རྩོམ་རིག་གི་བསམ་བློ་སྤར་གང་།

    རྩོམ་པ་པོ། ཁམས་པ་རབས་དབྱངས།


རྩོམ་རིག་གི་བསམ་བློ་སྤར་གང་།

 

                          ཁམས་པ་རབ་དབྱངས། རྫ་སྟོད། 


 

         མི་ཚེ་འདི་གདུང་ཡུས་དང་ཞེད་སྣང་ཚ་པོ་རེའི་ཁྲོད་ནས་འགོར་ཟིན་ནའང་། ཕལ་བའི་མི་ཚེའི་འཚོ་བ་དང་ཕུགས་འདུན་གྱི་ལངས་ཕྱོགས་བཟུང་ནས་ཡུན་རིང་ལ་མི་ཚེ་འདི་བསྐྱལ་བ་ཡིན།  མི་ཚེ་འདིའི་ཁྲོད་ནས་སེམས་ཀྱི་ཚོར་འདུ་འགུལ་བྱེད་དང་འཆར་ཡན་གྱི་སྨག་རུམ་སེལ་མཁན་ནི་ཡིད་བརྙན་ཁ་ཤས་ལས་ང་རང་སྙིང་ཉེ་བའི་མི་ཞིག་དང་དྲན་བསླངས་བྱེད་མཁན་རྩ་བ་རྙེད་ནས་མེད་ཚོད་དུ་གྱུར་སོང་། མ་ཟད་མི་ཚེ་འདི། སྤྱི་ཚོགས་འདིའི་ཕྱི་ནང་གསང་གསུམ་གྱི་ར་བ་བསྐྱལ་ནས་ཞེ་གཏིང་ནས་འཚོ་བ་ཡིད་ཚིམ་པ་ཞིག་རྙེད་མ་སོང་ལ། མ་རྙེད་པ་དེའང་ཕལ་བའི་མི་ཞིག་གིས་འཚོ་གནས་དང་རང་སེམས་ཀྱི་ཉམས་ལེན་བྱེད་སྟངས་ཤིག་ཡིན་པ་གོ་བཞིན་ཡོད། ལམ་ཁ་དེ་ལྟ་བུ་ནས་ང་རང་གི་འཚོ་བ་དང་བསམ་ཕྱོགས་ལ་ཞིབ་འདང་རྒྱབ་ནས།  རང་གི་མི་ཚེ་འདི་དོན་དམ་པའི་མི་ཚེ་ཞིག་བཞེངས་སྐྲུན་གྱི་ལམ་ཕྱོགས་རྙེད་དགོས་ན། རང་ཉིད་རང་ལ་བལྟ་བའི་མེ་ལོང་དངོས་མ་ཞིག་གིས་ལམ་ཁ་བསྐྱལ་དགོས་པ་དང་། རང་ཉིད་རང་ཉིད་ངོས་ཟིན་པའི་འཚོ་བ་དང་ཕུགས་འདུན་གྱི་ལམ་ཕྱོགས་ཤིག་ནས་ཤེས་འཇོན་མང་དག་ཅིག་གི་རིག་གཞུང་གི་གཏན་ཚིག་ལམ་བུ་ལས་བརྒལ་དགོས། ད་གཟོད་རང་ཉིད་ངོས་ཟིན་པའི་མི་ཚེའི་འཚོ་གནས་ཀྱི་ལམ་ཁ་ལ་ཞིག་དང་། རང་ཉིད་ཀྱི་མི་ཚེ་འདི་ཤེས་རབ་ཀྱི་གྲུབ་ཆ་ཞིག་ཡིན་པ་གསལ་ཡོང་། དེ་ནི་ཕལ་བའི་མི་ཞིག་གིས་མི་ཚེའི་འཚོ་བ་བསྐྱལ་སྟངས་དང་། གཏན་ཚིག་གི་འཚོ་གནས་ཤིག་དང་ཤེས་རབ་ཀྱི་འཚོ་གནས་བྱེད་སྟངས་ཤིག་ཡིན། དེ་བཞིན་དུ་ང་ལ་རྩོམ་རིག་གི་རྨི་ལམ་ཞིག་གིས་བཙན་ས་དང་རྩོམ་རིག་གིས་རང་ཉིད་ངོས་ཟིན་པའི་ལང་ཕྱོགས་ཤིག་གིས་རྨི་ལམ་ཞིག་གྱུར་ཡོད། ད་སྐབས་ང་ལ་རྩོམ་རིག་དང་གཞུང་ལུགས་ཀྱི་བཙན་ས་ཟིན་པའི་ལམ་བུ་དང་རང་ཉིད་ངོས་ཟིན་པའི་གཞུང་ལུགས་གྱི་གཏན་ཚིགས་དང་རྩོམ་རིག་ཉམས་ལེན་ཤེས་རབ་ལས་བརྒལ་མེད་ཀྱང་རུང་། མ་བརྒལ་བ་དེ་སྐུལ་འདེད་ཀྱི་ལམ་བུ་བཟུང་ནས་མ་འོངས་པར་ངས་ཕལ་བའི་མི་ཞིག་གིས་འཚོ་བའི་ཉམས་ལེན་ནི་གཞུང་ལུགས་དང་རྩོམ་རིག་ལམ་ཁ་གྱ་ནོམ་པ་བྱེད་དགོས། 

         ངས་རྩོམ་རིག་གི་ལམ་ཕྱོགས་ལ་རྙེད་དགོས་དོན་ནི། དེ་བཞིན་དུ་མེས་པོ་གོང་མ་རྣམས་ཀྱིས་རྩོམ་རིག་ལ་བཟུང་བའི་རྩོམ་རིག་གི་ལྟ་ཚུལ་ག་འདྲ་ཡོད་པ་དང་། རྩོམ་རིག་གྲུབ་འབྲས་དང་རྩོམ་རིག་ནི་གཏན་ཚིགས་ཤིག་གིས་གྲུབ་ཆ་ཤིག་དང་། ཤེས་རབ་གཅིག་གི་བྱ་ལས་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་པ་གཞུང་ལུགས་མང་དག་ཅིག་གསལ་གྱིན་ཡོད་པ་དེ་རེད། རྒྱུ་མཚན་དེའི་ཕྱིར་ངས་རྩོམ་རིག་གི་ལམ་བུ་རྙེད་དགོས་པའི་ཟུར་ཞིག་དེ་ན་ཡོད། ངས་རྩོམ་རིག་ལམ་ཕུག་ཅིག་དེ་ན་ཡོད། རྩོམ་རིག་ནི་མི་སེམས་ཀྱི་འཚོ་བ་དང་བྱ་དངོས་དག་ལ་ཉམས་ལེན་བྱེད་སྟངས་ཀྱི་གྲུབ་ཆ་ཆེ་ཤོས་ཞིག་དང་། རྩོམ་རིག་ནི་རང་ཉིད་ཀྱི་མི་ཚེ་རང་ཉིད་ཀྱིས་ངོས་ཟིན་བྱེད་ཀྱི་མེ་ལོང་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་ཡང་རང་ཉིད་ཀྱི་རྩོམ་རིག་དེ་ལ་བཟུང་བའི་བལྟ་ཚུལ་ཙམ་མ་ཡིན་པར། མིའི་རིགས་ཀྱི་རྩོམ་རིག་གི་གཞུང་ལུགས་ཡིན་ན་ཆོག གང་ཟག་སྒེར་རེ་རེ་བའི་རྩོམ་རིག་ལ་བལྟས་ན་ཆོག གང་ལྟར་རྩོམ་རིག་ནི་མི་སེམས་ཀྱི་ཚོར་བ་ལ་མེད་དུ་མི་རུང་བའི་བྱ་དངོས་ཤིག་ཡིན། དེ་བས་སྙན་ངག་འབྲི་བ་དང་རྩོམ་རིག་འབྲི་བ་ནི་ཕལ་བའི་མི་ཞིག་གིས་རང་སེམས་ཀྱི་འཚོ་བ་དག་ངོས་ཟིན་པའི་ཤེས་རབ་དག་མ་ཞིག་རེད། དེ་བཞིན་དུ་མིའི་རིགས་ཀྱི་སྐད་ཆ་ཡིན་ན་དེ་ནང་བཞིན་རེད། སྐད་ཆའི་ཉམས་མྱོང་དང་ཅིག སྐད་ཆའི་སྒྱུ་རྩལ་གྱི་ཉམས་འཇོག་སྟངས་བསམ་བློའི་དཔྱད་བཞི་ཤེས་རབ་ཀྱི་གདེང་ཚད་སོགས་རྒྱུ་རྐྱེན་མང་དག་ཚོགས་ནསབརྟེན་ནས་གྲུབ་ཀྱིན་ཡོད་པ་རེད། སྙན་ངག་འབྲི་མཁན་གྱི་གང་ཟག་སུ་དང་སུ་ཡིན་ན། འཇིག་རྟེན་གྱི་བྱ་དངོས་དེའི་རིན་ཐང་གི་ཐོག་ནས་ཚད་མ་འཇལ་བར་རང་ཉིད་ཀྱི་མི་ཚེའི་མྱོང་བ་བྱེད་པའམ་ཡང་ན་ཡིད་འགྱུར་བསམ་བློ་དྲང་པོ་ཡོང་དགོས་པ་དེ་རྩ་བའི་ཆ་ནས་སྙན་ངག་པ་ཞིག་གིས་མ་མཐའི་རིང་ལུགས་ཤིག་ཡིན་པར་སྙམ། དེ་བཞིན་དུ་སྙན་ངག་དང་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བའི་དར་རྒུད་ཀྱི་གྲིབ་ནས་བྱུང་བ་དང་། ལོ་ཟླ་དང་ནམ་ཟླ་དེའི་ཁྲོད་ཀྱི་ཁོར་ཡུག་གི་འགྱུར་ལྡོག་དང་འཚོ་བའི་སྣང་ཚུལ་ལ་བརྟེན་ནས་རང་ཉིད་ལ་བསམ་བློ་འདུ་འགོད་དང་བསམ་བློའི་བསྡུས་ཚད་མི་འདྲ་བ་འབྱུང་གི་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་བཤད་ཡོད་པ་དེ་རེད། ཁ་ཅིག་གིས་སྙན་ངག་བྲིས་ན་གོ་རྒྱུ་མེད་རབ་མང་ཙམ་ལབ་ཀྱིན་འདུག་ཡིནའང་། དྲང་མོར་བཤད་ན་དེ་དག་གིས་རང་སེམས་ཚོར་བ་ལ་ཉམས་ལེན་བྱེད་སྟངས་མི་ཤེས་པ་དང་། མིའི་འཚོ་བའི་འགྱུར་ལྡོག་དང་དུས་ཚོད་ཀྱི་དར་རྒུད་ཀྱི་སྣང་ཚུལ་འཇའ་ཤར་བ་བཞིན་དུ་འདའ་འགྲོ་བ་ལས་བཞིན་ཡོད་པ་མ་རེད། དེ་དག་གིས་རྩོམ་རིག་གི་སྙིང་པོ་ལེན་མ་ཤེས་པ་དང་། རྩོམ་རིག་ལ་དགའ་ཚད་མེད་པ་ཡིས་ཨེ་ཡིན་ནམ།  

            སྤྱིར་བཏང་ངས་སྙན་ངག་ཡག་པོ་ཞིག་འཁྱོང་མཁན་ཞིག་ཏུ་འགྱུར་བའི་རེ་བ་དང་ལང་ཕྱོགས་དེའི་མངོན་འགྱུར་ནི། ང་སྐུ་དྲག་ཆེན་པོའི་གོ་ས་ཞིག་དང་རང་ཉིད་མིའི་རིགས་ཀྱི་བླ་ན་མཐོ་བའི་མི་གྲལ་ལ་ཐོབ་པའི་རེ་སྨོན་དང་རང་ཉིད་ཀྱི་འཚོ་གནས་ཆེན་པོ་ཞིག་ཐོབ་དོན་སོགས་གང་ཡང་མ་ཡིན། རང་ཉིད་ཀྱི་རང་སེམས་སྐྱིད་གླུ་ལེན་བྱེད་ཀྱི་གླུ་གཞས་གཉོམ་པོ་ཞིག་དང་། སྐྱོ་སྣང་དང་ངལ་དུབ་སེལ་བྱེད་ཁ་དབུགས་ཤིག་དང་། རྣམ་ཤེས་ཀྱི་རྩ་ལག་གསོ་བྱེད་ཐོབ་པ་དེའི་ཆེད་དུ་ཡིན། དེའི་དོན་དུ་ཡིན། ང་ལ་དེ་ལྟ་བུ་རྩོམ་རིག་གི་རྨི་ལམ་ཡོད། ལངས་ཕྱོགས་ཡོད། བག་ཆགས་ཡོད། རྨི་ལམ་དང་ལངས་ཕྱོགས་བག་ཆགས་དེའི་གྲིབ་ནས་ངས་དགའ་སྐྱོ་དང་དྲན་གདུང་ཚང་མ་རང་ཐོག་ཏུ་ལེན་ནས་མི་སེམས་ཀྱི་ཚོར་བ་སྒྱུ་འཕྲུལ་ཞིག་བཞེངས། རྟོག་འགྱུ་ཞིག་བརྩམས། དེ་ནི་ང་ལ་ཡོད་པའི་རྩོམ་རིག་གི་བསམ་བློ་སྤར་གང་ཡིན། དེ་ནི་ང་ཡོད་པའི་སྙན་ངག་གི་ལམ་ཕྲན་ཆུང་ཆུང་དེ་ཡིན། སྙན་ངག་གིས་ཁྱེད་ཅག་ལ་སུན་སྣང་སྟེར་སྲིད་ན་ཐང་། ངའི་སྙན་ངག་གི་ལམ་བུ་དང་ལངས་ཕྱོགས་ལ་འགྱུར་ལྡོག་གཏོང་མི་སྲིད།  དེ་ནི་ངས་སྙན་ངག་ལ་བཅང་བའི་མཛའ་བརྩེ་ཡིན། དེ་ནི་ངས་སྙན་ངག་འཇོག་པའི་བག་ཆགས་རི་རབ་དེ་ཡིན། དེ་ནི་ངའི་མི་ཚེ་དང་འབྲེལ་བའི་ཟུར་ཞིག་ཡིན། 
                             རྩོམ་སྒྲིག་པ། འཕགས་མི།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease