༢༠༡༩

    རྩོམ་པ་པོ། སཱ་ལ།


༢༠༡༩  
                                        

                    སཱ་ལ།




       ༢༠༡༩.ལོའི་དུས་ཚོད་ཀྱི་བཞུར་རྒྱུན་འབྲི་ཆུའི་རླབས་རྒྱུན་དང་འདྲེས་ཏེ། ཤར་རྒྱ་མཚོ་ཆེན་མོའི་གཏིང་རིམ་ལ་འཐིམ་སོང་། ང་རང་སློབ་སྦྱོང་པ་ཞིག་ཡིན་པའི་ངོས་ནས་ལོ་འདིར་ང་རང་གི་བསམ་པའི་ཐེག་ཅིང་། གཞན་དུ་ངོམ་སོ་རི་བའི་སློབ་འབྲས་རྒྱ་ཆེན་པོ་འཁྱོང་མེད་ནའང་།  སློབ་གླིང་མཚན་ཉིད་ཅིག་ནས་བསྡད་དེ་ངོས་ཀྱི་སྦྱང་བྱའི་ཟ་ཟུར་ནས། རང་ཉིད་དགའ་སའི་དཔེ་ཆ་ཁ་ཤས་ནན་གྱིས་བཀླག་ཅིང་། བཀླགས་ནས་ཀྱང་སེམས་པའི་སྒྱུ་རྩལ་རིག་གནས་ལ་ཉམས་ལེན་གྱི་འབྲས་བའི་ཅུང་ཙམ་རེ་རྔོ་ཐོགས་པ་བྱུང་། གཞན་དུ་ལོ་འདི་ཚོ་ལ་ང་རང་གི་སྔར་གྱི་དགའ་མོས་དང་དད་མོས་ལ་བློ་མ་ལོག་ཅིང་། ད་དུང་ང་རྒྱལ་གྱིས་ཉི་མའི་ཟེགས་མར་འཇུ་བ་ནི་ངས་ངོམ་དུ་རི་བའི་སྙིང་སྟོབས་ཤིག་དང་༢༠,༡༩,ལོས་ང་ལ་བྱིན་པའི་བརྩེ་བའི་ལོ་ཟླ་རུ་ཆགས་སོང་། ལོ་འདིར་ངོས་ཀྱི་སྦྱང་བྱ་ཕུད་དེ། དཔེར་ན་བཀླགས་ཟིན་པའི་རྩོམ་རིག་དཔྱད་བརྗོད་པ་ཆོས་སྐྱོང་ལགས་ཀྱི་”ཟིངས་ལོང་རྡེའུ་འགྲེམས།”རྒན་ལྷ་བྱམས་གྱིས་བསྒྱུར་གནང་བྱས་པའི་”རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ”དང་ད་དུང་ཁོ་བོའི་ལྷུག་རྩོམ་རིང་མོ་དེ་དག ”སི་ཁྲེ་ཧྥོ་ཚི་ལྦེ་ཀི་བོད་འགྱུར་བརྩམས་ཆོས་”བུ་མེད་རྒྱུས་མེད་ཅིག་ལ་སྤྲིངས་པའི་འཕྲིན”། ”མ་ལཱ་ལཱིའི་ཉིན་ཐོ་”མཛེས་སེའི། “གྲོགས་པོ་འཁོར་ལོ་ལ་སྤྲིངས་བའི་འཕྲིན”།  སོགས་ཀྱི་ལྷུག་རྩོམ་གང་མ་ཞིག་ལ་ནན་གྱི་ཞུགས་པའི་༢༠༡༩.ལོ་འདིར་ངས་ཀློག་པ་གཙོ་བོ་བཟུང་ཞིང་འབྲི་བ་ཉུང་ཉུང་བཏང་བ་ཡིན། དེས་རྐྱེན་རང་དང་བསམ་པ་མཐུན་སའི་གྲོགས་པོ་ཁ་ཁེར་གྱིས། རང་ལ་ལོ་འདིར་ཁྱོད་ཀྱི་རྩོམ་འབྲིའི་ལམ་ཁར་འགྱུར་བ་ཐེབས་འདུག  ཁྱོད་ཀྱིས་རྩོམ་འབྲི་ཀི་མེད་དམ་ལོ་འདིར་མང་པོ་མཐོང་གི་མི་འདུག་ཅེས་བདག་ལ་སྐུལ་མ་དང་འཁང་ར་ཡང་བཏང་མྱོང་། 


       སྤྱིར་ན་ང་རང་གིས་འདས་པ་དང་ད་ལྟའི་ཆར། འཆལ་མ་འཆོལ་གྱི་ཡིག་ཚོགས་དེ་དག་ལ་རྩོམ་ཞེས་པའི་ཚད་དང་དེའི་མིང་ཙམ་ཡང་འཇུག་ག་ལ་རུང་། རང་ཉིད་ཀྱང་རང་ཉིད་ཀྱིས་བྲིས་ཟིན་པ་དང་འབྲི་བཞིན་པ་དག་ལ་སྐབས་རེར་ངོ་ཚ་ཞིང་གཞན་ངོར་ལྟ་ལུགས་པ་ཞིག་གི་སེམས་ཚོར་ངང་གིས་ཐོན་འོང་།   དཔེར་ན་རྒན་”ལྷ་བྱམས་རྒྱལ”་གྱིས“གལ་སྲིད་ལྷ་བླ་མ་དཀོན་མཆོག་ཟེར་བ་ཞིག་མི་མངོན་པའི་དབྱིངས་སུ་ཡོད་ཚེ།  དེ་ཡིས་ཁེར་རྐྱང་གི་ངའི་རྨོངས་འཐོམ་དང་།  ངའི་འཆར་ཡན། ངའི་སྟོང་བསམ།  དེ་མིན་ངའི་རྩོམ་རིག་ལ་ཁ་ལག་པས་བཀབ་ནས་གད་མོ་ཤོར་བཞིན་མེད་དམ་སྙམ། “ ཞེས་པ་བཞིན།  ཀློག་པའི་སྟོང་བའི་ངའི་འཆལ་མ་འཆོལ་གྱི་ཡིག་ཚོགས་དེ་དག་ལ་མཁྱེན་དཔྱོད་མངའ་བའི་རྩོམ་རིག་ཉི་ཟླའི་ཚོགས་རྣམས། ཁ་ལག་པས་བཀབ་ནས་གད་མོ་ཤོར་བཞིན་མེད་དམ་སྙམ།  རང་རེ་བོད་ཀྱི་རྩོམ་འབྲི་པ་གསར་སྐྱེས་ཚོའི་མང་ཆེ་ཤོས་ནི་ཀློག་པའི་འདི་ཤེས་ཆུང་ཞིང་སྔོན་བྱོན་གྱི་སྐྱེས་ཆེན་ཚོའི་ཤེས་རབ་ལ་ཉམ་མྱོང་འཇོག་མཁན་ཤིན་ཏུ་ཉུང་ཕྱིར།  འཆལ་མ་འཆོལ་གྱི་ཡིག་ཚོགས་ཀིས་དྲ་བ་དང་དཔེ་ཁང་སོགས་སུ་ཁྱབ་ཉོག་ཏུ་བཏང་འདུག་ལ། བོད་ཀྱི་རྩོམ་རིག་གི་མཁའ་དབུགས་སྦག་ཏུ་བརྫད་ཀྱིན་འདུག  ཡིན་ནའང་། ཐེངས་རྗེས་མར་མི་རིགས་ཤིག་གི་མཛེས་ཚོར་གྱི་མཁའ་དབྱིངས་སུ། སྡུག་པའི་འབྲས་བུ་དེ་འདྲ་མི་འབྱུང་བ་སུས་ཀྱང་བཤད་ཐུབས་ཨང་།


       ༢༠༡༩་ལོ་མཇུག་འདིར་ང་ཚོ་འཇིགས་སྐྲག་གི་མུན་ནག་ཏུ་ལྷུང་ཞིང་རྒན་པ་རྣམས་ཀྱི་སེམས་ལ་ཉི་མའི་དཀྱིལ་འཁོར་གྱི་དྲོད་ཐིགས་མ་ལྷུང་ཞིང་།  གཞོན་པ་རྣམས་ཀྱི་འཚོ་བའི་ལས་ཀ་མ་རྙེད།  བྱིས་པ་རྣམས་ཀྱི་ཤེས་རིག་གི་དུས་ཚོད་ཆད་སོང་།  ཡིན་ནའང་དགྲ་གཉེན་དུ་གྱུར་བ་དང་། མི་མཐུན་པ་མཐུན་ཕྱོགས་སུ་གྱུར་སྲིད་པ་བཞིན།  ནམ་རྒྱུན་ང་ཚོ་འཇིག་རྟེན་གྱི་གཤིས་ལུགས་ལྟར་འཚོ་བ་དང་སློབ་སྦྱོང་། ལས་རིགས་མི་འདྲ་བ་དང་ཕུགས་བསམ་མི་འདྲ་བའི་དབང་གིས། ཕ་མ་དང་ནང་མི་སྤུན་ཟླ་དག་ལ་བར་ཐག་ཅིག་དང་ཁ་ཐག་ཅིག་གིས་ཆོད་ཡོད་པའི། འདི་གའི་དུས་ཚོད་ཀྱི་འཁོར་ཐགས་དང་ཁྱིམ་མི་ལྷན་འཛོམས་ཀྱི་དུས་ཚོད་ལ་རིན་ཐང་གཞལ་དུ་ཡོད་པ་མ་ཡིན་ནམ།  མི་རྟག་པའི་ཆོས་ཉིད་ཐམས་ཅད་ཅིས་ཀྱང་ཡལ་འགྲོ་བའི། མི་འགྱང་བར་སྔར་བཞིན་ང་ཚོར་བར་ཐག་ཅིག་དང་རྒྱང་ཐག་ཅིག་གི་བཅད་འགྲོ་བས། ལྷན་འཛོམས་ཀྱི་ཉི་མ་ཟླ་བའི་མར་ཁུ་བཞེས་རོགས།  ༢༠༡༩ལོའི་མཐའ་མཇུག་གི་ཉི་འོད་དཔེ་ཆ་ཁ་ཤས་དང་དྲོད་ཆས་ཤིག་ལས་མེད་པའི་བདག་གི་དྲ་མིག་ལས་ཁང་ཁྱིམ་དུ་འཇམ་ལྷེང་ངེ་། བསྐྱར་ཏུ་སླེབས་ཤིང་ཁྱིམ་མི་དང་བར་ཐག་གིས་ཆོད་པའི། ང་དང་མཉམ་དུ་ཁེར་ཀྱང་གི་བཟའ་གཏོང་རོལ་བར་གནང་། ངས་ཇ་འཐོང་ཞོར་དུ་སང་ཉིན་ཤར་བའི་ཉི་མ་ལ་འོད་ཟེར་གྱི་རྨུ་ཐག་ཡོད་དམ།  འདི་ལྟར་འཇམ་ལྷིང་ངེ་ནམ་རྒྱུན་བདག་གི་དྲ་མིག་ལས་ཁང་ཁྱིམ་དུ་བསླེབ་བམ་ཞེས་རང་ལ་དྲི་བ་དང་༢༠.༢༠.ལོའི་ཚེས་པའི་ལོ་དང་ཟླ་བ་ལ་སྔངས་སྐྲག་ཅིག་དང་རེ་སྒུག་ཅིག་ཀྱང་སེམས་སུ་འཁོར།
                    ༢༠༡༩.༡༢.༡.
                               རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།




Signature is customized by Netease