མོའི་སྐར་མ་དང་མཚུངས་ཤིང་།  འདོད་ཆགས་ཀྱི་མེ་ལྕེ་ནི་ཇེ་ཆེ་ནས་ཇེ་ཆེར་འཕེལ་དུས།   གྲོང་ཁྱེར་འདི་ནི་ཅི་ཡང་མེད་པའི་འཐབ་ར་སྐྱ་བོ་ཞིག་དང་འདྲ་ལ།    རི་དྭགས་ལག་ནས་ཤོར་བའི་རྔོན་པ་ལག་སྟོང་ཞིག་དང་ཅི་འདྲའི་ཨ་ན་མ་ན་རེད།
 
   གྲོང་ཁྱེར་འདི་སྐྱུར་རྩིའི་འདམ་ལ་འདྲེས་པ་ནས་བཟུང་།  མི་དེ་ཚོའི་ཚེ་སྲོག་གི་ནང་སྙིང་ན་རིག་གནས་ཀྱི་ཉི་འོད་འཁྱིལ་མྱོང་ཡོད་དམ།  དུས་དེ་ནས་བཟུང་།   མི་བུ་ཁྱེད་རྣམས་སྐྱུར་རྩི་ར་བའི་ཁང་ཁྱིམ་ན་ཕེབས་པ་ལས།  ཤེས་བྱའི་སྐྱེད་ཚལ་དུ་ཕེབས་མྱོང་བ་ག་ཙམ་ཡོད།   ལྷིང་འཇགས་ཀྱི་མཚན་མོ་རེ་རེ།  རང་ཉིད་ཀྱི་གཏན་གྲོགས་དང་མཉམ་དུ་འཚོ་བ་རོལ་བ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་མིན་ནམ།  གང་ལགས་ཤེ་ན།  ཁྱེད་ཚོ་ནི་སྐྱུར་རྩི་ར་བའི་རྟག་བརྟན་གྱི་མགྲོན་པོ་དེ་དག་ཡིན་པས་སོ།
 
   རང་རིགས་ཀྱི་ཕ་སྐད་ཉམས་རྒུད་འགྲོ་ན་ཡང་།  རང་རིགས་ཀྱི་མ་ཡིག་ཉིན་རེ་ནས་ཉིན་རེར་འཇིག་འགྲོ་ན་ཡང་།   གྲོང་ཁྱེར་འདི་ན་འཚོ་བའི་མི་བུ་ཁྱེད་རྣམས་ལ་བསམ་རྒྱུ་དང་དྲན་རྒྱུ་ཨེ་ཡོད།   རེ་བ་དང་མདུན་ལམ་ཡོད་ཚད་ཀྱང་སྐྱུར་རྩིའི་རེག་བྱས་བསླུས་ཟིན་པས།   ཁྱེད་ཚོའི་ཕུགས་བསམ་དང་མདུན་བསྐྱོད་ཀྱི་དྲན་པ་མཐའ་དག་སྔ་ས་ནས་ཡལ་ཟིན་པ་མ་ཡིན་ནམ།  དེ་བས།  རང་ཉིད་སྐྱེ་ས་སྐྱེ་ཁུངས་དེ་ཡང་སྦི་རག་གི་རླབས་རྒྱུན་ཁྲོད་ནས་བརླག་འགྲོ་བ་ཁྱེད་ཚོས་ཚོར་ཨེ་མྱོང་།
 
   གལ་ཏེ།  ནམ་མཁའ་དང་ནམ་མཁའི་སྐར་ཚོགས།   གྲོང་ཁྱེར་འདིའི་རྒྱུ་ནོར་ཡོད་ཚད་ནས་ཡོད་ཚད་ང་ལ་དབང་བར་གྱུར་ན་ཡང་།   བདག་གི་དེ་ལས་ལྷག་པའི་ཧམ་སེམས་ཤིག་བཅངས་བར་འདོད།  དེ་ནི། འཇིག་རྟེན་དེའི་རྒྱུ་ནོར་མཐའ་དག་ང་ལ་དབང་འདོད་པ་དེ་ཡིན།  དེ་དག་བྱུང་སོང་ན།  ངས་གྲོང་ཁྱེར་འདིའི་སྐྱུར་རྩི་ར་བའི་ཁང་ཁྱིམ་དེ་ཚོ་དག་གཙང་ཡང་ཡང་ཞིག་བྱེད་པར་འདོད།

                   རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease