ཞེ་ལ་ཐོགས་པའི་ཕ་ཡུལ་གྱི་དེ་དག

    རྩོམ་པ་པོ། ལྗགས།


ཞེ་ལ་ཐོགས་པའི་ཕ་ཡུལ་གྱི་དེ་དག


                     ལྗགས་ཀྱིས་བྲིས། 



         ངའང་ཁྱོད་དང་འདྲ་བར་རང་གི་ནང་ཚགས་དང་ཕ་ཡུལ་བཅས་ལ་དུང་བ་བླ་ལྷག་ཅིག་ཡོད། ལོ་འདི་དག་གི་རིང་ལ་ང་ཕྱིར་ཕ་ཡུལ་དུ་ལོ་གཅིག་གཉིས་རེའི་ནང་དུ་ཐེངས་རེ་གཉིས་ཙམ་ལ་མ་གཏོགས་ལོག་ཐུབ་མེད་ཀྱང་། ང་ལ་མཚོན་ན་ཕ་ཡུལ་དུ་ལྷག་པ་དེ་དག་ནི་ཡུལ་གཞན་ཞིག་ན་མེད་པ་དང་། ཡུལ་གང་ཞིག་གིས་ཀྱང་ངེད་ཀྱི་ཕ་ཡུལ་ལ་མི་དོ་སྙམ་པའི་འདུ་ཤེས་དེ་རྡོ་གོར་མོ་ནང་བཞིན་འགྱུར་བ་ཞིག་རྩ་བ་ཉིད་ནས་ཐེབས་མྱོང་མེད། ཕ་ཡུལ་ན་ཡོད་དུས་ཀྱི་སོས་དལ་བག་ཕེབས་ཀྱི་བདེ་སྐྱིད་ནི། དབྱར་དྲུག་པའི་གཙང་བོ་ཇི་བཞིན་ཉིན་མཚན་དབྱེར་མེད་དུ། དགུན་བཅུ་བའི་ནང་གི་རླུང་བུ་ཇི་བཞིན་ས་ཕྱོགས་ངེས་མེད་དུ། འདི་ནས་དེ་ལ་བྲེལ་བྲེལ་འཚུབ་འཚུབ་ངང་། དེ་ནས་གཞན་དུ་བྲེལ་བྲེལ་འཚུབ་འཚུབ་ངང་བྱེད་དགོས་པ་ཞིག་མ་རེད་སྙམ་གྱིན་ཡོད། 

         ༢༠༡༠ལོའི་དབྱར་ཁ་ནས་ང་རང་གཞི་ནས་ཕ་ཡུལ་དང་གྱེས་འགོ་བརྩམས་པ་ཡིན། ད་ལྟའི་བར་དུ་ངས་ཐག་རིང་ནས་ཡི་ཕྱ་དུང་ངེར་རང་གི་ཨ་ཕྱི་དང་ནང་ཚགས་ལྷན་རྒྱས་རྟག་པར་དྲན་བཞིན་ཉིན་མཚན་བསྐྱལ་བ་ཡིན། སྔོན་ཆད་ང་རང་ཕ་ཡུལ་དང་བྲལ་ནས་ཕྱི་རུ་སྡོད་དུས་རྒྱུན་པར་ཅི་ཞིག་བོར་སོང་ལྟ་བུའི་བློ་ཕམ་ཞིག་འདུག་པ་ནི། ཨ་མས་ཨུ་ཚུགས་མཁྲེགས་པོ་རྒྱབ་སྟེ་གཉེན་འཐོར་བྱས་པའི་དོན་དག་དེ་རེད། དེ་ལས་དོན་དག་གཞན་ཞིག་ལ་སེམས་ཤོར་ས་ཀྱང་མི་འདུག་ལ་ཤོར་དོན་ཡང་ཆེར་ཞིག་མེད་པ་འདྲ། གང་ལྟར་མི་ལོ་གསུམ་ཙམ་གྱི་རིང་ལ་ཕ་མ་གཉིས་ཀྱི་གཉེན་འཐོར་ཀྱི་སྐོར་ལ་སེམས་ཁུར་དང་འདང་རྒྱག་བྱས་ནས་བསྡད་པ་ཡིན། རིམ་གྱིས་དུས་ཚོད་འགྱངས། དོན་དག་ཐམས་ཅད་ལ་འགྱུར་བ་ཐེབས། ངས་ཀྱང་སྡུག་ལ་རྙིང་རྒྱུ་ཡོད་ཅེས་པ་འདང་ཕོག་སོང་བ་ནང་བཞིན། ཨ་མ་ལགས་ཀྱི་རྒྱུད་ན་ཡོད་པའི་ཨུ་ཚུགས་མཁྲེགས་པོ་དེས་བྱས་པའི་དོན་དག་དེ་རྨང་ནས་བརྗེད་ཐུབ་བྱུང་སོང་ཞེས་བཤད་ཚེ་བདེན་པར་འཛིན་མཁན་དཀོན་པ་དང་། ཁྱོད་ཀྱིས་ང་ནི་མི་ཆོ་མེད་ཅིག་དང་སེམས་པ་རྡོ་ལྟར་སྲ་བའི་མི་ཞིག་དུ་ངོས་འཛིན་ངེས་ཡིན། དངོས་ནས་དྲང་ནས། ང་ཡི་ཨ་ཕྱི་ལགས་ཀྱིས་ངའི་ཆེད་དུ་མང་པོ་ཞིག་བློས་བཏང་ཞིང་མང་པོ་ཞིག་དང་དུ་བླངས་པའི་ལོ་ངོ་འདི་དག་གི་རིང་ལ། ངས་དངོས་ནས་ཕ་མ་གཉིས་ཀྱི་གཉེན་འཐོར་སྐོར་གྱི་དོན་དག་དེ་དག་བརྗེད་སོང་བ་འདྲ།  ཡིན་ན་ཡང་། དྲང་མོར་བཤད་ན་ཕ་མ་གཉིས་ཀྱི་གཉེན་འཐོར་བྱས་རྗེས་ངའི་སེམས་པ་ཡང་སྙི་མོ་ཞ་ཉེ་ལྟ་བུ་ཞིག་ཏུ་གྱུར་སོང་བ་དང་། དོན་མེད་པར་གཞན་ལ་སེམས་ཚགས་བྱེད་མཁན་ཞིག་དུའང་གྱུར་བྱུང་། འདི་ལས་འདང་གཞན་ཞིག་རྒྱབ་ན་དོན་གྱིས་ངའི་སེམས་པ་ནི་རྨས་ཤུལ་མང་བའི་ཡུ་མོ་ཁེར་རྐྱང་ཞིག་དང་འདྲ་བོ་འདུག 
        
ལོ་ཟླ་བའི་འཁོར་སྐྱོད་ཟེར་བ་རྩྭ་སྐྱ་མེ་རྒྱབ་ནང་བཞིན་མཚམས་མེད་པར་སྡོད་ཐུབ་ཅིག་རྨང་ནས་མི་འདུག  ལོ་འདི་དག་གི་རིང་ལ་ཕ་ཡུལ་གྱི་རྒན་རྒོན་རེ་ཟུང་ཚེ་ཕྱི་མར་གཤེགས་སོང་ཞེས་པའི་གཏམ་ངན་རེ་གོ་དུས། ཕ་ཡུལ་དུ་འགྲོ་དགོས་ཤིང་ཕ་ཡུལ་ན་འཚོ་ཞིང་བཞུགས་པའི་རྒན་རྒོན་དེ་དག་དང་མཉམ་དུ་འདུག་དགོས་རྒྱུན་དུ་བསམ་ཡོང་། ཡིན་ན་ཡང་། མི་ནི་ཞ་ཉེ་ནང་བཞིན་གང་སར་བཀུག་ན་དེ་སར་བཀུག་ཡོང་བ་ཅིག་རེད། དེ་བས་རང་གི་སྒེར་དོན་རེ་འགའི་དབང་གིས་དུས་ཚོད་ཕྱིར་འགྱང་བྱས་ཏེ་ཡུལ་དུ་ལོག་ཐུབ་མ་བྱུང་། ཁ་ཉིན་ཏག་ཏག་ལ་སྡེ་བའི་ནང་གི་ལོ་ལོན་ཞིག་ཞིང་དུ་གཤེགས་སོང་བ་སྐད་འཕྲིན་ལས་གོ་བྱུང་བས་ངས་རང་གི་དོན་དག་བསྐྱུར་ཏེ་ཕ་ཡུལ་དུ་ལོག་པ་ཡིན། ཕྱི་དྲོའི་དུས་ཚོད་དྲུག་ཡས་མས་སུ་སྡེ་འདབས་སུ་ཐོན་ཞིང་སྡེ་འགྲམ་གྱི་ཆུ་སྒོའི་ཁ་རུ་ནོར་ལུག་མང་པོས་ཆུ་འཐུང་ཞིང་། ཨ་ཅག་སྐོར་ཞིག་གིས་མགོ་རས་མདོག་དཀར་པོ་ཅན་རེ་བཀྲུས་ཏེ་འགྱིག་དམ་རེའི་ནང་དུ་ཆུ་ལེན་བཞིན་པ་མཐོང་བྱུང་བས། ང་རང་སེམས་པ་སྐྱོ་སྟེ་དེ་འཕྲལ་རླངས་འཁོར་ལས་བབས་ཏེ་ཕྱྭ་གཡང་འཁོར་ཞིང་དྲོད་ཁོལ་གྱི་བཀང་བའི་གཡང་ས་གྲུ་བཞི་དེའི་སྟེང་དུ་གོམ་པོ་ཡང་མོའི་ངང་སྤོས་པ་ཡིན། ཁྱིམ་ཚང་སོ་སོའི་ཁང་བའི་རྒྱབ་ཏུ་ས་དང་རྡོ་བས་བཟོས་པའི་བསང་ཁྲི་དང་། འབུམ་ཁང་། དེའུ་འབུར་རེ་འགའི་སྟེང་དུ་དར་ཤིང་བཙུགས་ཡོད་པ་གཞན་གྱིས་ཀྱང་མཐོང་ན་ཆོས་དད་ཅན་གྱི་སྡེ་རྒན་ཞིག་ཡིན་པ་ཆ་འཇོག་པའི་སྡེ་རྒན་འདིར་ང་རང་གཞི་ནས་འབྱོར་དུས། ངས་རང་དབང་མེད་པར་རང་གི་ཆུང་དུས་དྲན་བྱུང་། ཚེ་ཕྱི་མར་གཤེགས་ཟིན་པའི་སྡེ་བའི་གཡང་གྱི་རྟེན་ཕུར་ནང་བཞིན་གྱི་རྒན་རྒོན་དེ་དག་གི་ཁ་ངོ་དག་ཡིད་ལ་གསལ་བོར་དྲན་བྱུང་།  ངས་རང་གི་ཅ་ལག་དག་ལག་ཏུ་བཟུང་ཞིང་སྡེ་དཀྱིལ་དུ་འཐེན་པའི་རྐང་ལམ་དེར་ཞུགས་ནས་འགྲོ་དུས། ང་ཡི་ཕ་ལགས་དང་ལོ་མཉམ་གྱི་སྡེ་བའི་རྒད་པོ་རེ་ཟུང་གི་ཞྭའི་མཐའ་ཁར་ཞིང་ཆུང་བའི་རས་དཀར་པོ་ཞིག་གིས་མཐའ་བཀྲུས་ཤིང་མ་ཎི་ཟློ་ཞོར་ང་ལ་འཚམ་འདྲི་གནང་ནས་འགྲོ་དུས། ངས་ཁོ་ཚོའི་རྒྱབ་གཟུགས་ལས་རྙིང་མི་སྲིད་པའི་བརྩེ་བ་རྡོག་རྡོག་ཅིག་དང་སྐྱིད་ན་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་ན་སྡུག་གི་ཁུར་བོ་མཉམ་ཁུར་ཞེས་པ་མཐོང་བྱུང་། 

         ཞག་མ་དེར་ནང་ཚགས་དག་དང་མཉམ་དུ་ནུབ་མཚལ་འཐུང་རྗེས། ང་ཡི་ཕ་ལགས་དང་ངེད་གཉིས་གོ་གཞུག་དུ་ཡུན་རིང་ཞིག་ལ་བསྡད་པ་ཡིན། ཕ་ལགས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་ཁོ་བོའི་ཁོག་ན་སྡུག་ཅིག་ཡོད་པ་ནི་ཁྱོད་སྤུན་གཉིས་པོ་མ་ཤི་གསོན་བྲལ་གྱི་དྭ་ཕྲུག་ཅིག་ཏུ་གྱུར་བྱུང་བ་དེ་རེད་ཅེས་མིག་མཐར་མཆི་མ་འཁྱིལ་ཏེ་བཤད། ངས་ཀྱང་ངག་འདར་འདར་ངང་ཕ་ལགས་ལ་ངེད་སྤུན་གཉིས་པོས་ནམ་རྒྱུན་ཁྱེད་ལ་ལེ་བདའ་དང་། ཁྱེད་ཀྱིས་མ་འབྱོན་ཚུལ་ཞིག་རྩ་བ་ཉིད་ནས་བསམ་མྱོང་མེད་ལ་ཕྱིས་སུ་ཡང་བསམ་མི་སྲིད། ལོ་འདི་དག་གི་རིང་ལ་དངོས་ནས་ཁྱེད་ཀྱིས་དཀའ་ལས་མང་པོ་ཞིག་མྱངས་བྱུང་ཞེས་ཕ་ལགས་ཀྱི་ཞལ་ངོར་བལྟས་ཏེ་དེ་ལྟར་ཞུས་པ་ཡིན། ཧ་ལམ་ནམ་གུང་གི་དུས་ཚོད་གཉིས་པར་ཐོན་འདུག  དེ་བས་ཕ་ལགས་དང་ངེད་གཉིས་ཀྱིས་ཀྱང་རང་སར་ངལ་གསོས་པ་ཡིན། ཕྱི་ཉིན་ང་རང་སྡེ་བའི་ནང་གི་མགོར་སྡུག་ཡོང་ཡོད་པའི་ཁྱིམ་ཚང་རེ་རེར་སོང་ཞིང་། མྱ་ངན་གྱི་ཚབ་ཏུ་སྒོར་བརྒྱ་རེ་འདས་པོའི་དགེ་རྩར་མཆོད་མེ་འཇོག་བྱེད་ཅིག་ཡིན་ཞེས་བཤད་དེ་ཕྱིར་རང་ཁྱིམ་དུ་ལོག་སྐབས། ངའི་སེམས་པའི་མངའ་ཐང་དུ་སྡུག་བསྔལ་གྱི་ཆུ་བོ་བྲུག་སྟེ་ང་རང་སྔར་ལས་སྡུག་བསྔལ་ཞིག་གི་ནང་དུ་བརྫངས་སོང་། ངས་འཕྲུལ་རྟའི་སྣུམ་སྒོ་ལྷོད་ཙམ་བགྱིས་ཏེ་ཚེ་འདི་དང་གྱེས་ནས་ཚེ་ཕྱི་མར་གཤེགས་པའི་རྒན་རྒོན་དེ་དག་དྲན་བཞིན་ཉམ་ཆུང་བའི་རང་ཉིད་ཀྱི་མིག་ཆུ་དབང་མེད་དུ་འཐོར་བཞིན་པ་འཕྲུལ་རྟའི་མེ་ལོང་ལས་མཐོང་བྱུང་།  དྲང་མོར་བཤད་ན་རྒན་རྒོན་དེ་དག་ནི་ད་གཟོད་སྡེ་རྒན་མར་ཁུ་འདྲ་བ་འདིིའི་ཉིང་བཅུད་དང་། སྡེ་རྒན་འདིའི་དར་རྒུད་ཡོད་དོ་ཅོག་ལ་ཐུགས་ཉམས་བཞེས་ཏེ་སྐྱིད་ན་སྐྱིད་ཀྱི་གླུ་ཆུང་ལེན་མཁན་དང་། སྡུག་ན་སྡུག་གི་མིག་ཆུ་ཕུད་མཁན་ཁོ་ན་རེད། བུས་པ་ཞིག་ནང་བཞིན་གྱི་ང་ལྟ་བུའི་ཀ་ངོ་ཡིག་ངོ་ཆོད་མཁན་གྱི་ལོ་ཆུང་སྐོར་ཞིག་ནི་ཁོ་ཚོ་དང་བསྡུར་ན་དངོས་ནས་ཅི་ཡང་མ་རེད། ཁོ་ཚོའི་རྒྱུད་ཀྱི་རང་ཚུགས་དང་ཞིབ་ཅིང་ཕྲ་བའི་རང་བཞིན་གྱི་མཛངས་སྤྱོད་དེ་དག་བསམ་ན་དངོས་ནས་ཅི་ཡང་མ་རེད། སྤྱིར་འཆི་བར་ལེ་བདའ་བྱས་ཏེ་འདས་པོའི་རྗེས་སུ་མིག་ཆུ་གཏོར་བ་ནི་འོས་སུ་ཆེ་བ་ཅིག་མིན་རུང་། ངས་ཁོ་ཚོ་ན་ཆུང་དུས་ཀྱི་བློ་སྤོབས་དང་ཞིབ་ཅིང་ཕྲ་བའི་མཛངས་སྤྱོད་དེ་དག་དྲན་ཏེ་འཆི་བར་ལེ་བདའ་ཤོར། མིག་ཆུའི་ཕྲེང་ཐག་ཐོར། 
        
ཉིན་འདི་དག་གི་རིང་ལ་ངས་ཕ་ཡུལ་ནས་ཟས་གང་བཟང་ལོངས་སུ་སྤྱད། ཁ་ངོ་རབ་རིབ་ཅིག་མ་གཏོགས་ངོ་མི་ཤེས་པའི་སྡེ་བའི་མནའ་མ་དང་མག་པ་རེ་ཟུང་། ལོ་ཆུང་བྱིས་པ་སོགས་ཀྱི་ཚུན་ཆད་ནས་ད་དུང་འཚོ་ཞིང་བཞུགས་པའི་སྡེ་བའི་རྒན་རྒོན་ཚོར་འཚམ་འདྲི་ཞུས་ཏེ་ཁོ་ཚོ་དང་མཉམ་དུ་མ་ཎི་ཁང་གིའཁོར་ལོ་བསྐོར། ད་དུང་ཕུ་བོ་རྡོ་རྗེ་ལགས་དང་གཅེན་པོ་ཚེ་རིང་བཅས་ལྷན་དུ་རུ་དབྱར་སའི་མཚེར་ཤུལ་ལ་ལྟ་རུ་སོང་། དབྱར་སར་འབྱོར་རྗེས་གང་སར་ལྕགས་ར་གྲུ་བཞི་མ་རེ་བསྐོར་ཡོད་པ་མཐོང་ནས། གློ་བུར་དུ་སྔོན་ཆད་རི་བྲག་གི་གཟེངས་མཐོ་ཞིང་ཆུ་དྭངས་མོའི་བཞུར་སྒྲ་སྙན་པའི་ཡུལ་འདི་རུ། ཤྭ་བ་ཁྱུ་ཁྱུ་བྱས་ཏེ་གཤར་ནས་འགྲོ་བ་མཐོང་ཐུབ་པའི་གོས་ཆེན་གདན་དུ་བཏང་འདྲའི་དབྱར་སའི་རྩྭ་ས་ནི་སྒེར་བར་བགོས་ཟེར་བ་ཅིག་མེད་པར་སྡེ་བ་སྤྱི་རྒྱ་གཞུང་གིས་ལོངས་སུ་སྤྱད་ཆོག་པའི་ལོ་ཟླ་ཞིག་དྲན་བཞིན་དེ་ལ་ཡིད་སྨོན་སྐྱེ་ཞོར་ཁུ་སིམ་མེར་གྱུར། ལྕགས་སྐུད་ཀྱིས་བཙེམས་པ་ནང་བཞིན་གྱི་གཡང་ས་གྲུ་བཞི་འདིའི་ཕྱོགས་བཞིར་བལྟས་ཏེ་སེམས་པ་སྐྱོ་ནས།  ཕྱིར་ཕ་ཡུལ་དུ་ལོག་པ་ཞེས་པའི་སྙན་རྩོམ་ཞིག་དེ་མར་བྲིས་ཏེ་ཁ་པར་ནང་དུ་ཉར། ཁ་དང་ཁོག་པ་འགལ་བའི་སྐད་ཆ་བཤད་མཁན་སྐོར་ཞིག་དང་། ཕ་ཡུལ་ནི་རང་ཚུགས་མི་ཟིན་པར་མདོག་འགྱུར་སླ་བའི་རྫས་འགྱུར་ཞིག་ལ་ངོས་འཛིན་མཁན་གྱི་ན་གཞོན་སྐོར་ཞིག་ཡུལ་དུ་འབྱོར་རྗེས་ཕ་ཡུལ་བརྙན་ནང་དུ་བླངས་ཏེ་གཅེས་པའི་ཕ་ཡུལ་ཞེས་སྐད་འཕྲིན་སོགས་སུ་སྤེལ་བཞིན་པ་ཡིད་ལ་དྲན་གྱིན། ང་རང་ལྕགས་སྡོང་ཞིག་ལ་ཁེན་ཏེ་ངས་ནམ་ཡིན་རུང་། ང་ཅི་ལྟ་བུ་ཞིག་ཏུ་འགྱུར་ཡང་གཡང་ས་གྲུ་བཞི་འདི་ལ་ལྐོག་ནས་རྒྱབ་འགལ་བྱས་ཏེ་ང་ཡང་ཁ་དང་ཁོག་པ་གཉིས་འགལ་བའི་ཁོ་ཚོ་ནང་བཞིན་གྱི་མི་ཞིག་བྱས་མི་ཆོག་ཅེས་རང་ཉིད་ལ་ནན་སྐུལ་ཡང་ཡང་བྱས་རྗེས། ཕྱི་མིག་འཕེན་གྱིན་འཕེན་གྱིན་དབྱར་སའི་ལུང་རྒན་མདོ་དང་གྱེས་ཏེ་ཕྱིར་དགུན་སར་ལོག

        དེ་ནས་སླར་ཡང་ང་རང་ཡུལ་དང་གྱེས་འགོ་བརྩམས་པའི་ཞོགས་པ་དེར། ཕ་ལགས་དང་ཕུ་བོ་རྡོ་རྗེ། གཅེན་པོ་གསུམ་དང་ལྷན་དུ་དབྱར་ས་རུ་སོང་སྟེ་ལྷ་ཤུག་མང་དུ་བཏུས་ནས་སྐྱེས་རི་རྫ་རྒན་གྱི་མགོ་ནས་ལྷ་བསང་བཏང་། དར་ལྕོགས་འཐེན། སྐྱབས་འཇུག་ཞུས། ཕྱིར་ལོག་པའི་ལམ་ཁ་ཀུན་ཏུ་ཕ་ལགས་ཀྱིས་ང་རང་སོང་རྗེས་ཕྱིར་ཕ་ཡུལ་ལ་ཞེ་ཐོགས་མི་དགོས་ཚུལ་གྱི་ཁ་ཏ་མང་དུ་གནང་།  ཏག་ཏག་ཕ་ཡུལ་དང་ཁ་མ་བྲལ་བའི་ཞག་མ་དེར་རང་གི་སྡུག་བསྔལ་གྱི་ནང་རྫོང་བུ་ཕྲུག་སུ་ལ་ཡང་མི་སྟོན་པའི་ཨ་ཕྱི་ལགས་ཀྱིས་གོ་རེ་ཐལ་བསྲེགས་ཀྱི་ནང་དུ་མར་བཞག་སྟེ་ང་ལ་ཟ་རུ་བཅུག  ལུག་ཤ་བཙོས་ཤིང་འཐེན་ཐུག་བསྐོལ། ཞག་མ་དེར་ནང་ཚགས་ལྷན་རྒྱས་ཀྱིས་དགའ་དགའ་སྐྱིད་སྐྱིད་ངང་ནུབ་མཚལ་འཐུངས་རྗེས་ཀྱང་། གོ་གཞུག་དུ་བསྡད་དེ་ཞེ་ལྷོད་ལ་བབས་ཏེ་ཁ་བརྡ་བྱས། ངས་ཚེ་འདི་དང་འདིའི་ཕག་ན་ཕྱི་མ་ཞེས་མནའ་བསྐྱལ་ཏེ་རང་གི་ནང་ཚགས་ཚོར་དོན་དག་མང་པོ་ཞིག་ཁས་ལེན་བྱས། ཕྱི་ཉིན་ངས་རང་གི་རྒྱབ་ཁུག་ཁུར་ཞིང་། ཨ་ཕྱི་ལགས་ཀྱིས་ང་ལ་གྲ་སྒྲིག་བྱས་པའི་ལུག་ཤ་དང་ལུག་གི་ནང་ཁྲོལ། མར་རྩམ་བཅས་ཕྱེ་ཁུག་ཅིག་ནང་དུ་བསྡུ་གསོག་བྱས་ཡོད་པ་དེ་ལག་ཏུ་བཟུང་ནས་གཅེན་པོའི་འཕྲུལ་རྟའི་འཕོངས་ལ་ཞོན་ཏེ་གྲོང་བརྡལ་དུ་སོང་པ་ཡིན། འཕྲུལ་རྟའི་མེ་ལོང་ལས་ནང་ཚགས་ཚོས་ངའི་རྗེས་སུ་ལག་པ་གཡུག་གྱིན་པ་མི་གསལ་བར་གྱུར་ཏེ་འཕྲུལ་རྟའི་རྗེས་སུ་ས་རྡུལ་འཁོར་བཞིན་པའི་བར་གླགས་དེར། ང་རང་ཡུལ་སྡེ་འདི་དང་གྱེས་མི་འདོད་པར་ཡུལ་སྡེ་འདི་རུ་འཐིབ་ཀྱིན་པའི་ས་རྡུལ་ཅིག་ཏུ་འགྱུར་ན་བསམ་བྱུང་། ཡུལ་འདི་ནས་རྒས་ཤིང་སྒུར་བའི་རྒན་རྒོན་དེ་དག་དང་། ས་འདི་ནས་ཚེ་ཕྱི་མར་གཤེགས་པའི་འདས་པོ་ཁོང་ཚོ་དང་འདྲ་བར་ངས་ཀྱང་ས་འདི་རུ་རང་གི་ཚེ་ཡི་ཉི་མ་ཟད་དུ་འཇོག་ན་འདོད་བྱུང་།                                              ༢༠༢༡ . ༡ . ༡༢ ཉིན། 
         
རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease