རྩོམ་དང་འབྲེལ་བའི་སྐད་ཆ་འགའ།

    རྩོམ་པ་པོ། འགྱུར་མེད་རྒྱ་མཚོ།


རྩོམ་དང་འབྲེལ་བའི་སྐད་ཆ་འགའ།

                          འགྱུར་མེད་རྒྱ་མཚོ། རྩེ་སྟོད།


 
     
ཁ་བྱང་འདི་ལྟ་བུ་ཞིག་བདམས་ནས་སྐད་ཆ་འགའ་བརྗོད་འདོད་སྐྱེས་པ་ནི་རང་རློམ་མ་ཡིན་ཏེ། རང་གི་དྲན་རེག་ཡི་གེར་དགོད་བསམ་པའི་འདོད་རྔམ་སྐྱེས་པས། ད་ནི་བགྱི་བ་འདིར་ཞུགས་ཁུལ་བགྱིས་ན།  ད་བར་དུ་རང་གི་དྲན་རྟོག་གི་བགྱི་བ་ཐེད་དུ་མི་འབོར་བའི་སེམས་འདུན་མང་པོ་འཁྲུངས་མོད། རྐྱེན་གང་རུང་གིས་རྩོམ་གྱི་རང་དབང་ལ་ཐེ་གཏོགས་དང་བཀག་འགོག་ཡོད་པས་ན།  ངས་ཀྱང་སྦྱོར་བ་འདིའི་ཕག་ནས་ཤོག་བུའི་འཇིག་རྟེན་ལ་ཡི་གེའི་འཐབ་མོ་སྤེལ་བསམ་པའི་ལས་དག་ནི་ཅུང་ཙམ་མག་མོག་དང་རྒྱང་རིང་བ་ཞིག་ཏུ་འགྱུར་བཞིན་པ་མཐོང་ལ་ཉམ་ཆུང་དང་ཤེད་མེད་པ། མི་སྐད་མེད་པ་ཞིག་ཏུ་འགྱུར་བཞིན་པ་རིམ་པར་མཐོང་།  ད་ནི་ཁ་ནང་ལ་འཁོར་ནས་རང་ཉིད་ཀྱིས་རྩོམ་འབྲི་བར་བཅངས་པའི་འདོད་པའི་ལེ་ལག་དང་བཅས་པ་ནི་རྩོམ་གྱི་བགྱི་བ་གྲུབ་པའི་ཆོས་བཞི་དང་མ་འབྲེལ་བ་མེད་དེ། འདི་ལས་ཀྱང་སྤྱི་ཚོགས་དང་ཉེ་བར་འབྲེལ་བའི་མིའི་འདོད་ཡོན་དང་མིའི་རང་བཞིན། མིའི་དགའ་སྡུག་གི་བསམ་འདུན་ནི་སྣ་ཚོགས་པ་ཞིག་ཡིན་རྐྱེན། མིའི་དྲན་རྟོག་ནི་མཁའ་ལ་རྒྱུ་བའི་སྣང་བ་འཛིན་རེག་མེད་པ་ཞིག་ཏུ་ཟད་པས། རྩོམ་གྱི་རང་དབང་གི་མཁའ་ལམ་ཡང་དེ་ལྟར་དང་འདི་ལྟར་རོ་ཞེས་སྟངས་འཛིན་ཆེར་མི་ཐུབ་པས་ན། རྩོམ་འདི་ལྟར་ཕྲིས་དང་དེ་ལྟར་རོ་ཞེས་པའི་རང་རློམ་གྱི་བདེན་ཁ་ཞིག་སུས་ཀྱང་སྟེར་ཁག་པས། ད་ནི་རང་གིས་རང་ལ་རང་དབང་གི་དྲན་རྟོག་དང་མིའི་ཐུགས་གཞིགས་དང་སྤྱི་ཚོགས་ཀྱི་ལྗན་ལྗིན་གྱི་ཕྱི་ནང་ལ་དྲན་འཆར་འགའ་བཏོན་པ་ནི། ཨ་ལགས་དོར་ཞི་ཚང་གིས་གསུངས་པ་བཞིནཚིག་གི་སོག་མ་ཤིང་རྟས་མི་ཐེག་པར། །དོན་གྱི་འབྲས་བུ་སྤར་གང་མེད་པ་ལས། །རྗོད་བྱེད་མེ་ལོང་མཐེབ་ཀྱུ་ཙམ་གྱི་ངོས། །བརྗོད་བྱའི་སྣང་བརྙན་འབུམ་ཕྲག་ཚུད་པ་བྲིན། ལྟ་བུ་ཞིག་ཏུ་འགྱུར་སྲིད་ཀྱང་། དོན་དུ་མི་སྐད་མེད་པའི་རང་རེའི་ད་ལྟའི་སྡེ་འདི་ལ་མཚོན་ན་ཆེས་གཉན་འཕྲང་དང་གེགས་ཀྱི་སྐབས་སུ་མདུན་ལ་མཆོངས་ཏེ་རྩོམ་གྱི་སྣེ་ཕྱོགས་གཅིག་ལ་གཏད་ཐུབ་པ་ནི་ལར་ནས་དཀོན་ལ། ཁག་ཡང་མེད་དོ། འོན་ཏེ་ད་ལྟའི་རྩོམ་སྦྱོར་གྱི་ལས་ནས་ཁོ་ལ་མཚོན་ན་ནམ་ཡང་སྐད་ཆ་ཞིག་ཡིད་ལ་བཅག་ཅིང་འཇགས་ཏེ་ཡོད་པ་ནི།མིའི་དོ་སྣངདངསྤྱི་ཚོགས་ཀྱི་ཐུགས་གཞིགས” “ སྒེར་གྱི་ང་རྒྱལསོགས་མེད་པ་ཡིན་ན། བརྩམས་ཆོས་སྐོར་ཞིག་ནི་ཚིག་ཚོགས་ཀྱིས་བརྗིད་ཅིང་རྒྱན་གྱིས་སྤུད་པའི་མཛེས་ཉམས་ཁྱད་མཚར་བ་ཞིག་ལ་ངོས་འཛིན་པ་ལས་ང་ལ་དགོས་པའི་རྩོམ་གྱི་སྐད་ཆ་དང་རྩོམ་གྱི་སྦྱོར་བའམ་དགོས་པ་དམིགས་བསལ་བ་དེ་ཡང་མཚམས་རེར་འགྲུབ་ཀྱི་མེད་པ་འདྲའོ།

      ཁོ་བོས་ནམ་རྒྱུན་རང་གི་རྩོམ་སྦྱོར་རིག་པ་དང་རྩོམ་རིག་གཞུང་ལུགས་ཀྱི་དགེ་རྒན་གྱི་ཐུགས་གཞིགས་དང་རྩོམ་དང་འབྲེལ་བའི་སྐད་ཆ་དག་ལ་ཡུན་གྱིས་ཉན་ཞིང་བཏུས་ཏེ་ཡོང་ན། ཡང་དང་བསྐྱར་དུརྩོམ་ཡིག་ཅིག་གི་སྣེ་འཛརཞེས་པ་འདི་ཡིད་ལ་ཡང་ཡང་འཇགས་ཤིང། སྣེ་འཛར་འདི་དང་འབྲེལ་བའི་དྲན་སྣང་མང་དུ་སྐྱེས་པ་ནི།

      རྟིང་སོར་ཡུ་བུ་ཅོག་གིས་རྩོམ་རིག་གི་མཐོང་སྣེ་མི་འདྲ་བ་དང་སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་བཀོལ་ནས་རྩོམ་ཡིག་བྲིས་ན། ད་གཟོད་འགུག་ཤུགས་ཀྱི་བྲོ་བ་ཟད་དུ་མེད་པ་ཞིག་ཅི་མི་སྙམ་པར་ཐོལ་གྱིས་འཕྱུར་ཡོང་ལ། དེ་དང་བསྟུན་ནས་འདྲེན་ཤུགས་ཀྱིས་ཟླས་དྲངས་པའི་གཞན་ངོས་ཀྱི་རྟོགས་བྱ་མང་པོ་ཞིག་ཀྱང་ནར་མར་བསམ་བློའི་བང་རིམ་ནས་འཕག་འཚག་རྒྱག་པ་ལྟ་བུའི་ནུས་པ་ཞིག་ཐོན་ཡོང་པ་རེད། འདི་ལ་འབད་དེ་གཟུགས་སུ་གྱུར་བའི་གོ་རིམ་ཁྲོད་བློས་བསླངས་ཀྱི་རིམ་པ་ཐེད་དུ་མ་བོར་ཞིང་བསམ་གཞིག་གི་བགྱི་བ་གོལ་ལམ་དུ་མ་སོང་ན། ཀློག་པ་པོའི་མགུ་གང་ཞིང་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་རིན་ཐང་ཡང་ཉམས་སུ་མྱོང་པར་འགྱུར་པས། བརྩམས་ཆོས་རང་ངོས་ཀྱི་དཔེ་འཇོག་དང་བསྐོར་བའི་ཁྱད་ཆོས། བསྡུས་བརྗོད་སྣ་ཚོགས་ཀྱི་ནུས་པ་ཡང་བག་ལ་ཞ་བར་མི་འགྱུར་བ་ཡིན། འོན་ཏེ་ང་ཚོས་ནར་མར་བཀོལ་བཞིན་པའི་སྐད་ཆའི་སྦྱོར་བ་དེ་དག་རྩོམ་རིག་གི་སྐད་ཆ་ལ་ཧྲིལ་གྱིས་བཞག་ན། དེ་ནི་རྩོམ་རིག་གི་སྐད་ཆ་ཞིག་ཡིན་མིན་ཁྱོན་ནས་མི་ཤེས། ལར་ཚིག་སྦྱོར་སྤྱིར་བཏང་བ་ཞིག་གིས་བརྗོད་བྱ་གང་ཞིག་ཕ་རོལ་བར་འདྲེན་ཤུགས་སྟེར་ཐུབ་པ་དང་སྣང་བརྙན་མངོན་སུམ་དུ་འཆར་བ་ལྟ་བུའི་ནུས་པ་ཐོན་པའང་མང་མོད། འདིར་བཤད་བཞིན་པ་ནི་དྲང་བརྗོད་མངོན་སུམ་བྱས་ཏེ་རྩོམ་ཡིག་གི་ཐེམ་པ་བང་རིམ་བརྩེགས་ན་དེ་ནི་རྩོམ་རིག་བརྩམས་ཆོས་ཤིག་གི་ངོས་ནས་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་མི་འདུག་ལ་རོལ་མྱོང་དེ་བས་ཀྱང་ངོ་།  ཞོར་དུ་ཞུ་བར་བྱ་བ་ལ་ང་ལ་གོང་གི་ཆ་རྐྱེན་དེ་དག་རང་ཤུགས་སུ་ཆགས་ཡོད་ཟེར་བ་མིན་ཏེ་ལར་ངེད་ཅག་གཞན་གྱི་ཀློག་པ་པོ་ཞིག་གི་ཟུར་ནས་ཧོབ་ཏེ་བལྟས་ན་འདི་དག་ལ་འབད་ན་འགྲིག་གོ་བསམ་བྱུང་།

       རྩོམ་རིག་གི་རིན་ཐང་ངོས་ཟིན་ཡོད་པ་ཞིག་གི་མཐོང་ལམ་ནས་རྩོམ་གྱི་སྦྱོར་བ་ལ་འཇུག་མཁན་དག་ནི་ཤོག་བུའི་འཇིག་རྟེན་ནས་ཡི་གེའི་འཐབ་མོ་ཙམ་ལ་གཡེང་བའི་སྣང་ཡངས་པ་དག་མ་ཡིན་ཏེ། འཆར་སྒོའི་རྐྱོང་སྐུམ་སྣ་ཚོགས་ཡི་གེའི་གཟུགས་སུ་བྱས་ཤིང་མི་ཚོགས་ཀྱི་ཁ་གཏད་དུ་ལངས་ནས་རང་ཉིད་འགྲེལ་ཚུལ་དང་ཕ་རོལ་བོ་འཚོལ་སྟངས་ཤིག་ཏུ་གྱུར་ཡོད། འོན་ཏེ་རྩོམ་རིག་གི་ལས་ཀྱི་བགྱི་བ་གྲུབ་པའི་ཆོས་བཞི་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན། རྩོམ་རིག་གི་ལས་སྒོའི་ཁྱབ་ཁོངས་ནི་ལས་རིགས་ཀྱི་དབྱེ་བས་སྟངས་འཛིན་དང་ཕྱོགས་སུ་བཀར་བ་ནི་ཉམས་དམས་སུ་དམིགས་པའི་གོལ་ལམ་ཞིག་སྟེ། རྩོམ་སྦྱོར་གྱི་གོ་རིམ་ཧྲིལ་བོའི་ཁྲོད་དུ་ཉེན་ཚབས་ཀྱི་འདུ་ཤེས་ཤིག་ཡིན། ད་ལམ་སྐོར་ཞིག་གིས་རྩོམ་རིག་གི་རིན་ཐང་ཞེས་པ་ནི་སྒེར་གྱི་འཚོ་བའི་ཁེ་ཕན་གྱི་ཕྱོགས་སུ་གཞོལ་བར་གྱུར་ནས་མཇུག་འབྲས་ལ་ལག་པ་བསྲིངས་བཞིན་ཡོད་མོད། དོན་དུ་ལས་འདི་ལ་ཞུགས་ན་མིག་ལམ་དུ་ཁེ་ཕན་ཁོ་ནའི་དབང་བཙན་པར་བྱས་པའི་གསེར་དངུལ་གྱི་ཐོབ་བྱ་ཞིག་ལ་རེ་བ་བྱེད་པ་ནི་རྩོམ་རིག་གི་རིན་ཐང་དང་ཁྱབ་ཁོངས་ངོས་མ་ཟིན་པས་ཡིན། དེ་བས་མངོན་སུམ་དུ་ཁེ་ཕན་ཞིག་རེག་རྒྱུ་མེད་པའི་རྐྱེན་གྱིས་རྩོམ་རིག་ལ་གྱེས་བརྡ་གཏོང་བ་དང་རྩོམ་སྦྱོར་གྱི་ལས་ལ་འཇུག་མཁན་དག་ལ་ཕུར་ཚུགས་སུ་བལྟ་བའི་སྣང་ཚུལ་བྱུང་བ་ཡིན་ནོ།

        ཡང་ཁོ་བོའི་དགེ་རྒན་རྩོམ་གཞུང་སྨྲ་བ་མཚོ་སྐྱེས་ལགས་ཀྱི་སྐད་ཆ་འདིར་དྲངས་ན།ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། ཞེས་པ་བཞིན་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་བརྩམས་ཆོས་མ་ཟད། ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་རིག་བརྩམས་ཆོས་ཡིན་ཡང་དེ་འགྲུབ་བྱེད་ཀྱི་སྐད་ཆའི་སྒྱུ་རྩལ་རང་བཞིན་གལ་ཆེ་བ་བཤད་མ་དགོས་ཀྱང་། སྐད་ཆས་བཞེངས་སྐྲུན་བྱས་པའི་བརྩམས་ཆོས་ཁྲོད་ཀྱི་སྣང་བརྙན་དང་ཡིད་འགྱུར་གང་ཞིག་ལ་བདེན་དགེ་མཛེས་གསུམ་གྱི་སྒྱུ་རྩལ་འདྲེན་ཤུགས་མེད་པ་ཡིན་ན། བརྩམས་ཆོས་དེ་ནི་འཇའ་ཚོན་ལྟ་བུ་ཞིག་ལས་ཅི་ཡང་མ་ཡིན་པས། དེ་ལྟ་བུ་ལ་བློ་གཏད་བྱེད་པ་ནི་བྱིས་པའི་ཟློས་གར་རོ། ཞེས་པ་བཞིན་སྐད་ཆ་འདིའི་ཤུགས་ནས་འདྲེན་ཤུགས་གཞན་ཞིག་རྟོགས་ཐུབ་པ་ནིརྩོམ་ཡིག་ཅིག་གི་སྣེ་འཛརདང་འདི་གཉིས་ཀྱི་བསམ་བློའི་ནང་དོན་དང་ཐུགས་གཞིགས་གཅིག་ཡིན་པས། འདི་ཡང་གལ་ལོས་ཆེ། ཤིན་ཏུ་གལ་ཆེའོ། དཔའ་བོ་ཞིག་གིས་མེ་མདའ་བཟུང་སྟེ་གཡུལ་ལ་ཞུགས་པ་དང་འདྲ་ལ། གལ་སྲིད་རྩོམ་གྱི་སྐབས་སུའང་སྦྱོར་བ་འདི་ལུས་སུ་མ་བགོས་ཚེ་ཤིང་ལང་བཏགས་ནས་གཡུལ་ལ་ཞུགས་པ་དང་འདྲའོ།

     འོན་ཏེ། བསམ་བློའི་སྟེང་རང་གི་ཁ་མིག་བོར་བའི་མི་ཞིག་དང་ལག་པའི་སེན་མོ་ཡང་འབྲེག་མི་འདོད་མཁན་ཞིག་གིས་མགོ་ཡི་རལ་བ་འབྲེག་པར་འདོད་དམ། ང་ཚོ་ལ་རང་གི་སྐད་ཆ་མེད་ཅིང་རང་གི་སྐད་ཆ་བརྗོད་ཀྱང་དེ་ལ་ཇུས་འཁྲི་མི་བྱེད་པའི་ཤ་གཟུགས་རྐྱང་རྐྱང་གིས་འཚོ་བཞིན་པའི་མི་སྐད་མེད་མཁན་མང་སོང་བས། ད་ནི་རྩོམ་གྱི་སྦྱོར་བ་དང་ཐོབ་ཐང་གི་ཐད་ནས་རང་ཉིད་རང་ལ་མཚར་བའི་མཚར་གཏམ་འབྲི་བ་ལས་དོན་གྱིས་སྤོབས་པ་ཆེན་པོ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སེམས་ཀྱི་སྐད་ཆ་བཤད་ཐུབ་མཁན་དང་མིའི་དོ་སྣང་དང་སྤྱི་ཚོགས་ཀྱི་ཐུགས་གཞིགས། བདེན་པའི་རྣམ་འགྱུར་ལྟ་བུ་ཞིག་འཛིན་ཐུབ་པའི་རྩོམ་གྱི་ཁ་དབུགས་སྟོང་སེར་ཡོད་པས། ད་ནི་དྲང་མོ་དང་བདེན་པ་ཡིན་པའི་རྩོམ་གྱི་སྐད་ཆ་ཞིག་ཅི་ནས་འཁྲུངས་མི་ཐུབ་པའི་ཁོར་ཡུག་གི་རྒྱ་དམ་པོ་ཞིག་ངང་གིས་ཆགས་ལ། མི་སྐད་མེད་པའི་མི་ཚོགས་རིམ་གྱིས་འདུས་ཏེ་ཁ་མལ་ནས་དལ་ཅག་གེར་འདུག་པ་ལས། ན་གཞོན་གྱི་རྒྱང་མིག་དང་སྣེ་འདྲེན་གྱི་རུ་དར་ལྟ་བུ་ཞིག་ཏུ་འགྱུར་བར་འཁུམ་སྟེ་བསྡད་ཡོད་པ་དེའོ།
                           རྩོམ་སྒྲིག་པ། མགོ་ལོག་ཆུ་ཐིགས།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 



Signature is customized by Netease