དུས་ཚིག་འགྱུར་ལ་ཉེ།

    རྩོམ་པ་མོ། རྣམ་རྒྱལ་སྒྲོན་མ།


ཕོ་བྲང་དཀར་དམར། 
ཞར་བཀོད་གཅིག

              རྣམ་རྒྱལ་སྒྲོལ་མ།  གཅན་ཚ།

          ཕོ་བྲང་དཀར་དམར། ཁྱོད་ནི་ངས་ལོ་རྒྱུས་ཀྱི་གླེགས་བམ་འབྱེད་པའི་ལྡེ་མིག་ཐོག་མ་ཡིན། ཐེངས་མང་པོར་ཁྱོད་ཀྱི་བརྗིད་ཉམས་དང་མཛེས་པས་ང་ཡི་སེམས་ལ་འཚོལ་སྙེག་གི་ལམ་ཐིག་ཕབ་མྱོང་། ང་ལ་རང་ཉིད་སུ་ཞིག་ཡིན་པའི་གསལ་འདེབས་བྱས་མྱོང་།  ཁྱོད་རང་གནས་པས་ངས་ད་དུང་ཕུགས་བསམ་དང་འདུན་མའི་རྨང་ཇེ་བརྟན་དུ་བཏང་ཆོག་ཅིང་། འགྲུལ་བཞུད་དང་འཚོལ་སྙེག་གི་ལམ་ཐིག་རྒྱང་རིང་དུ་བསྲིང་ཆོག

          ཕོ་བྲང་དཀར་དམར། ཚེ་རབས་དུ་མར་བསྒུགས་རྗེས། ང་རང་ལམ་ཐག་རིང་ཐུང་མང་པོ་བརྒལ་ནས་ཁྱེད་ཀྱི་མདུན་ལ་སླེབས། ངའི་མིག་ལམ་དུ་ཁྱེད་ཀྱི་མཛེས་པ་འཁོར་བྱུང་། ངའི་སེམས་ངོགས་སུ་ཁྱེད་ཀྱི་གཏམ་རྒྱུད་འཁོར་བྱུང་། མི་ཚོགས་ཀྱི་མཚོ་མོ་ང་ཡི་སེམས་པ་བཞིན་ཡོམ་ཡོམ་འགུལ་ཞིང་ཁྱེད་ལ་ཕྱིར་བསྐོར་དང་ནང་བསྐོར་བྱས་པས།  ངས་དུས་ཚོད་ཀྱི་འཁོར་སྐྱོད་བར་ན་མི་རབས་མང་པོར་ཕྱི་མིག་འཕེན་བཞིན་གནས་པའི་ཁྱོད་ཀྱི་བདེ་སྡུག་ལ་སེམས་ཁུར་བྱ་དགོས་པ་ཚོར།
 
         ང་རང་རྡོ་བཀྱག་ཆེ་ཆུང་བརྒྱུད།  ཤིང་སྐས་རིང་ཐུང་བརྒྱུད་དེ་ཁྱོད་ཀྱི་ཡང་རྩེར་སླེབས་དུས།ངའི་གོམ་པའི་འདེགས་འཇོག་ལྗིད་ཏིག་ཏིག  ངའི་སེམས་ཀྱི་ངང་ཆུང་སྐྱོ་ལྷང་ལྷང་། ལྷ་ལྡན་ཞིང་གི་འཆར་ཀའི་ཉི་འོད་དང་ལྷན་དུ་གྲོང་དང་གྲོང་ལ་རྒྱང་ལྟ་བྱས་པས་ཡོད་ཚད་རྨི་ལམ་ཐེངས་ཤིག་ཡིན་པ་འདྲ་ལ།  འཆར་ཡན་ཁྲོད་ཀྱི་ཉི་མ་ལྷ་ས་དངོས་གནས་འགྱུར་འདུག་པ་ཡང་འདྲ།

          ཉི་ཟེར་གྱི་ཐིགས་པ་རེ་རེ་ཕོ་བྲང་གི་གྲུ་དང་ཟུར་གང་རུང་བརྒྱུད་ནས་ང་ཚོའི་གདོང་ལ་འཕྲོས་ཤིང་།  རེ་ཞིག་ཉི་འོད་ཀྱིས་བཀྲུས་པའི་ཕོ་བྲང་དཀར་དམར་ནི་འཇིག་རྟེན་གྱི་བྱེད་པོ་སུ་ཞིག་གིས་ཆེད་དུ་བཞེངས་པ་བཞིན་མཛེས་པ་ལ་ཚད་མེད་པར་གྱུར།  ངས་མིག་ཤེལ་ནག་པོ་གྱོན་པའི་རྒྱ་རིགས་དང་གླིང་གཞན་ནས་ཕེབས་པའི་ཡུལ་སྐོར་བ་མང་པོས་ཁྱེད་ཀྱི་ཕྱི་ནང་གི་བཀོད་པ་གླེང་བཞིན་པ་ཐོས་པས་རིགས་ཀྱི་སེམས་དཔངས་ཇེ་མཐོར་བཏང་ཆོག་པ་འདྲ་ལ། དེ་ཡི་རྒྱབ་ཀྱི་གཏམ་རྒྱུད་རེ་རེར་ཡིད་སེམས་གླན་དགོས་པ་ཡང་འདྲ།

         ཕོ་བྲང་དཀར་དམར།མི་བུ་རེ་རེའི་སེམས་ཁོང་ན་གསོན་པའི་མི་ཡུལ་གྱི་མཛེས་སྡུག་ཉག་གཅིག ང་ནི་ཁྱོད་རང་སྲུང་བའི་མཚོ་ཁའི་ངང་ཆུང་དཀར་པོ་དེ་མིན་ནའང་སེམས་དང་བསམ་པས་ནམ་ཡང་ཁྱེད་རང་སྲུང་ཡོད།


དུས་ཚིགས་འགྱུར་ལ་ཉེ།
 
        མཚན་མོ་དེར་ངས་བརྩམས་སྒྲུང་གླིང་ཕྲན་བཀླགས་ཐེངས་གཉིས་པ་གྲུབ། དཔེ་དེབ་གཉིས་སྔས་མགོར་བཞག་ནས་གཉིད་དུ་ཡུར་བས་ངས་ནམ་རྒྱུན་ལྟར་ཁྱོད་ལ་སྒུག་དགོས་པ་ཡང་ཞེ་ནས་བོར། དྲང་མོར་བཤད་ན་རེ་སྒུག་གི་མཐའ་ན་རང་ལ་ཡིད་ཚིམ་པའི་མཇུག་འབྲས་ཤིག་ཡོད་མེད་ཧ་ཅང་བཤད་དཀའ་ནའང་ངས་ནམ་རྒྱུན་མཚན་མོ་རེ་རེར་ཁྱོད་ལ་རེ་སྒུག་བྱས་མྱོང་།

         ཞོགས་པ་དེར་ང་རང་ཡར་ལངས་ནས་ཐག་རིང་གི་རི་བོའི་ཕྱོགས་སུ་བལྟས་པ་ན་ཁྱོད་རང་ཡུལ་ལ་ལོག་སའི་ཟམ་ཆེན་དེའི་སྣེ་གཉིས་རི་བོ་མཐོན་པོ་གཉིས་ཀྱི་ཕྱོགས་སུ་བརྐྱངས་འདུག  ཟམ་ཆེན་དེའི་རྐྱེན་པས་ང་རང་ཁྱོད་ཀྱི་ཡུལ་དང་བར་ཐག་ཇེ་ཉེར་གྱུར་ཡོད་ནའང་སེམས་ཀྱི་བར་ཐག་ལ་སུ་ཞིག་གི་བར་ཆད་མེད་པའི་སྨོན་ལམ་བཏབ་མྱོང་།

        ཉིན་འདི་དག་ནི་སེམས་ཀྱི་རི་ལ་སྐྱོ་བའི་སྨུག་པ་འཁོར་བའི་དུས་ཚོད་ཅིག་ཡིན་པ་འདྲ་སྟེ། ངས་ནམ་རྒྱུན་འུ་གཉིས་ཀྱི་གཏམ་རྒྱུད་ཅིག་གི་མགོ་རྔར་བསམ་བློ་གཏོང་བཞིན་ཡོད། དེ་ནི་ཨ་ལེ་ཁུ་ཞི་སི་དང་ཨེ་དི་ལྟ་བུའི་དུས་ཚོད་ག་ཙམ་ལ་འགྲོགས་ཀྱང་བརྩེ་འདང་གི་ཆུ་མོ་ཉུང་ནས་ཉུང་དུ་བྲི་བ་ཞིག་ཡིན་ནམ། ཁི་ལེ་ཐུ་སེ་དང་མཱ་ལེ་ཡ་ལྟ་བུའི་བར་ཐག་རི་ཆུས་བཅད་ཀྱང་ཞེ་འདང་གི་ཞགས་པར་དམ་ལྷོད་མེད་པ་ཞིག་ཡིན། གལ་ཏེ་ཁྱོད་རང་ངའི་གམ་ན་ཡོད་པ་ཡིན་ན་ངས་ཁྱོད་ལ་བརྩམས་སྒྲུང་འདིའི་ནང་གི་བརྩེ་དུང་གི་གཏམ་རྒྱུད་ཀྱི་རྔ་མ་བཤད་འདོད་མོད། མི་སེམས་སྨྲེང་བའི་སྐད་ཆ་དེ་དག་ཐོས་པ་ནས་ངས་འུ་གཉིས་ཀྱི་མ་འོངས་པར་ཚོད་དཔག་བྱ་ཐབས་བྲལ། ངས་རྟག་བརྟན་གྱི་བརྩེ་དུང་ལ་འགྲེལ་བཤད་བྱ་ཐབས་བྲལ།

        མཚན་མོ་མང་པོ་ཞིག་ཁྱོད་དང་ལྷན་དུ་དགོད་སྒྲས་བསྐྱལ་མྱོང་ལ་མིག་ཆུས་ཀྱང་ཕུད་མྱོང་། མཚན་མོ་འདིར་ངས་ཁྱོད་ལ་ཆེས་སྤྱིར་བཏང་གི་ཡིག་འབྲུ་དག་བཀོལ་ནས་བརྩམས་སྒྲུང་འདིའི་ཕྱི་ནང་གསང་གསུམ་བཤད་བསམ། ངས་འུ་གཉིས་ཀྱི་བརྩེ་བའི་བཞུར་རྒྱུན་ཡང་ངའི་ཕ་ཡུལ་ན་ལྷོད་ཀྱིས་འབབ་པའི་རྨ་ཀླུང་རིང་མོའི་བཞུར་རྒྱུན་བཞིན་རྟག་ན་བསམ། ངས་ཁྱོད་དང་ངའི་བརྩེ་སེམས་ཀྱི་ཆུ་མོ་ཡང་དུས་ཚིགས་ལ་དབྱེ་བ་མེད་པར་རྟག་ཏུ་བབས་ན་བསམ། ངས་ནམ་རྒྱུན་བཤད་པའི་རྒྱང་རིང་ནི་ཁྱོད་ཡིན་ནམ། ཁྱོད་ནི་རྒྱང་རིང་ལ་བསམ་ཆོག་གམ།

         སྐྱིད་སྡུག་གི་ལོ་ཟླ་མང་པོ་རྒྱང་དུ་ཡལ་ཞིང་ད་ནི་དཔྱིད་ཀའི་མེ་ཏོག་བཞད་ལ་ཉེ། ཁྱོད་ཀྱིས་ཆར་ཟམ་ཟིམ་འབབ་པའི་ཕ་ཡུལ་གྱི་མཛེས་པ་བསྐུར་ཏེ་ཆར་ཟམ་ཟིམ་འདི་དཔྱིད་ཟླ་ཚེས་པའི་སྔ་ལྟས་རེད་ཟེར། ངས་ཁྱོད་ལ་སྨུག་ལང་ལོང་འཐིབས་པའི་ཐག་རིང་གི་རི་ཚོགས་བསྐུར་ནས་མི་ཡུལ་ལ་དཔྱིད་ཟླ་ཚེས་ན་འུ་གཉིས་ཀྱི་འཇིག་རྟེན་ལ་ཡང་དཔྱིད་ཀ་ཚེས་པར་སྨོན་ཞེས་བཤད་པར་ཁྱོད་ཀྱིས་སླར་ཡང་ངས་ཀྱང་ཆར་ཟམ་ཟིམ་འདིའི་ཁྲོད་ན་འུ་གཉིས་ཀྱི་མི་ཚེའི་དབྱར་གཞུང་ཞིག་ལ་རེ་ལྟོས་བྱས་ཡོད་ཟེར།
དུས་ཚིགས་འགྱུར་ལ་ཉེ། འུ་གཉིས་སླར་ཡང་ཆ་མེད་དུ་འགྱུར་སྲིད་དམ།མེ་ཏོག་བཞད་ལ་ཉེ། ཁྱོད་ཀྱིས་སྔར་བཞིན་ང་ལ་མེ་ཏོག་གི་མགོ་རྒྱན་བསླེ་སྲིད་དམ།
                      ༢༠༢༠.༣.༢༨

                                རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease