ང་དང་ངའི་སྤོ་བོ་ལགས།

    རྩོམ་པ་པོ། ཆང་གཞོན་ནུ།


ང་དང་ངའི་སྤོ་བོ་ལགས། 
 
                         ཆང་གཞོན་ནུ། མཚོ་ལྷོ།
 
         དུས་ཚོད་ནི་འཇིགས་སུ་རུང་བའི་གཤེད་མ་ཞིག་ཡིན་པ་གདོན་མི་ཟ་སྟེ། ཁོས་ང་ཚོ་མི་སུ་དང་སུ་ཡིན་རུང་མཐུ་རྩལ་རབ་ཏུ་ཆེ་བའི་ཁོའི་ལག་མཐིལ་ནས་གཏན་ནས་གཏན་དུ་ཐར་དུ་མི་འཇུག་སྟེ།དེ་ལ་དབུལ་ཕྱུག་དང་བཙན་གཉོམ་མེད་པར། གྲལ་རིམ་དང་རིགས་རུས་ཀྱི་དབྱེ་བ་མེད་པར་ང་ཚོ་ལ་བསྐལ་བ་མ་སྟོང་བར་དུ་དབང་བསྒྱུར་བྱ་ངེས།དུས་ཚོད་ཀྱི་མདུན་དུ།ང་ཚོ་ནི་རླུང་ཁའི་མར་མེ་དང་མཚོ་འཇིངས་ཀྱི་གྲུ་ཆུང་ཇི་བཞིན་ཉམ་ཆུང་ཞིང་ཉག་ཕྲ། དུས་ཚོད་ཀྱིས་ད་ལྟའི་བར་དུ་མི་གང་མང་ཞིག་གི་ན་ཆུང་གི་བྱིས་བློ་དང་ལང་ཚོའི་གཟི་དཔལ་འཕྲོག་ནས་རྒ་བ་དང་འཆི་བའི་མི་སྡུག་པའི་གཡང་རོང་དུ་འཕངས་ཡོད་ཨང་། དབང་ཤེད་དང་བཙན་དྲག་གིས་མི་ཐུབ་པའི། རྒྱུ་འབྱོར་དང་ངོ་སོ་ཡིས་མི་ཁུགས་པའི། ཞུ་ཕྱག་དང་གསོལ་འདེབས་ཀྱིས་མི་ཕན་པའི་འཇིགས་རུང་གི་གཤེད་མ་ལགས།སུ་དང་གང་ཞིག་ཡིན་ཡང་དུས་ཀྱི་རལ་གྲིའི་སོ་ཁ་ལས་ཐར་ཐབས་མེད་པ་ཆོས་ཉིད་དུ་གྲུབ་པས་ན།ལོ་ན་བརྒྱད་ཅུར་སོན་པའི་ང་ཡི་སྤོ་བོ་ལགས་ཀྱང་ཆོས་ཉིད་དེ་ལས་འགོངས་ཐུབ་པ་ཞིག་ག་ལ་ཡིན། རེད་ཡ། དུས་ཀྱི་ཤན་པ་དམར་པོས་ང་ཡི་སྤོ་བོ་ལགས་ཀྱི་གཞོན་དུས་ཀྱི་སྣང་བ་དང་ལང་ཚོ་ཡི་བཀྲག་མདངས། སྤོབས་པའི་དཔའ་གདེང་དང་དཔའ་བའི་ཀི་རྒྱངས་མ་ལུས་ད་ལྟ་རྨེག་མེད་དུ་བཏང་ཟིན་ན་ཡང་། སྤོ་བོ་ཁོང་གི་ལོ་ཟླའི་བརྩེགས་རིམ་ལྟ་བུའི་གཉེར་མ་ཡིས་ཡོངས་སུ་ཁེངས་པའི་ངོ་གདོང་ལས་མངོན་པའི་བྱམས་པའི་འཛུམ་ཆུང་དང་གཅེས་སེམས་ཀྱི་ཉམས་འགྱུར་ལ་འགྱུར་བ་ཕྲན་བུ་ཙམ་ཡང་ཐེབས་མེད། ད་ནི་ཁོང་གི་སྔོན་ཆད་འོད་ཀྲིག་ཀྲིག་བྱེད་པའི་གནག་སྣུམ་གྱི་སྐྲ་ལོ་ཡང་དུས་ཀྱི་གཤིན་རྗེའི་ཁ་ཟས་སུ་གྱུར་ནས་དུང་དང་ཁ་བ་ལྟ་བུའི་དཀར་བོར་གྱུར་ཡོད་ནའང་སྔོན་གྱི་བུ་ཕྲུག་ལ་གཅེས་སྐྱོང་མཛད་པའི་ལྷད་མེད་དྭགས་གཙང་གི་སེམས་པ་ནི་སྔར་བཞིན་ཁོང་གི་མགོ་བོའི་དབུ་སྐྲ་ལྟར་དཀར་པོ་དཀར་པོ་དཀར་རྐྱང་ཡིན་ཨང་། 

       ང་ནི་ཆུང་དུས་ནས་སྤོ་བོ་ལགས་ཀྱིས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་ནས་ནར་སོན་པ་ཞིག་ཡིན་ལ། རང་གི་ཕ་མ་ལས་ཀྱང་སྤོ་བོ་ལགས་ལ་འདང་ཧ་ཅང་ཆེ། ཨ་ཕ་དང་ཨ་མས་བཤད་ན་ངེད་ཚང་གི་ཕུ་བོ་དང་ང་། ད་དུང་ངའི་ནུ་མོ་གཉིས་བཅས་ཚང་མ་ཆུང་དུས་སུ་སྤོ་བོ་དང་རྨོ་མོས་གཉོར་ནས་ལག་ཆགས་པ་རེད་ཟེར། རྗེས་སུ་ལོ་ན་བརྒྱད་ལ་སོན་པའི་ང་རང་སྡེ་བའི་སློབ་གྲྭར་འགྲོ་བའི་ཚེ་ནའང་སྤོ་བོ་ལགས་ཀྱིས་དངོས་སུ་བསྐྱལ་ནས་འགྲོ་དགོས་ཡོད། དབྱར་ཁར་ཕ་མ་གཉིས་དབྱར་སར་རུ་འགེལ་དགོས་པས་དགུན་ས་ནས་སྤོ་བོ་དང་རྨོ་མོ་ངེད་ཚོ་འདུག་དགོས། དེ་ནི་ཤིན་ཏུ་སྐྱིད་པའི་དུས་ཤིག་ཡིན་པ་ད་དུང་ངའི་དྲན་པའི་མེ་ལོང་གི་ངོས་སུ་གསལ་ལེར་ཡོད། སློབ་གྲྭར་གནང་བ་བཏང་རྗེས་ང་རང་རྩྭ་ཐང་དུ་ཤ་མོ་བཏུ་བར་སོང་ནས་ཤ་མོ་འགྱིག་ཁུག་གང་ཙམ་ཁྱེར་ནས་ཡུལ་དུ་ཡོང་ན་སྤོ་བོ་ལགས་ཀྱིས་དགའ་བའི་འཛུམ་དང་བྱམས་པའི་ཕྱག་གིས་བྱིལ་བྱིལ་བཏང་ནས་ང་ལ་བསྟོད་བསྔགསས་ཚད་མེད་གནང་ངེས། ང་རང་སློབ་གྲྭ་ནས་ཕྱིར་ལོག་ཐེངས་རེར་སྤོ་བོས་ང་ལ་ཀ་རའམ་སིལ་ཏོག་ཅི་རིགས་ཤིག་གཞན་ལ་མ་བྱིན་པར་ལྐོག་ཏུ་བསྡུས་ཡོད་པར་ཐེ་ཚོམ་མི་དགོས་ཏེ།ང་རང་རང་ཡུལ་དུ་ཐོན་མ་ཐག་གཞན་གྱིས་ཁོ་ལ་བྱིན་པའི་དངོས་པོ་དགའ་ཅི་ཞིག་ཡོད་ཀྱང་ཁོས་ང་ལ་སྟེར་ངེས།སྐབས་དེར་ང་ཡང་ཁོང་གིས་བྱིན་པའི་ཀ་ར་དེ་དག་བཟའ་རྒྱུར་ཧ་ཅང་དགའ་ལ་སྤོ་བོ་དང་ལྷན་དུ་ཇ་འཐུང་ནས་ཁ་བརྡ་གློད་རྒྱུར་ཤིན་ཏུ་དགའ། སྤོ་བོ་ལགས་ཀྱིས་ང་ལ་དུས་རྒྱུན་གླིང་སྒྲུང་དང་གནའ་གཏམ། རིག་གསར་དང་ང་བརྒྱད་སྐོར་གྱི་ཁ་བརྡ་མང་བོ་ཞིག་བཤད་མྱོང་མོད། སྐབས་དེར་ང་ལ་མཚར་སྣང་ཙམ་སྦྱིན་པ་ལས་དོན་དག་དེ་དག་གི་ཧ་ཅི་ཡང་གོ་ཡི་མེད་པ་རེད།ད་ལྟ་ཕྱིར་འདང་བརྒྱབ་ན་སྤོ་བོ་ལགས་ནི་དུས་འགྱུར་གྱི་རླུང་འཚུབ་དྲག་པོའི་ཁྲོད་དུའང་གཅེས་པའི་སྲོག་གི་ཉེན་ཁ་ལ་ཐུག་ཀྱང་དད་འདུན་དང་རིགས་རུས་ཀྱི་ཞེན་པ་མ་བོར་བར་བཙོན་ཁང་དུ་མི་ལོ་གསུམ་གྱི་དཀའ་སྡུག་གི་འཚོ་བ་སྤྱད་དེ་ཡོང་བ་ཞིག་ཡིན་པས། ད་ལྟའི་ང་ལྟ་བུའི་མི་རབས་འདིའི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་དང་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ཅི་ལ་མིན་ཨང་།       

       ང་རང་ལོ་ན་བཅུ་གཉིས་ལ་སོན་སྐབས་སྤོ་བོ་ལགས་ལ“སྤོ་བོ་ལགས། ཁྱེད་རང་ལོ་བརྒྱད་ཅུ་ཡིན་དུས་ང་ལོ་ཉི་ཤུ་རེད། དེ་དུས་ངས་ཁྱེད་ལ་བདག་སྐྱོང་བྱེད”ཅེས་བཤད་མྱོང་བ་དྲན་གྱིན་འདུག ཡིན་ན་འང་ངས་དེ་དུས་བཤད་པའི་གཏམ་དེ་ནི་ད་ལྟ་ཆུ་ཁའི་ལྦུ་བ་ལྟར་གྱུར་ཡོད་དེ། ད་ལྟ་ང་རང་ལོ་ན་ཉི་ཤུར་སོན་ཡོད་ན་འང་སྤོ་བོ་ལགས་ལ་བདག་སྐྱོང་བྱ་རྒྱུ་ནི་ཕར་ཞོག  ཐ་ན་ཁོམ་ལོང་བཙལ་ནས་ཁོང་དང་མཉམ་དུ་ཇ་འཐུང་ཞོར་ཁ་བརྡ་ལྷོད་པོ་ཞིག་ཀྱང་བྱེད་མ་ཐུབ་པ་འམ་བྱེད་རྒྱུའི་འདུན་པ་འང་དེ་ཙམ་མི་གདའ།  དེ་ནི་ང་རང་སློབ་གྲྭ་ཞེས་པའི་སྒོ་ཐེམ་དེ་རིགས་རབས་དང་རིམ་པ་བྱས་ནས་འགྲིམས་ནས་སོང་རྗེས་ཕ་ཡུལ་དང་ཁ་ཐག་རིང་དུ་གྱེས་ཤིང་།ཡུལ་མི་དང་སེམས་ཐག་རིང་དུ་འགྲོ་བཞིན་མེད་པའི་ངེས་པ་ཡང་མ་མཆིས་ཏེ། ང་ཁོ་ཚོར་ཁ་བརྡ་གློད་འདོད་ཀྱི་སེམས་པ་མེད་པ་འམ་ང་ཚོའི་བར་དུ་གཅིག་གྱུར་གྱི་ཁ་བརྡ་ཞིག་མེད་པ་འང་འདྲ། དེ་ནི་ད་ལྟའི་སློབ་གྲྭ་བ་ཡོངས་ལ་ཁྱབ་པའི་འགོས་ནད་རིགས་ཤིག་ཡིན་པ་འདྲ། གང་ལྟར་ང་ཚོ་དང་མི་རབས་གོང་མ་གོང་མའི་བར་ལ་ད་ནི་བསམ་བློའི་འབྲེལ་ཟམ་དང་ཁ་བརྡའི་གླེང་གཞི་མེད་པ་ཆགས་སོང་། ད་ལྟ་སློབ་གྲྭར་འགྲོ་ཁར་སྤོ་བོ་ལགས་ཀྱིས་གནང་བའི་ལེགས་སྐྱེས་ཁ་ཤས་ཤིག་ནི་ངས་ང་ལ་མཁོ་མེད་ཅིག་དང་བེད་མེད་ཅིག་ཏུ་བསམ་བཞིན་ཡོད་ནའང་ངས་དངོས་པོ་དེ་རིགས་མ་ཁྱེར་ན་སྤོ་བོ་ལགས་ཀྱི་སེམས་ཁ་བདེ་ཐབས་མེད་པ་འདྲ་བས་ང་ལ་དགོས་མཁོ་མེད་ཀྱང་ཁྱེར་ནས་མི་ཡོང་ཀ་མེད་རེད། དེ་ནི་ངས་ཁོང་གི་སེམས་ཁ་དཀྲུགས་མ་འདོད་པས་ཡིན་ལ། ཡང་ཅིག་བཤད་ན་ངས་ཁོང་ལ་སྒྲུབ་ཐུབ་པ་ནི་འདི་ཁོ་ན་ཡིན་པའང་འདྲ། 

        ངའི་སྤོ་བོ་ལགས་ད་ལོར་དགུང་ལོ་བརྒྱད་ཅུར་བུད་པ་ཡིན་ལ་གྱ་སྟོན་ཡང་གཟབ་རྒྱས་ཤིག་བྱས་མོད། ཡིད་སྐྱོ་བ་ཞིག་ལ་ང་ལ་ཁོང་གི་གྱ་སྟོན་ལ་ཞུགས་རྒྱུའི་བསོད་ནམས་དེ་མེད་པ་འདྲ། སྤོ་བོ་ལགས་ཀྱི་གྱ་སྟོན་མ་བྱས་པའི་སྔོན་གྱི་གནམ་གང་ཉིན་མོར་ངའི་ཁོག་པ་ན་ནས་མཚམས་མ་བཞག ཉིན་དེར་སྤོ་བོ་ལགས་ཀྱི་སེམས་པ་མ་བདེ་བར་ང་ལ་ཁོག་སྨན་བཟང་ཤོས་ཤིག་བྱིན་ནས་ཁོག་པ་ཨེ་འཇོག་ལྟོས།མ་བཞག་ན་མྱུར་དུ་སྨན་ཁང་ལ་འགྲོ་དགོས་ལུགས་ཀྱི་ཁ་ཏ་ནན་མོ་བྱས། ཁོག་པའི་ན་ཟུག་ཅུང་ཙམ་ཡང་མ་བཞག་པས་སྨན་ཁང་དུ་སོང་བ་ཡིན། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་རྒྱུ་ལྷག་ཡིན་པ་ངོས་ཟིན།འོན་ཀྱང་གནས་ཚུལ་དེ་སྤོ་བོ་ལགས་ལ་མ་བཤད།དེའི་རྒྱུ་མཚན་ནི་སྤོ་བོ་ལགས་ངའི་ཕུ་ནུ་མིང་སྲིང་ཚོའི་ཁྲོད་ནས་ཀྱང་ང་ལ་ལྷག་པར་གཅེས་ཤིང་བརྩེ་བས་གནས་ཚུལ་ཇི་བཞིན་བཤད་ན་ཁོང་གིས་སེམས་ཚེགས་བྱས་ཏེ་གྱ་སྟོན་ཡང་ཡག་པོ་ཞིག་རོལ་མི་ཐུབ་པ་གདོན་མི་ཟ་བས་ངས་སྤོ་བོ་ལགས་ལ་སྤྱིར་བཏང་གི་ཆམ་ནད་ཅིག་ཡིན་པས་ཉིན་འགར་སྨན་ཁང་དུ་ཁབ་རྒྱག་དགོས་པ་ལས་སྐྱོན་མི་འདུག་ཅེས་བཤད་པ་ཡིན། སྨན་ཁང་དུ་འགྲོ་ལུགས་སྣ་ཚོགས་ཤིག་བསྒྲུབས་རྗེས་གནམ་གང་གི་དགོང་མོར་ང་ལ་གཤག་བཅོས་བྱས། བཟི་སྨན་བརྒྱབ་སྟེ་གཤག་བཅོས་བྱས་ནས་གཉིད་ལས་སད་རྗེས་ནད་ཁྲི་རུ་བཞག་འདུག ཕ་ལགས་ཀྱིས་ངའི་འགྲམ་དུ་ང་ལ་ལྟ་བཞིན་འདུག ང་སད་པ་མཐོང་ནས་དགའ་སྤྲོས་ཁེངས་ཏེ་ལུས་པོ་བདེ་མིན་སོགས་དྲིས་ཤིང་སྨན་པས་བཤད་ན་ད་ནི་སླར་ཡང་གཉིད་མི་ཆོག་ཟེར་ཞེས་བཤད་པས་ནམ་ལངས་རག་བར་དུ་ཁབ་བརྒྱབ་ནས་འདུག་དགོས་བྱུང་། མཚན་མོའི་ཆུ་ཚོད་བཅུ་གཉིས་པར་ཉེ་འཁོར་གྱི་མི་དག་གིས་ཤོག་སྦག་བཀད་ནས་ལོ་གསར་ལ་རོལ་བཞིན་འདུག ང་ལ་རྒྱུ་ལྷག་བྱུང་བ་ཅུང་གློ་བུར་ཡིན་པས་ཡུལ་མི་ཚོས་མ་ཤེས་པར་ཕ་ལགས་ཡུལ་དུ་ཡོད་འདོད་ནས་ཁ་པར་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་ཏེ་ངེད་ཚང་ལ་ཇི་ལྟར་ཡོང་དགོས་པའི་སྐོར་འདྲི་བཞིན་འདུག

         སྟབས་མ་ལེགས་པ་ཞིག་ལ་ཡུལ་མི་ཞིག་གིས་ང་ལ་རྒྱུ་ལྷག་བྱུང་ཡོད་པའི་གནས་ཚུལ་སྤོ་བོ་ལགས་ལ་གསང་ཡོད་པ་མ་ཤེས་པར་གསལ་བོར་བཤད་པས་སྤོ་བོ་ལགས་དེ་མ་ཐག་བློ་མ་བདེ་བར་ཕ་ལགས་ལ་ཁ་པར་འབྱོར་ནས་གནས་ཚུལ་གཏིང་འདྲི་བྱས། སྐབས་དེར་ཁོང་ལ་སེམས་འཚབ་དང་ཁོང་ཁྲོ་གཉིས་ཀ་སྐྱེས་ཡོད་པ་གོར་མ་ཆོག་གོ ། སྤྱིར་ཁ་སང་དེ་རིང་རྒྱུ་ལྷག་གཤག་བཅོས་བྱེད་པའི་གནས་ཚུལ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད་ཁོང་ལ་མཚོན་ན་དེ་ཙམ་ཞིག་ག་ལ་ཡིན།ཁོང་གི་ཁ་པར་འབྱོར་དུས་ང་ལ་གཤག་བཅོས་བྱས་པ་ལེགས་འགྲུབ་བྱུང་ཡོད་པའི་གནས་ཚུལ་བཤད་པས་ཁོང་གི་བློ་ཁ་བདེ་ལ་བབས། ཕ་ལགས་དང་ངེད་གཉིས་ཕྱིར་ཡུལ་དུ་ལོག་རྗེས་ང་རང་ཐོག་དང་བོར་སྤོ་བོ་ལགས་ཡོད་སར་སོང་བ་ཡིན། སྨན་ཁང་དུ་ཉིན་བརྒྱད་དགུ་ཞིག་ལ་ལུས་པས་སྤོ་བོ་ལགས་ཀྱིས་ང་མཐོང་མ་ཐག་དགའ་ནས་མིག་ཆུ་འང་འཆོར་ལ་ཉེ་བ་འདྲ། ཁོས་ང་ལ་ལོ་སྐལ་བྱིན་ནས། “ངའི་ཞི་ལི་དྲག་སོང་ན་དེའི་ཡན་གྱི་སྐྱིད་ཅིག་གང་ན་ཡོད། ”ཅེས་ལ་ང་ལ་སྒོ་ཕྱི་ཁྱིམ་བར་ནས་ཀྱང་ལྭ་བ་དྲོན་པོ་གོན་དགོས་པ་དང་ཨ་མ་ལགས་ལ་ང་ལ་ཉིན་འདི་ཚོར་ཆེད་དུ་ཟས་སྣ་ཞིག་བཟོ་དགོས་པའི་སྐོར་ཡང་ཡང་བཤད་ཅིང་།ད་དུང་མཚམས་ལན་རེར་ངའི་ཇ་ཐག་ཅུང་རིང་སོང་བ་ཤེས་ཚེ་ཨ་མ་དང་སྲིང་མོ་གཉིས་ལ་འང་ཅུང་ཟད་སྡིགས་མོ་གནང་ནས་མྱུར་དུ་ཇ་ལྡུད་དགོས་ཚུལ་ལབ།ད་ལྟ་བསམ་བློ་ཞིབ་མོ་རེ་བཏང་ན་ང་དང་ངའི་སྤོ་བོའི་བར་ན་བར་ཐག་རིགས་ཤིག་གིས་ཆོད་ཡོད་པ་འདྲ་ལ། དེ་ནི་སྤོ་བོ་དང་ང་ཙམ་དུ་མ་ཟད། ཁོང་ཚོའི་མི་རབས་དང་ང་ཚོ་མི་རབས་འདིའི་བར་གྱི་བར་ཐག་རིགས་ཤིག་ཡིན་པའང་འདྲ། དེ་ནི་དོན་ངོ་མར་ཅི་ཞིག་ཡིན་ནམ། ངས་སྤོ་བོ་ལགས་ལས་ཁོ་དང་ཁོ་ཚོའི་མི་རབས་དེའི་སྣང་བརྙན་གསལ་ལེར་མཐོང་བྱུང་། ང་ཚོའི་མི་རབས་གོང་མའི་གོང་མ་དེའི་གཟུགས་བརྙན་གསལ་ལེར་མཐོང་བྱུང་། དེ་དག་ནི་གཞོན་དུས་དུས་འགྱུར་དང་ཟིང་འཁྲུག་སྣ་ཚོགས་ཁྲོད་འཚར་ལོངས་བྱུང་ཞིང་། མི་གསོད་རྟ་འགྱེལ་གྱི་བྱ་བ་འང་སྣ་མང་བརྒྱུད་ནས་ཡོང་མོད། ཁོ་ཚོས་ནམ་ཡང་རང་གི་མི་རིགས་དང་དད་མོས་ལ་འགལ་བའི་སྦྱོར་བ་བརྩམས་མ་མྱོང་ཞིང་། ལོ་ན་བགྲེས་པོར་གྱུར་ཏེ་འགྲོ་འདུག་ཀྱང་སྟབས་མི་བདེ་མོད་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ཁ་ཏོན་འདོན་པ་དང་། མཆོད་པ་བཤམས་པ།སྡོམ་པ་དང་སྨྱུང་གནས་སྲུང་བ་སོགས་གཞོན་པ་དག་གིས་ཀྱང་ཤིན་ཏུ་བྱ་དཀའ་བའི་དགེ་ལས་མང་དུ་བྱེད་པ་མིག་མཐོང་ལག་ཟིན་ཡིན། དེ་ནི་ཨ་གསར་ཙམ་མ་ཡིན་པར་ལོ་ནས་ལོ་མཐུད་དེ་རྒྱུན་སྐྱོང་གིན་ཡོད་པས་ཁོང་ཚོ་ལ་དངོས་གནས་ནམ་ཡང་ཞུམ་པ་མེད་པའི་སྙིང་ཞིག་ཡོད་པ་ནི་གོར་མ་ཆག་གོ། སྙིང་སྟོབས་འདི་ལྟ་བུས་ང་ཚོའི་མི་རབས་འདིའི་ཨ་གསར་གྱི་བྱ་བ་སྒྲུབ་སྟངས་དང་ངང་ཐུང་གི་བསམ་བློ། ཡུན་ཐུང་གི་བརྩོན་པ་བཅས་ལ་ཚ་བེར་བེར་གྱི་ཐལ་ལྕག་ཅིག་གཞུས་པ་ཅི་ལ་མིན་ཨང་།ཡང་ན་འདི་ནི་དུས་ཚོད་ཀྱིས་ང་ཚོར་བཏང་བའི་ཉེན་བརྡ་ཟབ་མོ་ཞིག་དང་ང་ཚོའི་བར་གྱི་བར་ཐག་རིགས་ཤིག་ཡིན་པར་གོ་བརྡ་སྤྲད་པ་འང་ཡིན་པ་འདྲ། 
 ༢༠༢༠/༣/༢༠ཉིན་སྤོ་བོ་ཁོང་གི་ཚ་བོ་བོན་རྒྱ་ལྷ་དཀར་རྒྱལ་གྱིས་བྲིས་པའོ། ། 
                                   རྩོམ་སྒྲིག་པ། རྣོ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease